Nitartha Digital Library
Tibetan
 
previousཟབ་ལམ་ཐུགས་རྗེ་ཆེན་པོའི་བུམ་སྒྲུབ།next

ཟབ་ལམ་ཐུགས་རྗེ་ཆེན་པོའི་བུམ་སྒྲུབ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཟབ་ལམ་ཐུགས་རྗེ་ཆེན་པོའི་བུམ་སྒྲུབ་བཞུགས༔ དཔལ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ ཟབ་ལམ་གསང་སྒྲུབ་རིམ་པ་ལས༔ སྐྱེ་བདུན་ཤ་རིལ་སྒྲུབ་ཐབས་ཤིག༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་དོན་དུ་ཡི་གེར་འདེབས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཞན་དོན་འགྲོ་ལ་སེམས་བསྐྱེད་ནས༔ སྐྱེ་བདུན་ཤ་རིལ་བསྒྲུབ་འདོད་པས༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི༔ རིམ་པར་ཕྱེའོ་ཉམས་སུ་ལོངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྔོན་འགྲོ་ཐུན་མོང་ཁྱད་པར་གཉིས༔ ཐུན་མོང་དག་གི་སྔོན་འགྲོ་ནི༔ སྒྲུབ་པའི་ཁོག་དབུབ་གཞན་བཞིན་ལས༔ གསང་སྒྲུབ་དཀྱིལ་འཁོར་ལག་ལེན་སྤྲད༔ ཁྱད་པར་དག་གི་སྔོན་འགྲོ་ནི༔ མཚན་ཉིད་ལྡན་པའི་བུམ་པ་ལ༔ གུ་གུལ་བདུག་ཅིང་ཐུན་གྱིས་བྲབ༔ རིགས་ལྔའི་ཕྱག་མཚན་བྲིས་པའི་དཀྱིལ༔ ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ མུཾ་ལཾ་མཾ་པཾ་ཏཾ༔ ས་བོན་ཡིག་འབྲུ་ཟུང་འཇུག་འགོད༔ མགུལ་ཆིངས་རྒྱན་ཞིང་པྲོག་ཞུ་བསྐྱོན༔ མཚན་ལྡན་བུམ་པ་དེ་ཡི་ནང་༔ སྐྱེ་བདུན་ཤ་རིལ་ཨཱཿཐམ་མ༔ གཙོ་བོར་བསགས་ཤིང་དེ་ཡི་སྐྱོབས༔ ཨ་བར་སྐྱུར་གསུམ་སླེ་ཏྲེས་དང་༔ མ་ནུ་དང་བཅས་སྨན་མཆོག་ལྔ༔ ནས་འབྲས་གྲོ་དང་སོ་བ་དང་༔ སྲན་མ་དང་བཅས་འབྲུ་སྣ་ལྔ༔ ཙན་དན་ག་པུར་གླ་རྩི་དང་༔ ཛ་ཏི་གུར་གུམ་དྲི་བཟང་ལྔ༔ བུ་རམ་སྦྲང་རྩི་འོ་མ་མར༔ ལན་ཚྭ་དང་བཅས་སྙིང་པོ་ལྔ༔ གསེར་དངུལ་གཡུ་དང་མུ་ཏིག་དང་༔ བྱི་རུ་དང་བཅས་རིན་ཆེན་ལྔ༔ ལྔ་ལྔ་ཉེར་ལྔའི་བུམ་རྫས་དང་༔ སྲིད་པའི་བྱང་སེམས་དཀར་དམར་རིགས༔ སྣ་མང་བསགས་ཤིང་སྐྱོབས་སུ་སྦྱར༔ འབྲས་ཀྱི་ཕྱེ་དང་སུམ་བསྲེས་སྦྱོར༔ ཁྱེའུ་ཕོ་མོ་རིགས་བཟང་གིས༔ རིན་ཆེན་སྣོད་དུ་གཙང་ཆབ་བླངས༔ རིལ་བུ་སྲན་མ་ཙམ་དུ་བསྒྲིལ༔ མཚལ་ལམ་དམར་པོའི་ན་བཟའ་གསོལ༔ བུམ་པར་བླུགས་ཤིང་གཟུངས་ཐག་གདགས༔ དཀྱིལ་འཁོར་དབུས་སུ་ལེགས་པར་དགོད༔ སྨན་རཀ་གཏོར་གསུམ་བཀའ་སྲུང་གི༔ བཤོས་བུ་རྣམས་ཀྱང་བཟང་དུ་བཤམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྒྲུབ་པའི་དངོས་གཞི་ནི༔ དམ་ལྡན་རྣལ་འབྱོར་ཕོ་མོ་རྣམས༔ ཞལ་བཀོད་གདབ་ཅིང་གྲལ་དུ་འཁོད༔ ལས་བྱང་གཞུང་བསྲང་འཛབ་བསྙེན་བསྐུལ༔ བདག་མདུན་རྫས་མཆོག་རིལ་བུ་རྣམས༔ ཟབ་ལམ་གསང་འདུས་སྐུ་རུ་བསྒོམ༔ བདག་བསྐྱེད་ལྷ་ཡི་ཐུགས་ཀ་ནས༔ སྔགས་ཕྲེང་གཟུངས་ཀྱི་ཐག་པར་ཞོན༔ མར་མེ་གཅིག་ལས་གཉིས་ཆད་ལྟར༔ འདུན་བསྐྱེད་ལྷ་ཡི་ཐུགས་ཀར་ཕོག༔ ཐུགས་དམ་རྒྱུད་བསྐུལ་འོད་དང་ཟེར༔ འཁོར་འདས་ཕྱོགས་བཅུ་སྟེང་འོག་ཁྱབ༔ རིགས་དྲུག་སེམས་ཅན་ལས་སྒྲིབ་སྦྱངས༔ རྒྱལ་བ་རྣམས་ལ་མཉེས་མཆོད་ཕུལ༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི༔ བྱིན་རླབས་ནུས་མཐུ་འོད་ཀྱིས་བསྡུས༔ བདག་མདུན་སྒྲུབ་རྫས་རྣམས་ལ་ཐིམ༔ ཐུགས་རྗེའི་སྟོབས་ཀྱིས་ཕྱི་སྣོད་ཞིང་༔ ནང་བཅུད་སྤྱན་རས་གཟིགས་ཀྱི་སྐུ༔ སྒྲ་གྲག་འཕགས་མཆོག་ཐུགས་རྗེའི་གསུང་༔ དྲན་རྟོག་སྐྱེ་འགག་གཉིས་མེད་ཐུགས༔ ཡེ་ནས་འཕགས་མཆོག་སྤྱན་རས་གཟིགས༔ འདུ་འབྲལ་མེད་པའི་ཕོ་བྲང་དུ༔ གཉིས་སུ་མེད་པར་བྱིན་རླབས་ཤིང་༔ སྐད་ཅིག་ཉིད་ལ་མཆོག་ཐུན་ཀུན༔ མ་ལུས་ཐོབ་པའི་འདུན་པ་ཡི༔ རྩེ་གཅིག་ངང་ནས་འཛབ་འདི་བགྲང་༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་བྷུདྡྷ་ཛྙཱ་ན་གྷུ་རུ་དྷེ་ཝ་དྷཀྐི་ནི་ཙིཏྟ་ཧྲིང་ཧྲིང་ཛཿཛཿསརྦ་སིདྡྷི་ཧཱུྃ༔ ཨཱོཾ་ཨ་ར་པ་ཙ་མི་ཏ་ཧྲཱིཿད་ཡ་སྭཱ་ཧཱ༔ དེ་ལྟར་མ་ཡེངས་ཏིང་འཛིན་ངང་༔ འཛབ་བསྙེན་བགྲང་ཞིང་ཐུན་མཚམས་སུ༔ མཆོད་བསྟོད་བྱ་ཞིང་བཟླས་པ་བསྐུལ༔ ཐུན་དུ་གཅོད་ཅིང་ཞག་བདུན་བསྙེན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཚེ་རྟགས་ཀྱི་རིམ་པ་ནི༔ དངོས་ཉམས་རྨི་ལམ་ལ་སོགས་ལ༔ ཞལ་མཇལ་གསུང་ཐོས་དྲི་བཟང་འཐུལ༔ རིལ་བུ་འཕེལ་ཞིང་འཕུར་བ་དང་༔ དབྱིངས་ནས་འཛབ་ཀྱི་སྒྲ་གྲག་ཅིང་༔ འོད་འཁྱུག་འཇའ་འཛུག་བཀྲག་མདངས་ལྡན༔ སྨན་རཀ་གཏོར་མར་རླངས་པ་འཕྲོ༔ རྨི་ལམ་ཉི་ཟླ་ཤར་བ་དང་༔ མཁའ་ལ་འཕུར་དང་རོལ་མོ་འཁྲོལ༔ ཁྲུས་བྱས་མེ་ཏོག་གླིང་ཕྱིན་དང་༔ ཤེལ་གྱི་མཆོད་རྟེན་དུང་དཀར་རྙེད༔ དེ་ཚེ་བསྙེན་སྒྲུབ་ཐེམས་པའི་རྟགས༔ ཁོག་འབུབ་བཞིན་དུ་རྗེས་བསྐྱང་ངོ་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་བསྒྲུབ་པའི་ཤ་རི་དེ༔ སུ་ཡི་ལྟོར་སོང་འགྲོ་བ་ཡང་༔ ངན་སོང་གསུམ་གྱི་སྒོ་ཁེགས་ཤིང་༔ བླ་མེད་བྱང་ཆུབ་ས་ལ་རེག༔ རི་བོའི་རྩེ་དང་ཚོང་འདུས་དཀྱིལ༔ ཆུ་བོའི་གཞུང་དང་གནས་གཞིའི་ནང་༔ གཅན་གཟན་འགྲིམ་པའི་སྒང་དག་དང་༔ ཉ་སྲམ་འཚོག་པའི་མཚོ་རྣམས་དང་༔ དུད་པ་ཅན་གྱི་མེ་ལ་སོགས༔ ལས་ལ་སྦྱོར་ཞིང་སེམས་བསྐྱེད་ན༔ འགྲོ་བ་གང་དག་སེམས་ཅན་རྣམས༔ དྲི་ཚོར་གྲིབ་མས་འགོམ་པའམ༔ མྱངས་དང་བཀྲུས་དང་བཏུངས་ཀྱང་རུང་༔ གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་བདག་འདྲ་པདྨ་འབྱུང་༔ རི་བོ་ཏ་ལའི་དབང་ཕུག་ཏུ༔ འཕགས་པ་སྤྱན་རས་གཟིགས་དབང་གི༔ སྒྲུབ་ཐབས་རྒྱུད་སྡེ་ཁྲི་ཕྲག་གི༔ བཀའ་བབས་ལུང་བསྟན་རྗེས་གནང་ཐོབ༔ དེ་ཕྱིར་ཟབ་མོའི་སྒྲུབ་ཐབས་འདི༔ སྐལ་ལྡན་བུད་མེད་ལྔ་ལ་གདམས༔ ཕྱི་རབས་དོན་དུ་གཏེར་དུ་སྦས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པའི་གཏེར་མའོ།། །།


previousཟབ་ལམ་ཐུགས་རྗེ་ཆེན་པོའི་བུམ་སྒྲུབ།next