Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བརྒྱད་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
ཟབ་ལམ་ཐུགས་རྗེ་ཆེན་པོའི་སྒོ་ནས་གཤིན་པོ་རྗེས་འཛིན།
   
   
   
   
   
   
   
  expand section
  expand section
  expand section
  expand section


 
previousཟབ་ལམ་ཐུགས་རྗེ་ཆེན་པོའི་སྒོ་ནས་གཤིན་པོ་རྗེས་འཛིན།next

ཟབ་ལམ་ཐུགས་རྗེ་ཆེན་པོའི་སྒོ་ནས་གཤིན་པོ་རྗེས་འཛིན།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཟབ་ལམ་ཐུགས་རྗེ་ཆེན་པོའི་སྒོ་ནས་གཤིན་པོ་རྗེས་འཛིན་བཞུགས༔ དཔལ་ཆེན་པོ་ལ་ཕྱག་འཚལ་ལོ༔ ཟབ་ལམ་ཐུགས་རྗེ་ཆེན་པོ་ཡིས༔ གཤིན་པོ་རྗེས་སུ་འཛིན་པའི་ཐབས༔ རིགས་དྲུག་གནས་བསྒྲལ་ཆོ་ག་ཞིག༔ ཤོག་སེར་ལོགས་ལ་ཟིན་བྲིས་འདེབས༔ མ་འོངས་འགྲོ་དོན་མཐར་ཕྱིན་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཟབ་ལམ་ཐུགས་རྗེ་ཆེན་པོའི་འཕྲིན་ལས་ཀྱི་སྒོ་ནས་གཤིན་པོ་གནས་དྲུག་བསྒྲལ་བའི་ཆོ་ག་འདི་དོན་གསུམ་གྱིས་སྟོན་ཏེ༔ སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྔོན་དུ་འགྲོ་བ་ནི༔ འཕྲིན་ལས་གཞུང་བསྲང་༔ བསྙེན་པ་བརྒྱ་སྟོང་གིས་ཁ་གསོ༔ རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོར་ལམ་གྱིས་བསྒོམ་པའི་མདུན་དུ་དམིགས་བྱའི་གཟུགས་བརྙན་ཤོག་བུ་གྲོ་ག་དར་སོགས་ལ་སྐྱེ་མཆེད་དོད་པར་བྲིས་པ་དེ༔ སྐད་ཅིག་གིས་གཤིན་པོ་དངོས་སུ་བསམས་ཤིང་༔ སྙིང་གའི་ཡི་གེ་ནྲི་སེམས་ཀྱི་རྟེན༔ མིང་བྲིས་པ་ངག་གི་རྟེན༔ མེ་ལོང་དང་སྙིང་ནོར་བཞག་པ་སེམས་ཀྱི་རྟེན༔ འདོད་ཡོན་གྱི་དར་ཟབ་གོས་ཕྲུག་བཟའ་བཏུང་རྣམས་བཀྲམ་པ་སྒོ་གསུམ་དབྱེར་མེད་ཀྱི་རྟེན་དུ་བསམས་ལ༔ ལྕགས་ཀྱུའི་ཕྱག་རྒྱ་བྱ༔ རྩ་བ་གསུམ་གྱི་ལྷ་ཚོགས་ཀྱི་བདེན་སྟོབས་བརྗོད་པས༔ ཚེ་འདས་སྲིད་པ་གསུམ་ལམ་རྒྱུད་ལྔ་འགྲོ་བ་རིགས་དྲུག་གང་དུ་གནས་ཀྱང་སྐད་ཅིག་རང་དབང་མེད་པར་བཀུག་སྟེ༔ མདུན་གྱི་གཟུགས་ལ་གཉིས་སུ་མེད་པར་བསམས་ཤིང་༔ ཛཿཧཱུྃ་བཾ་ཧོ༔ སྔགས་ཀྱིས་བསྟིམ༔ ངག་ནས་ཀྱང་འདི་ལྟར་བརྗོད་དོ༔ ཧཱུྃ༔ ང་ནི་བྱམས་མགོན་འགྲོ་བའི་སྐྱབས༔ ཟབ་ལམ་གསང་བའི་ཐུགས་ཀ་ནས༔ སྙིང་རྗེ་ཆེན་པོའི་འོད་ཟེར་འཕྲོས༔ ཚེ་འདས་ཁམས་གསུམ་ལམ་རྒྱུད་ལྔ༔ རིགས་དྲུག་འཁོར་བ་གར་གནས་ཀྱང་༔ སྐད་ཅིག་ཉིད་ལ་འདིར་ཁུག་ཅིག༔ ཞེས་བརྗོད་བསྐྱེད་རིམ་གསལ་ཞིང་༔ ཧཱུྃ༔ སྟོང་ཉིད་དབྱིངས་ལས་རང་ཤར་བའི༔ སྙིང་རྗེ་ཆེན་པོའི་སྐུར་བཞེངས་པ༔ བྱང་ཆུབ་མཆོག་གི་ལྷ་ཆེན་པོ༔ ཉོན་མོངས་བདུད་སྡེ་འདུལ་བའི་སྐུ༔ དབང་ཆེན་འབར་བའི་ཆོ་འཕྲུལ་གྱིས༔ ཐར་བའི་ལམ་ལ་འཚེ་བྱེད་བདུད༔ ཟ་འདྲེ་སྲོག་གཅོད་རྡུལ་དུ་རློགས༔ ཞེས་བརྗོད་ཧྱ་གྷྲཱི་ཝའི་སྔགས་དང་སུམ་བྷ་ནིས་བསྐྲད༔ གུ་གུལ་བདུག༔ ཡུངས་ཀར་གྱིས་བྲབ་བོ༔ དེ་ནས་བསྐྱེད་རིམ་གསལ་ལ་སྙིང་རྗེ་དྲག་པོ་བསྐྱེད་ཅིང་༔ ཚེ་འདས་ལ་ངོ་སྤྲོད་གདབ་པ་ནི༔ ཧཱུྃ༔ མ་ཡེངས་མ་འཁྲུལ་རིགས་ཀྱི་བུ༔ གདོད་ནས་དག་པའི་རང་སེམས་འདི༔ ཐུགས་རྗེ་ཆེན་པོར་མ་རྟོགས་ཤིང་༔ རིགས་དྲུག་འཁོར་བ་འདིར་འཁྱམས་ཏེ༔ ལས་དྲུག་སྡུག་བསྔལ་དུཿཁ་རྒྱུད༔ དལ་འབྱོར་མི་ཡི་ལུས་རྙེད་ཀྱང་༔ མི་ཚེ་སྟོང་ཟད་དགེ་མ་བསྒྲུབས༔ འཆི་བ་འོང་སྙམ་མེད་ན་ཡང་༔ གཤིན་རྗེའི་ཞགས་པས་དེ་རིང་ཟིན༔ བསགས་པ་ཐམས་ཅད་ཤུལ་དུ་བཞག༔ རྣམ་སྨིན་ཐམས་ཅད་རང་དང་འགྲོག༔ གཉེན་བཤེས་ནོར་རྫས་ཀུན་དང་བྲལ༔ གཅིག་པུར་དངས་སྐྲག་བར་དོར་འཁྱམ༔ རྒྱུ་དྲུག་འཁྲུལ་སྣང་རླུང་གིས་སྤྱོད༔ ཀྱེ་མ་འདུས་བྱས་མི་རྟག་ཆོས༔ འཁོར་བ་གང་དུའང་བདེ་མེད་པས༔ མ་ཆགས་ཐུགས་རྗེ་ཆེན་པོ་སྒོམས༔ མ་འཁྲུལ་བླ་མའི་གདམས་པ་ཉོན༔ མ་ཡེངས་ལུས་ངག་རྣལ་དུ་ཕོབ༔ དྲི་གོས་མཚན་བྱང་གཟུགས་ཀྱི་རྟེན༔ མིང་ཡིག་བྱང་བུ་ངག་གི་རྟེན༔ མེ་ལོང་གསལ་བ་ཡིད་ཀྱི་རྟེན༔ མཁོ་དགུའི་ལོངས་སྤྱོད་བཅལ་དུ་བཀྲམ༔ བཟའ་བཏུང་འདོད་ཡོན་མཚོ་ལྟར་སྐྱིལ༔ ཏིང་འཛིན་སྔགས་ཀྱིས་བྱིན་གྱིས་བརླབས༔ བླ་རྟེན་འདི་ལ་གནས་ཆོས་ཤིག༔ ཅེས་བརྗོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ནི༔ བྱང་བུ་དམྱལ་བའི་ས་བོན་ཚོམ་བུའི་དབུས་སུ་བཞག་ཅིང་༔ ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཡུལ་འདི་ངན་སོང་དམྱལ་བའི་ཡུལ༔ ས་འདི་བཙོ་སྲེག་ན་རཀ་གྲོང་༔ གླིང་འདི་ཚ་གྲང་དམྱལ་བའི་གླིང་༔ ཞེ་སྡང་ལས་ཀྱི་རྒྱུ་ལས་བྱུང་༔ ཞེ་སྡང་སྡུག་བསྔལ་སྦྱོང་བའི་ལྷ༔ ཐུགས་རྗེ་ཆེན་པོ་ཆོས་ཀྱི་རྒྱལ༔ སྡུག་བསྔལ་སྦྱོང་བའི་གསོལ་བ་ཐོབ༔ དབང་བསྐུར་ཏེ༔ ཧཱུྃ༔ དམྱལ་བའི་སྟོན་པ་དམྱལ་བའི་མགོན༔ མཚན་དང་དཔེ་བྱད་འབར་བའི་སྐུ༔ སྨུག་ནག་ལྷུང་བཟེད་འཁར་གསིལ་བསྣམས༔ ཚེ་འདས་འདི་ལ་དབང་བསྐུར་བས༔ ཚ་གྲང་སྡུག་བསྔལ་ཀུན་ལས་སྒྲོལ༔ དམྱལ་བའི་སྐྱེ་སྒོ་ཆོད་པར་ཤོག༔ ཨོཾ་ཨ༔ ཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ དུ་སརྦ་ན་ར་ཀ་ཧེ་དུ་ཧཱུྃ་སྭཱ་ཧཱ༔ ས་ལ་དུག་དབྱུང་བ་ནི༔ ཧཱུྃ༔ ཞེ་སྡང་ལས་འདི་མ་རིག་དུག༔ ཞེ་སྡང་དུག་གི་ཕ་ཡང་ས༔ ཞེ་སྡང་དུག་གི་མ་ཡང་ས༔ ཞེ་སྡང་དུག་འདི་ས་ལ་ཐིམས༔ ཞེ་སྡང་རྡོ་རྗེས་ཞེ་སྡང་འཇོམས༔ ཞེ་སྡང་དུག་ནི་དུག་མེད་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ སརྦ་ན་ར་ཀ་ཧ་ན་ཧ་ན་ཡེ་སྭཱ་ཧཱ༔ ཁྲུས་ཀྱིས་བཀྲུ་ཞིང་༔ ཧཱུྃ༔ ཁྲུས་མཆོག་དམ་པ་བཟོད་པའི་ཆུ༔ ཁོང་ཁྲོའི་སྡིག་སྒྲིབ་སྦྱོང་བའི་ཕྱིར༔ བཟོད་པའི་ཆུ་ཡིས་ལེགས་བཀྲུས་པས༔ ཁོང་ཁྲོའི་སྡིག་སྒྲིབ་དག་གྱུར་ཅིག༔ རྩ་སྔགས་ཀྱི་མཇུག་ཏུ༔ སརྦ་ན་ར་ཀ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ལན་ཆགས་སྦྱང་བ་ནི༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ ཞེ་སྡང་ལས་ཀྱིས་བསགས་པ་ཡི༔ ཚེ་འདས་ལན་ཆགས་སྦྱང་ཕྱིར་བསྔོ༔ ལས་ཀྱི་ལན་ཆགས་བྲལ་བར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ སརྦ་ན་ར་ཀ་གྷྲི་ཧ་ན་བྷ་ལིངྟེ་སྭཱ་ཧཱ༔ མིང་བྱང་ཡི་དྭགས་ས་བོན་ཚོམ་བུའི་དཀྱིལ་དུ་འགོད་དེ༔ ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཡུལ་འདི་ངན་སོང་ཡི་དྭགས་ཡུལ༔ ས་འདི་པྲེ་ཏ་ཡི་དྭགས་གྲོང་༔ གླིང་འདི་བཀྲེས་སྐོམ་ཡི་དྭགས་གླིང་༔ འདོད་ཆགས་ལས་ཀྱི་རྒྱུ་ལས་བྱུང་༔ འདོད་ཆགས་སྡུག་བསྔལ་སྦྱོང་བའི་ལྷ༔ བཅོམ་ལྡན་ཡི་དྭགས་ཐུབ་པ་ལ༔ སྡུག་བསྔལ་སྦྱོང་བའི་གསོལ་བ་ཐོབ༔ དབང་སྐུར་ཏེ༔ ཧཱུྃ༔ ཡི་དྭགས་སྟོན་པ་ཡི་དྭགས་མགོན༔ མཚན་དང་དཔེ་བྱད་འབར་བའི་སྐུ༔ དམར་སྐྱ་ལྷུང་བཟེད་འཁར་གསིལ་བསྣམས༔ ཚེ་འདས་འདི་ལ་དབང་བསྐུར་བས༔ བཀྲེས་སྐོམ་སྡུག་བསྔལ་ཀུན་ལས་སྒྲོལ༔ ཡི་དྭགས་སྐྱེ་སྒོ་ཆོད་པར་ཤོག༔ སརྦ་པྲེ་ཏ་ཀ་ཧེ་དུ་ཧཱུྃ་སྭཱ་ཧཱ༔ ས་ལ་དུག་དབྱུང་བ་ནི༔ ཧཱུྃ༔ འདོད་ཆགས་ལས་འདི་མ་རིག་དུག༔ འདོད་ཆགས་དུག་གི་ཕ་ཡང་ས༔ འདོད་ཆགས་དུག་གི་མ་ཡང་ས༔ འདོད་ཆགས་དུག་འདི་ས་ལ་ཐིམ༔ འདོད་ཆགས་རྡོ་རྗེས་འདོད་ཆགས་འཇོམས༔ འདོད་ཆགས་དུག་ནི་དུག་མེད་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ སརྦ་པྲེ་ཏ་ཀ་ཧ་ན་ཧ་ན་ཡེ་སྭཱ་ཧཱ༔ ཁྲུས་ཀྱིས་བཀྲུ་ཞིང་༔ ཧཱུྃ༔ ཁྲུས་མཆོག་དམ་པ་སྦྱིན་པའི་ཆུ༔ སེར་སྣའི་སྡིག་སྒྲིབ་སྦྱོང་བའི་ཕྱིར༔ སྦྱིན་པའི་ཆུ་ཡིས་ལེགས་བཀྲུས་པས༔ སེར་སྣའི་སྡིག་སྒྲིབ་དག་གྱུར་ཅིག༔ རྩ་སྔགས་ཀྱི་མཇུག་ཏུ༔ སརྦ་པྲེ་ཏ་ཀ་ཤུདྡྷེ་ཤུདྡྷེ་ཡ་སྭཱ་ཧཱ༔ ལན་ཆགས་སྦྱོང་བ་ནི༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ འདོད་ཆགས་ལས་ཀྱིས་བསགས་པ་ཡི༔ ཚེ་འདས་ལན་ཆགས་སྦྱོང་ཕྱིར་བསྔོ༔ ལས་ཀྱི་ལན་ཆགས་བྲལ་བར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ སརྦ་པྲེ་ཏ་ཀ་གྷྲི་ཧ་ན་བྷ་ལིངྟ་སྭཱ་ཧཱ༔ མིང་བྱང་དུད་འགྲོའི་ས་བོན་ཚོམ་བུའི་དཀྱིལ་དུ་འགོད་དེ༔ ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཡུལ་འདི་ངན་སོང་དུད་འགྲོའི་ཡུལ༔ ས་འདི་ཏིརྱ་དུད་འགྲོའི་གྲོང་༔ གླིང་འདི་གཏི་མུག་དུད་འགྲོའི་གླིང་༔ གཏི་མུག་ལས་ཀྱི་རྒྱུ་ལས་བྱུང་༔ གཏི་མུག་སྡུག་བསྔལ་སྦྱོང་བའི་ལྷ༔ བཅོམ་ལྡན་དུད་འགྲོའི་ཐུབ་པ་ལ༔ སྡུག་བསྔལ་སྦྱོང་བའི་གསོལ་བ་ཐོབ༔ དབང་བསྐུར་སྟེ༔ ཧཱུྃ༔ དུད་འགྲོའི་སྟོན་པ་དུད་འགྲོའི་མགོན༔ མཚན་དང་དཔེ་བྱད་འབར་བའི་སྐུ༔ མཐིང་ནག་ལྷུང་བཟེད་འཁར་གསིལ་བསྣམས༔ ཚེ་འདས་འདི་ལ་དབང་བསྐུར་བས༔ གླེན་ལྐུག་སྡུག་བསྔལ་ཀུན་ལས་སྒྲོལ༔ དུད་འགྲོའི་སྐྱེ་སྒོ་ཆོད་པར་ཤོག༔ སརྦ་ཏིརྱ་ཀ་ཧེ་དུ་ཧཱུྃ་སྭཱ་ཧཱ༔ ས་ལ་དུག་དབྱུང་བ་ནི༔ ཧཱུྃ༔ གཏི་མུག་ལས་འདི་མ་རིག་དུག༔ གཏི་མུག་དུག་གི་ཕ་ཡང་ས༔ གཏི་མུག་དུག་གི་མ་ཡང་ས༔ གཏི་མུག་དུག་འདི་ས་ལ་ཐིམ༔ གཏི་མུག་རྡོ་རྗེས་གཏི་མུག་འཇོམས༔ གཏི་མུག་དུག་ནི་དུག་མེད་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ སརྦ་ཏིརྱ་ཀ་ཧ་ན་ཧ་ན་ཡེ་སྭཱ་ཧཱ༔ ཁྲུས་ཀྱིས་བཀྲུ་ཞིང་༔ ཧཱུྃ༔ ཁྲུས་མཆོག་དམ་པ་ཤེས་རབ་ཆུ༔ གཏི་མུག་སྡིག་སྒྲིབ་སྦྱོང་བའི་ཕྱིར༔ ཤེས་རབ་ཆུ་ཡིས་ལེགས་བཀྲུས་པས༔ གཏི་མུག་སྡིག་སྒྲིབ་དག་གྱུར་ཅིག༔ རྩ་སྔགས་ཀྱི་མཇུག་ཏུ༔ སརྦ་ཏིརྱ་ཀ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ལན་ཆགས་སྦྱོང་བ་ནི༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ གཏི་མུག་ལས་ཀྱིས་བསགས་པ་ཡི༔ ཚེ་འདས་ལན་ཆགས་སྦྱོང་ཕྱིར་བསྔོ༔ ལས་ཀྱི་ལན་ཆགས་བྲལ་བར་ཤོག༔ རྩ་སྔགས་མཇུག་ཏུ༔ སརྦ་ཏིརྱ་ཀ་གྷྲི་ཧ་ན་བྷ་ལིངྟ་སྭཱ་ཧཱ༔ མིང་བྱང་ལྷ་མིན་ས་བོན་ཚོམ་བུའི་དཀྱིལ་དུ་འགོད་དེ༔ ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཡུལ་འདི་འཁོར་བ་ལྷ་མིན་ཡུལ༔ ས་འདི་གདུག་རྩུབ་ལྷ་མིན་གྲོང་༔ གླིང་འདི་འཐབ་རྩོད་ལྷ་མིན་གླིང་༔ ཕྲག་དོག་ལས་ཀྱི་རྒྱུ་ལས་བྱུང་༔ ཕྲག་དོག་སྡུག་བསྔལ་སྦྱོང་བའི་ལྷ༔ བཅོམ་ལྡན་ལྷ་མིན་ཐུབ་པ་ལ༔ སྡུག་བསྔལ་སྦྱོང་བའི་གསོལ་བ་ཐོབ༔ དབང་བསྐུར་ཏེ༔ ཧཱུྃ༔ ལྷ་མིན་སྟོན་པ་ལྷ་མིན་མགོན༔ མཚན་དང་དཔེ་བྱད་འབར་བའི་སྐུ༔ ལྗང་ནག་ལྷུང་བཟེད་འཁར་གསིལ་བསྣམས༔ ཚེ་འདས་འདི་ལ་དབང་བསྐུར་བས༔ འཐབ་རྩོད་སྡུག་བསྔལ་ཀུན་ལས་སྒྲོལ༔ ལྷ་མིན་སྐྱེ་སྒོ་ཆོད་པར་ཤོག༔ སུ་སརྦ་དུ་ལ་སརྦ་ཀརྨ་ཡེ་ཧཱུྃ་སྭཱ་ཧཱ༔ ས་ལ་དུག་དབྱུང་བ་ནི༔ ཧཱུྃ༔ ཕྲག་དོག་ལས་འདི་མ་རིག་དུག༔ ཕྲག་དོག་དུག་གི་ཕ་ཡང་ས༔ ཕྲག་དོག་དུག་གི་མ་ཡང་ས༔ ཕྲག་དོག་དུག་འདི་ས་ལ་ཐིམ༔ ཕྲག་དོག་རྡོ་རྗེས་ཕྲག་དོག་འཇོམས༔ ཕྲག་དོག་དུག་ནི་དུག་མེད་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ སུ་སརྦ་དུ་ལ་སརྦ་ཀརྨ་ཧ་ན་ཧ་ན་ཡེ་སྭཱ་ཧཱ༔ ཁྲུས་ཀྱིས་བཀྲུ་ཞིང་༔ ཧཱུྃ༔ ཁྲུས་མཆོག་དམ་པ་ཚུལ་ཁྲིམས་ཆུ༔ ཕྲག་དོག་དྲི་མ་སྦྱོང་བའི་ཕྱིར༔ ཚུལ་ཁྲིམས་ཆུ་ཡིས་ལེགས་བཀྲུས་པས༔ འཆལ་བའི་སྡིག་སྒྲིབ་དག་གྱུར་ཅིག༔ རྩ་སྔགས་ཀྱི་མཇུག་ཏུ༔ སུ་སརྦ་དུ་ལ་སརྦ་ཀརྨ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ལན་ཆགས་སྦྱོང་བ་ནི༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ ཕྲག་དོག་ལས་ཀྱིས་བསགས་པ་ཡི༔ ཚེ་འདས་ལན་ཆགས་སྦྱོང་ཕྱིར་བསྔོ༔ ལས་ཀྱི་ལན་ཆགས་བྲལ་བར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ སུ་སརྦ་དུ་ལ་སརྦ་ཀརྨ་གྷྲི་ཧ་ན་བྷ་ལིང་ཏེ་སྭཱ་ཧཱ༔ མིང་བྱང་ལྷའི་ས་བོན་ཚོམ་བུའི་དཀྱིལ་དུ་འགོད་དེ༔ ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཡུལ་འདི་འཁོར་བ་ལྷ་ཡི་ཡུལ༔ ས་འདི་འདོད་ཁམས་འཁོར་བའི་གྲོང་༔ གླིང་འདི་འཆི་འཕོ་ལྟུང་བའི་གླིང་༔ ང་རྒྱལ་ལས་ཀྱི་རྒྱུ་ལས་བྱུང་༔ ང་རྒྱལ་སྡུག་བསྔལ་སྦྱོང་བའི་ལྷ༔ བཅོམ་ལྡན་ལྷ་ཡི་ཐུབ་པ་ལ༔ སྡུག་བསྔལ་སྦྱོང་བའི་གསོལ་བ་ཐོབ༔ དབང་བསྐུར་ཏེ༔ ཧཱུྃ༔ ལྷ་ཡི་སྟོན་པ་ལྷ་ཡི་མགོན༔ མཚན་དང་དཔེ་བྱད་འབར་བའི་སྐུ༔ དཀར་སྐྱ་ལྷུང་བཟེད་འཁར་གསིལ་བསྣམས༔ ཚེ་འདས་འདི་ལ་དབང་བསྐུར་བས༔ ཕམ་ལྟུང་སྡུག་བསྔལ་ཀུན་ལས་སྒྲོལ༔ ལྷ་ཡི་སྐྱེ་སྒོ་ཆོད་པར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ ཨ་སརྦ་དྷེ་ཝ་ཡེ་སྭཱ་ཧཱ༔ ས་ལ་དུག་དབྱུང་བ་ནི༔ ཧཱུྃ༔ ང་རྒྱལ་ལས་འདི་མ་རིག་དུག༔ ང་རྒྱལ་དུག་གི་ཕ་ཡང་ས༔ ང་རྒྱལ་དུག་གི་མ་ཡང་ས༔ ང་རྒྱལ་དུག་འདི་ས་ལ་ཐིམ༔ ང་རྒྱལ་རྡོ་རྗེས་ང་རྒྱལ་འཇོམས༔ ང་རྒྱལ་དུག་ནི་དུག་མེད་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ ཨ་སརྦ་དྷེ་ཝ་ཧ་ན་ཧ་ན་ཡེ་སྭཱ་ཧཱ༔ ཁྲུས་ཀྱིས་བཀྲུ་ཞིང་༔ ཧཱུྃ༔ ཁྲུས་མཆོག་དམ་པ་བསམ་གཏན་ཆུ༔ ང་རྒྱལ་དྲི་མ་སྦྱང་བའི་ཕྱིར༔ བསམ་གཏན་ཆུ་ཡིས་ལེགས་བཀྲུས་པས༔ རྣམ་གཡེང་སྡིག་སྒྲིབ་དག་གྱུར་ཅིག༔ རྩ་སྔགས་ཀྱི་མཇུག་ཏུ༔ ཨ་སརྦ་དྷེ་ཝ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ལན་ཆགས་སྦྱང་བ་ནི༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ ང་རྒྱལ་ལས་ཀྱིས་བསགས་པ་ཡི༔ ཚེ་འདས་ལན་ཆགས་སྦྱང་ཕྱིར་བསྔོ༔ ལས་ཀྱི་ལན་ཆགས་བྲལ་བར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ ཨ་སརྦ་དྷེ་ཝ་གྷྲི་ཧ་ན་བྷ་ལིང་ཏེ་སྭཱ་ཧཱ༔ མིང་བྱང་མིའི་ས་བོན་ཚོམ་བུའི་དཀྱིལ་དུ་འགོད་དེ༔ ཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཡུལ་འདི་འཁོར་བ་མི་ཡི་ཡུལ༔ ས་འདི་བྲེལ་ཕོངས་མི་ཡི་གྲོང་༔ གླིང་འདི་ལྷོ་ཕྱོགས་འཛམ་བུའི་གླིང་༔ དུག་ལྔ་འདུས་པའི་རྒྱུ་ལས་བྱུང་༔ དུག་ལྔའི་སྡུག་བསྔལ་སྦྱོང་བའི་ལྷ༔ བཅོམ་ལྡན་མི་ཡི་ཐུབ་པ་ལ༔ སྡུག་བསྔལ་སྦྱོང་བའི་གསོལ་བ་ཐོབ༔ དབང་བསྐུར་ཏེ༔ ཧཱུྃ༔ མི་ཡི་སྟོན་པ་མི་ཡི་མགོན༔ མཚན་དང་དཔེ་བྱད་འབར་བའི་སྐུ༔ གསེར་མདོག་ལྷུང་བཟེད་མཁར་གསིལ་བསྣམས༔ ཚེ་འདས་འདི་ལ་དབང་བསྐུར་བས༔ བྲེལ་ཕོངས་སྡུག་བསྔལ་ཀུན་ལས་སྒྲོལ༔ མི་ཡི་སྐྱེ་སྒོ་ཆོད་པར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ ནྲི་སརྦ་ཨ་ཝ་ར་ཎ་ཡེ་སྭཱ་ཧཱ༔ ས་ལ་དུག་དབྱུང་བ་ནི༔ ཧཱུྃ༔ དུག་ལྔའི་ལས་འདི་མ་རིག་དུག༔ དུག་ལྔའི་དུག་གི་ཕ་ཡང་ས༔ དུག་ལྔའི་དུག་གི་མ་ཡང་ས༔ དུག་ལྔའི་དུག་འདི་ས་ལ་ཐིམ༔ ཆོས་དབྱིངས་རྡོ་རྗེས་དུག་ལྔ་འཇོམས༔ དུག་ལྔའི་དུག་ནི་དུག་མེད་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ ནྲི་སརྦ་ཧ་ན་ཧ་ན་ཡེ་སྭཱ་ཧཱ༔ ཁྲུས་ཀྱིས་བཀྲུ་ཞིང་༔ ཧཱུྃ༔ ཁྲུས་མཆོག་དམ་པ་བརྩོན་འགྲུས་ཆུ༔ དུག་ལྔའི་སྡིག་སྒྲིབ་སྦྱང་བའི་ཕྱིར༔ བརྩོན་འགྲུས་ཆུ་ཡིས་ལེགས་བཀྲུས་པས༔ དུག་ལྔའི་སྡིག་སྒྲིབ་དག་གྱུར་ཅིག༔ རྩ་སྔགས་ཀྱི་མཇུག་ཏུ༔ ནྲི་སརྦ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ༔ ལན་ཆགས་སྦྱང་བ་ནི༔ ཧཱུྃ༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི༔ དུག་ལྔའི་ལས་ཀྱིས་བསགས་པ་ཡི༔ ཚེ་འདས་ལན་ཆགས་སྦྱང་ཕྱིར་བསྔོ༔ ལས་ཀྱི་ལན་ཆགས་བྲལ་བར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ ནྲི་སརྦ་གྷྲི་ཧ་ན་བྷ་ལིངྟེ་སྭཱ་ཧཱ༔ དེ་ནས་ཉེ་དུའམ་ཚེ་འདས་ཀྱིས་རྗེས་ཟློས་བྱེད་པར་དམིགས་ལ༔ དཀྱིལ་འཁོར་དུ་འཇུག་པའི་ཐོག་མར་ཤར་སྒོ་ནས༔ ཧཱུྃ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ནི་བྱང་ཆུབ་མ་ཐོབ་བར༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ བྱང་ཆུབ་སེམས་ཀྱང་བསྐྱེད་པར་བགྱིད༔ ཕྱག་འཚལ་མཆོད་ཅིང་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་ཚོགས་ཅི་མཆིས་འགྲོ་ལ་བསྔོ༔ ཀུན་ཀྱང་རྡོ་རྗེ་འཛིན་ཐོབ་ཤོག༔ ཧཱུྃ༔ བླ་མ་མགོན་པོ་འགྲོ་བའི་སྐྱབས༔ སྔོན་ཚེ་རྒྱལ་བའི་སྲས་རྣམས་ལ༔ མགོན་པོ་རྣམས་ཀྱིས་དབང་བསྐུར་ལྟར༔ དེང་འདིར་བདག་ལ་སྩལ་དུ་གསོལ༔ ཧོ༔ ཁྱོད་ཀྱི་འདྲེན་པ་ང་ཡིན་པས༔ ཚུར་ཤོག་དཀྱིལ་འཁོར་འདིར་ཞུགས་ཤིག༔ རིགས་བདག་ལྷ་ལ་མེ་ཏོག་དོར༔ སྐྱོབ་པའི་ལྷ་ལ་འབབ་པར་ཤོག༔ པྲ་ཏི་གྷྲི་ཧ་ན་ཧོ༔ གསང་མཚན་སྦྱིན༔ ཧཱུྃ༔ ལྟོས་ཤིག་ཚེ་འདས་རིགས་ཀྱི་བུ༔ མ་རིག་སྒྲིབ་པ་ཐབས་ཀྱིས་བསལ༔ ཆོས་དབྱིངས་ཞིང་མཆོག་བདེ་བ་ཅན༔ མངོན་སུམ་དུས་གསུམ་རྟག་ཏུ་བཞུགས༔ ཐེ་ཚོམ་མེད་པར་དྭངས་བས་མཇོལ༔ སྭ་བྷཱ་ཝ་ཛྙཱ་ན་སིདྡྷི་སྟོམ༔ དབང་བསྐུར་བ་ནི༔ ཚེ་འདས་རིགས་ཀྱི་གཙོ་བོར་གྱུར༔ ཧཱུྃ༔ བུམ་པ་ཆོས་དབྱིངས་བདེ་བ་ཅན༔ ནང་ན་ཐུགས་རྗེ་ཆེན་པོ་བཞུགས༔ ཚེ་འདས་འདི་ལ་དབང་བསྐུར་བས༔ བུམ་པའི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ༔ དེ་ནས་འོད་དཔག་མེད་པའི་ངོ་བོ་སྙིང་པོའི་ཡི་གེ་ཐོགས་ཏེ༔ ཧཱུྃ༔ གསང་སྔགས་སྙིང་པོ་བླ་ན་མེད༔ འདོད་ཆགས་རྣམ་དག་སོར་རྟོགས་དབང་༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ གསུང་གི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་ཀྱི་མཇུག་ཏུ༔ ཨཱཾཿཔདྨ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་སེམས་དཔའི་ངོ་བོ་རྡོ་རྗེའི་དབང་ནི༔ ཧཱུྃ༔ རྡོ་རྗེ་སེམས་དཔའ་རིགས་ཀྱི་གཙོ༔ ཞེ་སྡང་རྣམ་དག་མེ་ལོང་དབང་༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ རིན་འབྱུང་ངོ་བོ་རིན་ཆེན་ཟུར་བརྒྱད་ཐོགས་ཏེ༔ ཧཱུྃ༔ རིན་ཆེན་རིགས་མཆོག་འདོད་འབྱུང་གནས༔ ང་རྒྱལ་རྣམ་དག་མཉམ་ཉིད་དབང་༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཡོན་ཏན་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ དོན་གྲུབ་ངོ་བོ་མར་མེ་ཐོགས་ལ༔ ཧཱུྃ༔ དོན་ཡོད་གྲུབ་པ་འཕྲིན་ལས་བདག༔ ཕྲག་དོག་རྣམ་དག་བྱ་གྲུབ་དབང་༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ འཕྲིན་ལས་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ནི༔ ཚོགས་རྫས་བྱིན་གྱིས་བརླབས་པ་བཟའ་བཏུང་དུ་གཏད་དེ༔ ཧཱུྃ༔ འདོད་ཡོན་ལོངས་སྤྱོད་བཟའ་བཏུང་འདི༔ ཞལ་ཟས་ཚོགས་ཀྱི་འཁོར་ལོ་སྟེ༔ རོ་མཆོག་བརྒྱ་ལྡན་ཏིང་འཛིན་ཟས༔ ལོངས་སྤྱོད་ནམ་མཁའ་མཛོད་གྱུར་ཏེ༔ ཁྱོད་ཀྱི་ཤེས་རྒྱུད་ཡོངས་ཚིམས་ནས༔ རོ་བརྒྱ་ལྡན་པའི་བཅུད་མྱོང་ཤོག༔ ནམཿསརྦ་ཏ་ཐཱ་སོགས་ཡོངས་སུ་འཕེལ་པའི་གཟུངས་བརྗོད་ཅིང་བསྔོ༔ དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་ཡོན་དབུལ་ཏེ༔ ཧཱུྃ༔ ཆོས་སྐུ་སྣང་བ་མཐའ་ཡས་དང་༔ སྤྱན་རས་གཟིགས་དབང་དཀྱིལ་འཁོར་གཙོ༔ སྤྲུལ་སྐུ་རིག་འཛིན་པདྨ་འབྱུང་༔ རྩ་གསུམ་ཐུགས་རྗེའི་དཀྱིལ་འཁོར་ལྷ༔ ཚེ་འདས་སྒོ་གསུམ་ཡོན་དུ་འབུལ༔ དུག་གསུམ་ཆོས་དབྱིངས་ཀློང་དུ་སྦྱོར༔ སྐུ་གསུམ་མངོན་གྱུར་དངོས་གྲུབ་སྩོལ༔ ལམ་སྟོན་པ་ནི༔ ཧཱུྃ༔ མ་ཡེངས་མ་འཁྲུལ་རིགས་ཀྱི་བུ༔ ཚོགས་ལམ་བླ་མེད་དཀྱིལ་འཁོར་དུ༔ སྦྱོར་ལམ་བུ་ཁྱོད་སྨིན་བྱས་པས༔ མཐོང་ལམ་རང་རིག་སྐྱེ་མེད་འདི༔ སྒོམ་ལམ་སྐུ་གསུམ་ཞིང་ཁམས་སུ༔ མཐར་ཕྱིན་ཡེ་ཤེས་མངོན་རྫོགས་ཤོག༔ ཅེས་བརྗོད་ཅིང་ཚེ་འདས་ཀྱི་སེམས་དང་༔ ཟབ་ལམ་ཐུགས་རྗེ་ཆེན་པོའི་ཐུགས་གཉིས་སུ་མེད་པར་ཆུ་དང་འོ་མ་འདྲེས་པ་ལྟར་དབྱེར་མེད་དུ་ལམ་གྱིས་འདྲེས་པས༔ ཐུགས་རྗེ་ཆེན་པོའི་ཐུགས་དང་གཉིས་སུ་མེད་པར་སངས་རྒྱས་པར་བསམས་ཤིང་༔ མ་བཅོས་པའི་ངང་ནས་ཨཱ་ཨཱ༔ ཅེས་བརྗོད་མཉམ་ཉིད་དུ་ཐུན་གཅིག་བསྲེའོ༔ དེ་ནས་གཟུགས་ཕུང་གི་ངོ་བོ་མིང་བྱང་ཞི་བའི་སྦྱིན་སྲེག་གྲུབ་ན་རབ༔ ཡང་ན་མར་མེ་དེ་ཞི་བའི་ཐབ་ཁུང་མཚན་ཉིད་དང་ལྡན་པར་བསམས་ཤིང་༔ རྣམ་སྨིན་སྡིག་སྒྲིབ་ཀྱི་ངོ་བོ་འབྱུང་འདུས་ཀྱི་ཕུང་པོ་དེ་ཡེ་ཤེས་ཀྱི་མེས་བསྲེགས་པས༔ མ་རིག་པས་རྒྱུ་བྱས་པའི་བག་ཆགས་ཐམས་ཅད་དྲུངས་ནས་ཕྱུང་པར་དམིགས་ཏེ༔ ཧཱུྃ༔ མ་རིག་རྒྱུ་ལས་བྱུང་བ་ཡི༔ དུག་ལྔ་འདུས་པའི་ཕུང་པོ་འདི༔ ཛྙཱ་ན་ཛྭ་ལ་རམ་གྱིས་བསྲེག༔ རྣམ་སྨིན་བག་ཆགས་ཀུན་བྱང་ནས༔ རང་བྱུང་རིག་པ་སངས་རྒྱས་ཤོག༔ ཅེས་བརྗོད༔ བླ་མ་ལ་འབུལ་བ༔ དགེ་འདུན་ལ་བསྙེན་བཀུར༔ སྔགས་པ་ལ་ཚོགས་འཁོར༔ སྐྱེ་བོ་ལ་གྲལ་སྟོན༔ ངན་ལོང་ལ་སྦྱིན་པ༔ བྱིས་པ་ལ་ཟན་འགྱེད་ལ་སོགས་པ་བརྩོན་པར་བྱའོ༔ བྱང་ཐལ་ལ་གཟུངས་སྔགས་ཕན་ཡོན་གང་ཆེ་བཏབ་ཅིང་ཆུ་བོ་ལ་སྐྱེལ་ལོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་དྷེ་ཉི་མ་གྲགས་པའི་གཏེར་མའོ། །མངྒ་ལཾ།། །།


previousཟབ་ལམ་ཐུགས་རྗེ་ཆེན་པོའི་སྒོ་ནས་གཤིན་པོ་རྗེས་འཛིན།next