Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བརྒྱད་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་མཆོག་ཐུགས་རྗེ་ཆེན་པོ་ཟབ་ལམ་གསང་བའི་སྒྲུབ་པ་ལས་བྱང་གི་རིམ་པ་འཆི་མེད་བདེ་བ་ཆེན་པོའི་ཞིང་དུ་འགྲོ་བའི་ལམ་བཟང་།
   
   
  expand section
  expand section
  expand section
  expand section


 
previousའཕགས་མཆོག་ཐུགས་རྗེ་ཆེན་པོ་ཟབ་ལམ་གསང་བའི་སྒྲུབ་པ་ལས་བྱང་གི་རིམ་པ་འཆི་མེད་བདེ་བ་ཆེན་པོའི་ཞིང་དུ་འགྲོ་བའི་ལམ་བཟང་།next

འཕགས་མཆོག་ཐུགས་རྗེ་ཆེན་པོ་ཟབ་ལམ་གསང་བའི་སྒྲུབ་པ་ལས་བྱང་གི་རིམ་པ་འཆི་མེད་བདེ་བ་ཆེན་པོའི་ཞིང་དུ་འགྲོ་བའི་ལམ་བཟང་།

འཕགས་མཆོག་ཐུགས་རྗེ་ཆེན་པོ་ཟབ་ལམ་གསང་བའི་སྒྲུབ་པ་ལས་བྱང་གི་རིམ་པ་འཆི་མེད་བདེ་བ་ཆེན་པོའི་ཞིང་དུ་འགྲོ་བའི་ལམ་བཟང་ཞེས་བྱ་བ་བཞུགས་སོ། །བདེ་ཆེན་ཞིང་གི་མགོན་པོ་འོད་དཔག་མེད། །རི་བོར་ཏ་ལར་འཕགས་མཆོག་སྤྱན་རས་གཟིགས། །ཟངས་མདོག་དཔལ་རིར་འགྲོ་འདུལ་པདྨ་འབྱུང་། །སྐུ་གསུམ་རྒྱལ་བའི་ངོ་བོ་བླ་མ་ལ། །མི་ཕྱེད་དད་པའི་སྒོ་ནས་ཕྱག་བགྱིའོ། །འདིར་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཟབ་ལམ་གསང་བའི་སྒྲུབ་ཐབས་ཀྱི་རིམ་པ་ཉམས་སུ་ལེན་པ་ལ། སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་ལས། དང་པོ་སྔོན་དུ་འགྲོ་བ་ལ། ཡོ་བྱད་ཀྱི་གཤོམ་ནི། དཀྱིལ་འཁོར་གྱི་དབུས་སུ་ཁྲིའུའི་ཁར་བུམ་པ་མགུལ་ཆིངས་དམར་པོ་ཅན་བཅུད་ལྡན་ཁ་རྒྱན་གསེབ་ཏུ་སྐུ་དང་བཅས་པ་འགོད་ཅིང་། གཞན་ཡང་བདུད་རྩི་གཏོར་མ་བླ་རྡོ་སོགས་བསྙེན་སྒྲུབ་དབང་ཆོག་གང་བྱེད་ལྟར་བཀོད་པའི་མཐར་ཕྱི་ནང་གི་མཆོད་པ་ཚོགས་འཁོར་སྨན་གཏོར་རཀྟ་བཀའ་གཏེར་གྱི་བཤོས་བུ་སོགས་བཟང་དུ་བཤམ། དེ་ནས་སྒྲུབ་པ་པོ་རྣམས་བདེ་བའི་གདན་ལ་འདུག་ཅིང་། གསོལ་འདེབས་ནི། བདེ་ཆེན་ཞིང་དུ་མགོན་པོ་འོད་དཔག་མེད། །གྲུ་འཛིན་གནས་སུ་འཕགས་མཆོག་པད་དཀར་འཆང་། །པདྨ་འོད་ན་གུ་རུ་ཨོ་རྒྱན་རྗེ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བདེ་བའི་མཆོག་སྦྱིན་སྐལ་ལྡན་གཟུངས་མ་ལྔ། །འཕགས་པའི་རྣམ་འཕྲུལ་ལོ་ཆེན་ཀླུ་ཡི་དབང་། པདྨའི་རྒྱལ་ཚབ་གཏེར་ཆེན་ཡབ་སྲས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །གདམས་པའི་མཛོད་འཛིན་བཛྲ་གརྦྷ་དང་། །རྩ་བརྒྱུད་བླ་མ་ཟབ་ལམ་ཐུགས་རྗེའི་བདག །དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཐམས་ཅད་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བསྙེན་སྒྲུབ་ལས་སྦྱོར་ཉམས་སུ་བླངས་པའི་མཐུས། །ཡུལ་སྣང་ཕུང་ཁམས་ཞིང་དང་ལྷ་སྐུར་ཤར། །རླུང་སྔགས་རྡོ་རྗེའི་གསུང་དང་དྲན་རྟོག་ཐུགས། །མངོན་གྱུར་མཆོག་ཐུན་དཔལ་ལ་སྤྱོད་པར་ཤོག །ཅེས་ཟབ་ལམ་ཐུགས་རྗེ་ཆེན་པོའི་བརྒྱུད་འདེབས་ཉུང་ངུ་འདི་དགེ་སློང་སྐལ་བཟང་བྱང་ཆུབ་ཀྱིས་བསྐུལ་ངོར་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་སྦྱར་བའོ། །དེ་ནས་གསང་བའི་དཀྱིལ་འཁོར་གཉན་པོའི་སྒོམ་སྒྲུབ་ལ་མི་དབང་བ་རྣམས་ལ༔ བཀའ་བསྒོ་བ་ནི༔ རོལ་མོ་འཁྲོལ་ཞིང་འདི་སྐད་དོ༔ ཧཱུྃ་ཧཱུྃ༔ ཆོས་དབྱིངས་ངང་ལས་རང་བྱུང་ཐུགས་རྗེའི་ལྷ༔ འགྲོ་བའི་དོན་དུ་སྤྲུལ་པ་ཡང་སྤྲུལ་འབུམ༔ བཀའ་སྡོད་རབ་གཏུམ་ཕོ་ཉ་གློག་ལྟར་འཁྱུག༔ མ་རིག་ཉོན་མོངས་གདོན་བགེགས་འབྱུང་པོའི་ཚོགས༔ འདི་རུ་མ་འདུག་རང་རང་གནས་སུ་དེངས༔ ཧཱུྃ་ཧཱུྃ༔ སརྦ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཏིང་འཛིན་གོ་བསྒོ་བསྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ གདོད་ནས་དག་པ་གསང་བའི་དཀྱིལ་འཁོར་འདིར༔ འཁོར་འདས་མཉམ་ཉིད་རང་གྲོལ་རྒྱལ་བའི་ཞིང་༔ ཕྱོགས་མཚམས་སྟེང་འོག་ཡེ་ཤེས་འོད་ལྔའི་ཀློང་༔ འཁོར་ལོ་རྡོ་རྗེ་མེ་དཔུང་ཁྲོ་ཚོགས་མཚམས༔ གནོད་བྱེད་འབྱུང་པོ་ནམ་ཡང་མ་འདའ་ཞིག༔ ཨཱོཾ་བཛྲ་རཏྣ་པདྨ་ཀརྨ་ཙཀྲ་ཛྭ་ལ་རཾ་རཀྵ་ཧཱུྃ་ཕཊ༔ དུས་གསུམ་རྒྱལ་བར་སྐྱབས་སུ་འགྲོ་བ་ནི༔ ཧཱུྃ༔ བདེ་གཤེགས་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས༔ བླ་མེད་དམ་ཆོས་རིག་འཛིན་འཕགས་པའི་སྡེ༔ རྩ་གསུམ་ལྷ་ཚོགས་རྒྱལ་བའི་དཀྱིལ་འཁོར་ལ༔ འགྲོ་བའི་དོན་དུ་གུས་པས་སྐྱབས་སུ་མཆི༔ གཞན་དོན་དུ་སེམས་བསྐྱེད་པ་ནི༔ ཧཱུྃ༔ བདག་དང་འགྲོ་དྲུག་སྐྱེ་འགྲོ་མ་ལུས་པ༔ གཟུང་འཛིན་བག་ཆགས་དབང་གིས་འཁོར་བར་འཁྱམས༔ གཉིས་འཛིན་འཁྲུལ་བའི་སྒྲིབ་པ་སྦྱང་བའི་ཕྱིར༔ ཟབ་ལམ་གསང་བའི་བསྐྱེད་རྫོགས་བསྒྲུབ་པར་བགྱིད༔ ཡན་ལག་བདུན་པས་ཚོགས་བསགས་རིམ་པ་ནི༔ ཧཱུྃ༔ འཁོར་འདས་ཆོས་རྣམས་སྐུ་གསུམ་ཡེ་ཤེས་ཀློང་༔ ཀ་དག་བློ་འདས་ངང་དུ་ཕྱག་འཚལ་ཞིང་༔ རང་བྱུང་ཏིང་འཛིན་དགོངས་རྒྱུད་དག་པས་མཆོད༔ ཆོས་ཉིད་སྤྲོས་བྲལ་འཛིན་པས་བཟུང་བ་བཤགས༔ ཡེ་དག་ཀློང་ཡངས་ཆེན་པོར་ཡི་རང་ངོ་༔ བཟུང་འཛིན་རྣམ་དག་ཆོས་ཀྱི་འཁོར་ལོ་བསྐོར༔ ཕྱམ་གཅིག་ཀུན་བཟང་ཀློང་དུ་བཞུགས་སུ་གསོལ༔ འཁོར་གསུམ་ཡོངས་དག་ཆེན་པོར་བསྔོ་བར་བྱ༔ མ་བཅོས་དྲི་མེད་འགྲོ་ཀུན་མངོན་གྱུར་ཤོག༔ མཆོད་རྫས་བྱིན་གྱིས་བརླབས་པ་ནི༔ ཧཱུྃ༔ ཟབ་ལམ་གསང་བའི་དཀྱིལ་འཁོར་ཆེན་པོ་འདིར༔ ཕྱི་ནང་གསང་མཆོད་སྨན་གཏོར་རཀྟའི་ཚོགས༔ ཡེ་ཤེས་རྣམ་དག་མཆོག་གི་ཏིང་འཛིན་གྱིས༔ བླ་མེད་རྫས་མཆོག་བདུད་རྩིར་བྱིན་གྱིས་བརླབས༔ ཨཱོཾ་ཨཱཿཧཱུྃ་པཉྩ་ཛྙཱ་ན་ཨ་མྲྀ་ཏ་མ་ཧཱ་རཀྟ་བྷ་ལིང་ཏ་སརྦ་པུ་ཙ་བཛྲ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏྱ་ཤཔྟ་ཨཱཿཧཱུྃ་སྭཱ་ཧཱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ལ། དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི༔ ཧཱུྃ༔ རང་སྣང་ཆོས་སྐུ་སྣང་བ་མཐའ་ཡས་ཀྱིས༔ རང་རིག་ཐུགས་རྗེ་ཆེན་པོར་འདི་སྐད་སྨྲས༔ དང་པོའི་ཆོས་རྣམས་དམིགས་མེད་སྤྲོས་དང་བྲལ༔ མ་བཅོས་ལྷུན་གྲུབ་རང་བཞིན་རྫོགས་པ་ཆེ༔ སྤྲོས་བྲལ་དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ༔ ཀུན་ཏུ་སྣང་བའི་ཏིང་འཛིན་ནི༔ ཧཱུྃ༔ སྲིད་ཞི་རང་གྲོལ་བློ་འདས་དེ་ཡི་ངང་༔ འཁྲུལ་པའི་ལས་སྤྱོད་མར་གྱུར་འགྲོ་བ་རྣམས༔ གཉིས་འཛིན་འཁྲུལ་བའི་སྒྲིབ་པ་སྦྱང་སླད་དུ༔ ཀུན་ཁྱབ་བརྩེ་བའི་སྙིང་རྗེ་འགྲོ་ལ་བསྒོམ༔ རྒྱུའི་ཏིང་འཛིན་ནི༔ ཧཱུྃ༔ ཆོས་དབྱིངས་ངོ་བོ་རྣམ་པར་དག་པའི་མཐུས༔ འགྲོ་དྲུག་འཁོར་བའི་འགྲོ་རྣམས་བསྒྲལ་སླད་དུ༔ སྐྱེ་མེད་རང་རིག་རྡོ་རྗེ་རྩེ་ལྔའི་དབུས༔ ཡེ་ཤེས་ས་བོན་ཧྲཱིཿ ཡིས་མཚན་པར་བསམས༔ ཧྲཱིཿཙིཏྟ་བཛྲ་ས་མ་ཡཱ་ཧྲཱི༔ གཞལ་ཡས་ཁང་བསྐྱེད་པ་ནི༔ ཧཱུྃ༔ སྣང་སྲིད་འཁོར་འདས་མ་བཅོས་སྟོང་པའི་ངང་༔ འབྱུང་བཞི་དག་པའི་ཀློང་ཡངས་ཆེན་པོ་ན༔ རང་རིག་རྡོ་རྗེ་ཡི་གེ་བྷྲཱུྃ་དུ་གྱུར༔ རྣམ་དག་རྒྱལ་བའི་ཞིང་མཆོག་བདེ་བ་ཅན༔ ལྷུན་གྲུབ་ལྟ་ན་སྡུག་པའི་གཞལ་ཡས་ཁང་༔ འདབ་བཞི་པདྨ་མུ་ཁྱུད་གྲུ་ཆད་དང་༔ བར་ཁྱམས་སྒོ་རྫོགས་རྟ་བབས་ཆོས་འཁོར་གདུགས༔ རིན་ཆེན་རྩིག་པ་འདོད་ཡོན་ཕ་གུ་དང་༔ དྲྭ་བ་དྲྭ་ཕྱེད་མདའ་ཡབ་རིན་ཆེན་ལྔ༔ འཕྲིན་ལས་བཞི་རྫོགས་ཉི་ཟླ་འཇའ་ཚོན་ཀློང་༔ པདྨ་རྡོ་རྗེ་མེ་རི་ཆུ་རླུང་དང་༔ དུར་ཁྲོད་བརྒྱད་ལྡན་བྲག་ཆེན་ཁོར་ཡུག་སྟེ༔ ཕྱི་གསལ་ནང་གསལ་དྲི་མེད་ཕོ་བྲང་དབུས༔ སྣ་ཚོགས་པདྨ་ཉི་ཟླ་མཛེས་པའི་སྟེང་༔ ཐུགས་སྲོག་ཧྲཱིཿལས་འཕགས་པ་སྤྱན་རས་གཟིགས༔ ཟབ་ལམ་གསང་བའི་ལྷ་མཆོག་འགྲོ་བའི་མགོན༔ ཞལ་གཅིག་ཕྱག་གཉིས་ཁྲོ་འཛུམ་སྤྱན་གསུམ་པ༔ ཞབས་གཉིས་ཕྱེད་སྐྱིལ་ཐོར་ཅོག་རྒྱན་གྱིས་སྤྲས༔ ཕྱག་གཉིས་གཡས་པས་བགྲང་ཕྲེང་ཐུགས་ཀར་བསྣམས༔ གཡོན་པས་ཚེ་བུམ་གསང་བའི་ཡུམ་ལ་འཁྱུད༔ སྐུ་མདོག་དམར་གསལ་ལོངས་སྤྱོད་རྫོགས་པའི་སྐུ༔ གསང་བའི་ཡུམ་མཆོག་དྷཱཀྐི་དམར་མོ་འཁྲིལ༔ ཞལ་གཅིག་ཕྱག་གཉིས་ཚེ་བུམ་མདའ་དར་བསྣམས༔ ཞབས་གཉིས་དགྱེས་སྦྱོར་ཡབ་ཀྱི་སྐེད་ལ་འཁྲིལ༔ སྐུ་མདོག་དམར་སྐྱ་ལྕང་ལོ་ཅོད་པཎ་འཕུར༔ བདེ་བའི་ཉམས་ལྡན་ནུ་མ་བྷ་ག་རྒྱས༔ སྟོད་གཡོགས་སྨད་དཀྲིས་དར་དང་རིན་ཆེན་བརྒྱན༔ སྤྱི་གཙུག་རིགས་བདག་སྣང་བ་མཐའ་ཡས་ནི༔ སྐུ་མདོག་དམར་པོ་པདྨ་རཱ་གའི་མདོག༔ ཞལ་གཅིག་ཕྱག་གཉིས་ལྕགས་ཀྱུ་ཚེ་བུམ་བསྣམས༔ རྒྱན་མེད་གཅེར་བུ་དབུ་སྐྲ་སིལ་བུར་འཕྱང་༔ ཉི་ཟླ་པད་སྟེང་ཞབས་གཉིས་བཞེངས་ཏེ་བཞུགས༔ བདེ་བ་རབ་རྒྱས་གཟི་བརྗིད་ལྡན་པར་བསྐྱེད༔ འཁོར་བསྐྱེད་པ་ནི༔ ཧཱུྃ༔ ཤར་ན་རྡོ་རྗེ་དཔའ་བོ་མྱུ་གུ་རྩལ༔ སྐུ་མདོག་དམར་པོ་མཁའ་འགྲོ་མཐིང་ཁ་འཁྲིལ༔ ལྷོ་ན་རཏྣ་དཔའ་བོ་བཞད་པ་རྩལ༔ སྐུ་མདོག་དམར་པོ་མཁའ་འགྲོ་སེར་མོ་འཁྲུལ༔ ནུབ་ན་པདྨ་དཔའ་བོ་དབང་ཆེན་རྩལ༔ སྐུ་མདོག་དམར་པོ་མཁའ་འགྲོ་དམར་མོ་འཁྲིལ༔ བྱང་ན་ཀརྨ་དཔའ་བོ་ལས་རབ་རྩལ༔ སྐུ་མདོག་དམར་པོ་མཁའ་འགྲོ་ལྗང་མོ་འཁྲིལ༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཕྱེད་སྐྱིལ་བཞུགས༔ རལ་པའི་ཐོར་ཅོག་ཐོད་སྐམ་པྲོག་ཞུ་མཛེས༔ རུས་པའི་རྒྱན་དྲུག་སྟག་ཤམ་དར་དཔྱངས་འཕྱོ༔ རང་རྟགས་གྲི་གུག་ཐོད་ཁྲག་ཕྱག་རྒྱ་བསྒྱུར༔ ཡུམ་རྣམས་ལྕགས་ཀྱུ་གཡས་ལ་ཞགས་པ་གཡོན༔ གཅེར་བུ་ནུ་འབུར་བྷ་གའི་དཀྱིལ་འཁོར་རྒྱས༔ དབུ་སྐྲ་སིལ་མ་སྐུ་ཡི་རྒྱབ་ཏུ་འཕྱངས༔ རུས་རྒྱན་གཟིག་ཤམ་རིན་ཆེན་རཏྣས་བརྒྱན༔ ཡབ་ཡུམ་ཐམས་ཅད་ཁྲོ་འཛུམ་སྤྱན་གསུམ་པ༔ གཟི་བརྗིད་མདངས་ལྡན་རང་འོད་ཀློང་དུ་བཞུགས༔ ཕྱི་རིམ་ཕྱོགས་བཞིའི་གྲུ་ཆད་བར་ཁྱམས་ལ༔ བསྐལ་བཟང་སངས་རྒྱས་འགྲོ་འདུལ་ཐུབ་པ་དྲུག༔ དུས་གསུམ་བདེ་གཤེགས་བླ་མ་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱང་༔ རང་རྟགས་སྐུ་མདོག་ཕྱག་མཚན་སྤྲིན་ལྟར་འཁྲིགས༔ སྒོ་བ་བསྐྱེད་པ་ནི༔ ཧཱུྃ༔ ཤར་སྒོར་སེང་གདོང་དཀར་མོ་ལྕགས་ཀྱུ་འཛིན༔ ལྷོ་སྒོར་ཕག་གདོང་སེར་མོ་ཞགས་པ་འཛིན༔ ནུབ་སྒོར་སྟག་གདོང་དམར་མོ་ལྕགས་སྒྲོག་འཛིན༔ བྱང་སྒོར་སྦྲུལ་གདོང་ལྗང་གུ་དྲིལ་བུ་འཛིན༔ གཅེར་བུ་བམ་གྱི་གདན་ལ་དོར་སྟབས་འགྱིང་༔ སྣང་སྟོང་འགག་མེད་ལྷམ་མེ་ལྷང་ངེར་གསལ༔ སྤྱན་འདྲེན་པ་ནི༔ རོལ་མོ་འཁྲོལ་ཞིང་དྲི་བཟང་བསྲེག༔ གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ༔ ཆོས་དབྱིངས་བདེ་བ་ཆེན་པོའི་ཕོ་བྲང་དང་༔ འགྲོ་འདུལ་པོ་ཊ་ལ་ཡི་གནས་མཆོག་ནས༔ ཟབ་ལམ་འགྲོ་བའི་དོན་མཛད་ཐུགས་རྗེའི་ལྷ༔ འཕགས་པ་སྤྱན་རས་གཟིགས་དབང་ཡབ་དང་ཡུམ༔ རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་དང་༔ རིགས་བཞིའི་རྒྱལ་བ་ཡབ་ཡུམ་མ་ལུས་འཁོར༔ སངས་རྒྱས་བྱང་སེམས་འགྲོ་མགོན་རྩ་བ་གསུམ༔ ཆོས་སྐྱོང་སྲུང་མ་བཀའ་སྡོད་བྲན་གཡོག་བཅས༔ མ་ལུས་འཁོར་བཅས་གནས་འདིར་སྤྱན་འདྲེན་ན༔ ཐུགས་རྗེའི་དབང་གིས་མྱུར་དུ་གཤེགས་སུ་གསོལ༔ གར་གྱི་འགྲོས་ཀྱིས་ཆོས་དབྱིངས་ནམ་མཁའ་ནས༔ འཕྲིན་ལས་བཞི་ཡི་ཕྱག་རྒྱ་སྒྱུར་བཞིན་དུ༔ འགྲོ་བའི་དོན་དུ་གནས་འདིར་སྐུ་བསྐྱོད་འཚལ༔ མོས་པའི་བུ་ལ་ཞལ་སྟོན་དངོས་གྲུབ་སྩོལ༔ གསུང་གི་རོལ་པས་རྐྱེན་ངན་བར་ཆད་བཟློག༔ ཐུགས་ཀྱི་དགོངས་པས་སྨིན་གྲོལ་དོན་ལ་སྦྱོར༔ བྷུདྡྷ་གུ་རུ་དྷེ་ཝ་དྷཱཀྐི་ནི༔ བཛྲ་ས་མ་ཡ་ཛཿཛ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ རིན་ཆེན་པདྨ་ཉི་ཟླ་གེ་སར་དབུས༔ རྩ་གསུམ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས༔ སྒྲུབ་པའི་འབྲས་བུ་དངོས་གྲུབ་སྩོལ་བའི་ཕྱིར༔ དམ་ཚིག་ཡེ་ཤེས་གཉིས་མེད་བརྟན་པར་བཞུགས༔ བྷུདྡྷ་གུ་རུ་དྷེ་ཝ་དྷཱཀྐི་ནི༔ ཛྙཱ་ན་ཏིཥྛ་བཛྲ་ས་མ་ཡ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ བཅོམ་ལྡན་འཕགས་པ་ཐུགས་རྗེ་ཆེན་པོ་དང་༔ སངས་རྒྱས་བྱང་སེམས་ལྕམ་དྲལ་འཕགས་པའི་ཚོགས༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ འདུ་འབྲལ་མེད་པའི་ངང་དུ་ཕྱག་འཚལ་ལོ༔ བྷུདྡྷ་གུ་རུ་དྷེ་ཝ་དྷཱཀྐི་ནི༔ ན་མོ་པཱུ་ཙ་ཧོ༔ མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཕྱི་ནང་གསང་བའི་མཆོད་པ་བླ་མེད་རྫས༔ སྨན་གཏོར་རཀྟ་བདུད་རྩི་ཨ་མྲྀ་ཏ༔ འདོད་ཡོན་ལོངས་སྤྱོད་སྣང་སྲིད་ཡོངས་བཀང་ནས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོད་པར་བགྱི༔ པཉྩ་ཛྙཱ་ན་ཨ་མྲྀ་ཏ་མ་ཧཱ་རཀྟ་བྷ་ལིངྟ་སརྦ་པཱུ་ཙ་ཁཱ་ཧི་ཁཱ་ཧི༔ བཛྲ་པུཥྤེ་དྷུ་པེ་ཨ་ལོ་ཀེ་གྷེནྡྷེ་ནཻ་ཝི་ཏྱ་ཤཔྟ་པཱུ་ཙ་ཧོ༔ བདུད་རྩི་ཁཱ་ཧི་ནི། ཨཱོཾ་ཨཱཿཧཱུྃ། ཆོས་སྐུ་འོད་དཔག་མེད་མགོན་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ལོངས་སྐུ་སྤྱན་རིས་གཟིགས་དབང་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། སྤྲུལ་སྐུ་པདྨ་འབྱུང་གནས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། སྐལ་ལྡན་བུད་མེད་གྲོགས་ལྔའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ལོ་ཆེན་ཀླུ་ཡི་དབང་པོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། རིག་འཛིན་འགྲོ་འདུལ་གླིང་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ཐུགས་སྲས་ཨོ་རྒྱན་བསྟན་འཛིན་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ཐེག་མཆོག་བསྟན་པའི་རྒྱལ་མཚན་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། དྲིན་ཆེན་རྩ་བརྒྱུད་བླ་མའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ཟབ་ལམ་གསང་འདུས་ཡབ་ཡུམ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། རིགས་བཞིའི་རྒྱལ་བ་ཡབ་ཡུམ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། བསྐལ་བཟང་སངས་རྒྱས་སྟོང་རྩའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། འགྲོ་འདུལ་སྤྲུལ་སྐུ་ཐུབ་དྲུག་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། བཀའ་ཉན་སྒོ་བ་བཞི་ཡི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། དམ་ཅན་བཀའ་གཏེར་སྲུང་མའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ཞེས་མཆོད་པར་བྱའོ། །བསྟོད་པ་ནི། ཧཱུྃ་བདེ་གཤེགས་རྒྱལ་བའི་ངོ་བོ་འགྲོ་བའི་མགོན༔ ཐུགས་རྗེའི་རང་བཞིན་འཕགས་པ་སྤྱན་རས་གཟིགས༔ གང་འདུལ་སྤྲུལ་པའི་གར་མཁན་རྗེས་ཆགས་ཞལ༔ ཆགས་མཛད་དབང་གི་ལྷ་ལ་ཕྱག་འཚལ་བསྟོད༔ སྲིད་གསུམ་དབང་སྡུད་ཁམས་གསུམ་ཟིལ་གྱིས་གནོན༔ འགྲོ་དྲུག་བག་ཆགས་དུག་ལྔའི་རྟོག་པ་སྦྱངས༔ སྐུ་ལྔའི་ཡེ་ཤེས་མངོན་གྱུར་རིགས་ཀྱི་གཙོ༔ རྒྱལ་བ་འོད་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཤེས་རབ་རྣམ་དག་ཆོས་དབྱིངས་སྟོང་པའི་ཡུམ༔ དུས་གསུམ་རྒྱལ་བ་བསྐྱེད་པའི་འཕྲུལ་མོ་ཆེ༔ མཁའ་དབྱིངས་རྣམ་དག་བདེ་སྟོང་འབར་བའི་གར༔ ཡེ་ཤེས་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད༔ ལས་བཞི་རབ་འབྱམས་ཕྲིན་ལས་ཀུན་གྱི་བདག༔ ཞི་རྒྱས་དབང་དྲག་མཆོག་ཐུན་ཆར་འབེབས་པའི༔ ཐུགས་རྗེ་ཆེན་པོ་རིགས་བཞི་ཡབ་ཡུམ་བརྒྱད༔ མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཐུགས་བསྐྱེད་སྨོན་ལམ་མཐར་ཕྱིན་བཅོམ་ལྡན་འདས༔ འགྲོ་བའི་མགོན་མཛད་འགྲོ་འདུལ་ཐུབ་པ་དྲུག༔ རྩ་གསུམ་ལྷ་ཚོགས་རྒྱལ་བ་རྒྱ་མཚོ་ལ༔ གཉིས་མེད་གུས་པ་ཆེན་པོས་ཕྱག་འཚལ་བསྟོད༔ བཀའ་ཉན་ལས་བྱེད་སྒོ་མ་སྲུང་མའི་ཚོགས༔ སངས་རྒྱས་བསྟན་སྲུང་འཕྲིན་ལས་ཀུན་གྱི་བདག༔ བཀའ་བསྲུང་གཏེར་བདག་ཆོས་སྐྱོང་ཚོགས་ལ་བསྟོད༔ བཤགས་པ་ནི༔ ཧཱུྃ༔ བདེ་བར་གཤེགས་པ་འཕགས་མཆོག་དབང་གི་ལྷ༔ ཡབ་ཡུམ་སྲས་བཅས་སྤྲུལ་འཁོར་དགོངས་སུ་གསོལ༔ བསྐྱེད་རྫོགས་མ་གསལ་བཟླས་བརྗོད་སྒྲ་ཆག་ཉམས༔ འགལ་གྱུར་ཉམས་ཆག་ཅི་མཆིས་མཐོལ་ལོ་བཤགས༔ ཨཱོཾ་བྷུདྡྷ་གུ་རུ་དྷེ་ཝ་དྷཱཀྐི་ནི་བཛྲ་ས་ཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བྷུདྡྷ་གུ་རུ་དྷེ་ཝ་དྷཱཀྐི་ནི་བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ༔ ཌི་ཌྷྲོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ༔ བྷུདྡྷ་གྷུ་རུ་དྷེ་ཝ་དྷཱཀྐི་ནི་བཛྲ་མ་མེ་མུ་ཉྩ༔ བྷུདྡྷ་གུ་རུ་དྷེ་ཝ་དྷཱཀྐི་ནི་བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱ༔ བཟླས་པ་བསྐུལ་བ་ནི༔ ཧཱུྃ༔ སྣང་སྲིད་དག་པ་ཆོས་དབྱིངས་ཞིང་ཁམས་སུ༔ ཟབ་ལམ་གསང་བའི་ཕོ་བྲང་ལྟ་ན་སྡུག༔ ཧྲཱིཿ གེ་སར་པདྨ་ཉི་ཟླ་འཁྱིལ་བའི་ཀློང་༔ ཐུགས་རྗེའི་དབང་ཕྱུགས་འཕགས་མཆོག་སྤྱན་རས་གཟིགས༔ གསང་བ་ཡེ་ཤེས་མཁའ་འགྲོ་བདེ་བའི་ཡུམ༔ རིགས་བཞི་ཡབ་ཡུམ་དུས་གསུམ་སངས་རྒྱས་སྟོང་༔ འགྲོ་འདུལ་ཐུབ་དྲུག་རྩ་གསུམ་ཆོས་སྐྱོང་གིང་༔ སྒོ་བ་བཀའ་སྡོད་བྲན་དང་ཕོ་ཉར་གསལ༔ སྣང་བ་མ་འགགས་སྟོང་གསལ་ལྷ་ཡི་སྐུ༔ སྟོང་པའི་རྩལ་ཁ་ཐུགས་ཀར་ས་བོན་སྔགས༔ འགག་མེད་རོལ་པ་མཁྱེན་བརྩེ་ཡེ་ཤེས་ལྔ༔ འོད་དང་ཟེར་དུ་ཕྱོགས་བཅུ་ཀུན་ཏུ་འཁྲིགས༔ འཕགས་པ་མཆོད་ཅིང་འགྲོ་དྲུག་སྒྲིབ་པ་སྦྱངས༔ བདེ་གཤེགས་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ལྷ༔ རྩ་གསུམ་ཆོས་སྐྱོང་བཀའ་སྲུང་གཏེར་བདག་རྣམས༔ དུ་མ་རོ་གཅིག་ཆོས་དབྱིངས་ཕོ་བྲང་འདིར༔ ཡེ་ཤེས་བདེ་སྟོང་སྐུ་ཡི་དབྱིངས་སུ་རྒྱས༔ གྲག་སྟོང་བརྗོད་མེད་སྔགས་ཀྱི་རང་སྒྲ་སྒྲོགས༔ དྲན་བསམ་རང་གྲོལ་ཐུགས་རྗེ་ཆེན་པོའི་ཐུགས༔ འཁོར་འདས་ཡོངས་གྲོལ་ངང་ནས་འཛབ་འདི་བགྲངས༔ བསྙེན་སྒྲུབ་ལས་སྦྱོར་མཐའ་རུ་མ་ཕྱིན་བར༔ སྐྱེ་འཆི་སྲོག་གི་ཕྱིར་ཡང་མི་གཏོང་བསྒྲུབ༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་བྷུདྡྷ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཞེས་རྩ་སྔགས་འདི་འབུམ་ཚོ་བཅུ་བཟླ་བ་གྲངས་བསྙེན་ནོ། བསྒྲུབ་པའི་དུས་སུ་དམ་རྫས་བདག་མདུན་བུམ༔ ཆོས་དབྱིངས་ཕོ་བྲང་དཀྱིལ་འཁོར་ཆེན་པོའི་དབུས༔ ཐུགས་རྗེ་ཆེན་པོ་རྩ་གསུམ་ཆོས་སྐྱོང་བཅས༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པའི་སྐུ༔ མ་ལུས་ཏིལ་གང་ཁ་ཕྱེས་ལྟ་བུར་གསལ༔ དམ་ཚིགས་གཟུངས་ཀྱིས་བསྡུས་པའི་ཕྲེང་ཐག་ལ༔ རིག་པ་སྲོག་གིས་བསྡུས་པའི་ལུ་གུ་རྒྱུད༔ སྔགས་ཀྱི་ཕྲེང་བའི་འོད་ཟེར་སྤྲོ་བསྡུ་བསྒྱུར༔ ལྷ་ཚོགས་ཐམས་ཅད་སྙོམས་འཇུག་བདུད་རྩི་ཆེ༔ ཡེ་ཤེས་ལྔ་ཡི་རང་བཞིན་བཅུད་དུ་འཁྱིལ༔ གསང་བའི་མཁའ་ལས་བསྒྲུབ་པའི་སྣོད་དུ་བསྐྱིལ༔ མཆོག་ཐུན་དངོས་གྲུབ་བླ་མེད་བྱང་ཆུབ་ཀྱི༔ འབྲས་བུ་སྐད་ཅིག་ཉིད་ལ་ཐོབ་པར་བསམས༔ མ་ཡེངས་ཏིང་འཛིན་ངང་ནས་འཛབ་འདི་བགྲང་༔ ཨཱོཾ་ཨཱཿཧཱུྃ་ཧྲཱི༔ ཨཱོཾ་མ་ཎི་པདྨེ་བྷུདྡྷ་ཛྙཱ་ན་གུ་རུ་དྷེ་ཝ་དྷཱཀྐི་ནི་ཙིཏྟ་ཧྲིང་ཧྲིང་ཛཿཛཿསརྦ་སིདྡྷི་ཧཱུྃ༔ ལས་སྦྱོར་བཞི་ལ་རྩ་སྔགས་ཤམ་བུ་བསྒྱུར༔ ཨཱོཾ་ནད་གདོན་བར་ཆད་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ སྭཱ་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཥྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱ་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་ཐམས་ཅད་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ གནོད་བྱེད་དགྲ་བགེགས་དུག་ལྔ་དུག་གསུམ་ཐམས་ཅད་མཱ་ར་ཡ་ཕཊ༔ ༈སྐབས་སྐབས་ཆོས་དབྱིངས་འགགས་མེད་ཐུགས་རྗེའི་ཀློང་༔ ཧཱུྃ་ཡིག་ཁྲོ་ཆུང་ཕྱོགས་མཚམས་སྟེང་འོང་གང་༔ གསང་བ་སྒྲུབ་ལ་མི་དབང་གདོན་བགེགས་བསྐྲད༔ དམ་མེད་འབྱུང་པོ་རྡུལ་དུ་བརླགས་པར་བསམས༔ བསྲུང་བའི་གོ་བསྒོ་ད་ལ་འཆམས་སྟབས་བསྐོར༔ ཧཱུྃ་སྒྲ་སྒྲོག་ཅིང་ཐུན་བྲབ་གུ་གུལ་བསྲེག༔ གིང་པ་རྒྱུག་ཅིང་ཉིན་མཚན་ཐུན་དྲུག་ཏུ༔ འདི་ལ་བརྩོན་ན་དངོས་གྲུབ་བར་ཆད་བྲལ༔ རོལ་མོ་ལྡིར་ཞིང་ཡེ་ཤེས་བྱིན་ཡང་དབབ༔ དེ་དག་རྣམས་ནི་བསྒྲུབ་པའི་དངོས་གཞིའོ༔ སྐབས་སུ་མཆོད་བསྟོད་གོང་ལྟར་བྱ་ཞིང་དངོས་གྲུབ་བླང་བའི་རིམ་པ་ལ། རྫས་མཆོག་ཆེན་པོ་བུམ་སྒྲུབ་ཀྱི་རིལ་བུའམ༔ བྷནྡྷ་བྱང་སེམས་དཀར་དམར་དང་ཨ་མྲྀ་ཏ་བཏབ་པ་རིག་མས་ཐོགས་ཤིང་༔ ཧཱུྃ༔ བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ དུས་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམས༔ ཆོས་དབྱིངས་དག་པའི་དབྱིངས་ནས་སྐུ་བསྐྱོད་ལ༔ རྗེས་འཇུག་རྣལ་འབྱོར་སྒྲུབ་མཆོག་འཁོར་བཅས་ལ༔ བྱམས་དང་བརྩེ་བའི་ཐུགས་རྗེའི་རྗེས་ཆགས་མཛོད༔ སྐྱ་རེངས་དང་པོ་ཤར་བའི་དུས་ཆེན་ལ༔ མ་སྲིང་རྒྱལ་བ་རྒྱ་མཚོའི་ནམ་ལངས་ཉེ༔ མཆོག་ཐུན་དངོས་གྲུབ་འབེབས་པའི་དུས་ལ་བབ༔ ཡེ་ཤེས་ལྷ་ཚོགས་སྲུང་མ་གཉན་པོ་རྣམས༔ དམ་ཚིག་གཞུང་བཞིན་བསྒྲུབ་པའི་རིག་འཛིན་ལ༔ དངོས་གྲུབ་སྩོལ་ལ་བྱིན་གྱིས་བརླབ་ཏུ་གསོལ༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་རབ་འབྱམས་དང་༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་བརྗིད༔ སྙན་གྲགས་ཚེ་བསོད་དཔལ་འབྱོར་འདུ་བ་བཞི༔ མ་ལུས་ཐམས་ཅད་དེང་འདིར་བདག་ལ་སྩོལ༔ རྩ་སྔགས་ཤམ་བུར༔ ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བརྗོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་ཚོགས་བསྐང་བྱ་བ་ནི༔ ཚོགས་ཀྱི་ཡོ་བྱད་ཚོགས་པར་བཤམས༔ བསང་ཆུ་གཏོར་ཞིང་བདུད་རྩིས་བྲན༔ རོལ་མོ་འཁྲོལ་ཞིང་འདི་སྐད་དོ༔ ཧཱུྃ༔ བླ་མེད་མཆོད་པ་ཚོགས་ཀྱི་ལོངས་སྤྱོད་འདི༔ གཉིས་འཛིན་བྲལ་ཡང་རཾ་ཡཾ་ཁཾ་གིས་སྦྱངས༔ གདོད་ནས་དག་ཀྱང་བདུད་རྩིར་བྱིན་གྱིས་བརླབས༔ གཟུང་འཛིན་བྲལ་ཡང་ཨཱོཾ་ཨཱཿཧཱུྃ་གིས་སྤེལ༔ རཾ་ཡཾ་ཁཾ༔ ལན་གསུམ། ཨཱོཾ་ཨཱཿཧཱུྃ་ཧ་ཧོ་ཧྲི་ཕེཾ་ཕེཾ༔ ལན་གསུམ། ཚོགས་ལ་སྤྱན་འདྲེན་པ་ནི༔ ཧཱུྃ༔ སྐུ་གསུམ་བཀའ་བརྒྱུད་ཟབ་ལམ་གསང་བའི་ལྷ༔ རྩ་གསུམ་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་རྣམས༔ མི་མངོན་དབྱིངས་ནས་སྤྱན་འདྲེན་གཤེགས་སུ་གསོལ༔ ཆོས་ཀྱི་དབྱིངས་ནས་སྐུ་བསྐྱོད་ཡ་ལ་ལ༔ རིན་ཆེན་རྒྱན་ཆ་རུས་རྒྱན་ཁྲོ་ལོ་ལོ༔ དར་ཟབ་ལྷབ་ལྷུབ་ཅོད་པན་པུ་རུ་རུ༔ རཏྣ་གསེར་གྱི་གདུ་བུ་སི་ལི་ལི༔ དཔའ་བོ་དཔའ་མོས་གླུ་ལེན་གར་བྱེད་འཁྲབ༔ གིང་དང་ལང་ཀས་བཤུད་གླུ་ཀྱུ་རུ་རུ༔ རྔ་ཤང་རོལ་མོའི་སྒྲ་སྐད་དི་རི་རི༔ མ་ལུས་འཁོར་བཅས་ཚོགས་ཁང་གནས་འདིར་བསྐྱོད༔ འདོད་ཡོན་ལོངས་སྤྱོད་ཚོགས་འཁོར་རྒྱན་ལྡན་སྤྲོ༔ གསང་བའི་དཀྱིལ་འཁོར་སྒྲུབ་རྫས་མདངས་རེ་གསལ༔ མཆེད་ལྕམ་རྣལ་འབྱོར་ཕོ་མོ་དམ་རེ་གཙང་༔ མ་ལུས་འཁོར་བཅས་ཚོགས་ལ་སྤྱན་འདྲེན་གཤེགས༔ ཚོགས་ཕུད་ནི༔ ཧཱུྃ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་དམ་པ་འདི༔ ཐུགས་རྗེ་ཆེན་པོ་དབང་གི་ལྷ་ཚོགས་ལ༔ གཉིས་སུ་མེད་པའི་ཚུལ་གྱིས་འབུལ་ལགས་ན༔ འདུ་འབྲལ་མེད་པའི་ངང་དུ་བཞེས་སུ་གསོལ༔ བྷུདྡྷ་གུ་རུ་དྷེ་ཝ་དྷཱཀྐི་ནི་གྷ་ན་ཙཀྲ་པཱུ་ཙ་ཁཱ་ཧི་ཁཱ་ཧི༔ དེ་ནས་བསྐང་བ་ནི༔ སྤོས་དང་མར་མེ་རོལ་མོ་སྣ་ཚོགས་ཐོགས་ཏེ་ད་ལ་འཆམས་སྟབས་ཀྱིས་བསྐོར་ཞིང་ཐུགས་དམ་བསྐང་བ་འདི་སྐད་དོ༔ ཧཱུྃ༔ ཟབ་ལམ་གསང་བའི་ཕོ་བྲང་གཉན་པོ་འདིར༔ ཕྱི་ནང་གསང་བའི་དམ་རྫས་རི་ལྟར་སྤུངས༔ སྨན་རཀ་འདོད་ཡོན་ལོངས་སྤྱོད་མཚོ་ལྟར་བསྐྱིལ༔ གྷ་ནའི་ཞལ་ཟས་སྤྱན་གཟིགས་སྐར་ལྟར་བཀྲམ༔ སེམས་ཉིད་ཆོས་དབྱིངས་ནམ་མཁའ་མཐའ་དབུས་བྲལ༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ཐུགས་དམ་བསྐང་༔ ཧཱུྃ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ རིགས་བདག་སྣང་བ་མཐའ་ཡས་ཐུགས་དམ་བསྐང་༔ ཤར་ཕྱོགས་རི་བོ་ཏ་ལའི་གནས་མཆོག་ནས༔ ལོངས་སྐུ་ཐུགས་རྗེ་ཆེན་པོའི་ཐུགས་དམ་བསྐང་༔ ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ནས༔ སྤྲུལ་སྐུ་པདྨ་འབྱུང་གནས་ཐུགས་དམ་བསྐང་༔ བསམ་ཡས་མཆིམས་ཕུ་རྫ་ཡི་དུར་ཁྲོད་ནས༔ སྐལ་ལྡན་བུད་མེད་གྲོགས་ལྔའི་ཐུགས་དམ་བསྐང་༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ ཕྱི་ཡི་མཆོད་པ་འདོད་ཡོན་ལོངས་སྤྱོད་ཚོགས༔ ནང་གི་མཆོད་པ་སྨན་གཏོར་རཀྟ་དང་༔ གསང་བའི་མཆོད་པ་བདེ་སྟོང་དགའ་བ་བཞིས༔ སྐུ་གསུམ་བརྒྱུད་པའི་བླ་མའི་ཐུགས་དམ་བསྐང་༔ ཧཱུྃ༔ ཟབ་ལམ་གསང་བའི་ཕོ་བྲང་གཉན་པོ་ནས༔ ཡི་དམ་ཐུགས་རྗེ་ཆེན་པོའི་ཐུགས་དམ་བསྐང་༔ བདེ་སྟོང་རང་བཞིན་དག་པ་ཆེན་པོ་ནས༔ གསང་ཡེ་དྷཱཀྐི་དམར་མོའི་ཐུགས་དམ་བསྐང་༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ ཕྱི་ཡི་མཆོད་པ་འདོད་ཡོན་ལོངས་སྤྱོད་ཚོགས༔ ནང་གི་མཆོད་པ་སྨན་གཏོར་རཀྟ་དང་༔ གསང་བའི་མཆོད་པ་བདེ་སྟོང་དགའ་བ་བཞིས༔ ཟབ་ལམ་གསང་འདུས་ཡབ་ཡུམ་ཐུགས་དམ་བསྐང་༔ ཧཱུྃ༔ ཤར་ཕྱོགས་ཞེ་སྡང་རྣམ་དག་གཞལ་ཡས་ནས༔ རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཐུགས་དམ་བསྐང་༔ ལྷོ་ཕྱོགས་ང་རྒྱལ་རྣམ་དག་གཞལ་ཡས་ནས༔ རིན་ཆེན་འབྱུང་ལྡན་ཡབ་ཡུམ་ཐུགས་དམ་བསྐང་༔ ནུབ་ཕྱོགས་འདོད་ཆགས་རྣམ་དག་གཞལ་ཡས་ནས༔ སྣང་བ་མཐའ་ཡས་ཡབ་ཡུམ་ཐུགས་དམ་བསྐང་༔ བྱང་ཕྱོགས་ཕྲག་དོག་རྣམ་དག་གཞལ་ཡས་ནས༔ དོན་ཡོད་གྲུབ་པ་ཡབ་ཡུམ་ཐུགས་དམ་བསྐང་༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ ཕྱི་ཡི་མཆོད་པ་འདོད་ཡོན་ལོངས་སྤྱོད་ཚོགས༔ ནང་གི་མཆོད་པ་སྨན་གཏོར་རཀྟ་དང་༔ གསང་བའི་མཆོད་པ་བདེ་སྟོང་དགའ་བ་བཞིས༔ དཔའ་བོ་ཡབ་ཡུམ་བརྒྱད་ཀྱི་ཐུགས་དམ་བསྐང་༔ ཧཱུྃ༔ ཕོ་བྲང་ཆེན་པོའི་བར་ཁྱམས་ཡངས་པ་ནས༔ དུས་གསུམ་སངས་རྒྱས་སྟོང་གི་ཐུགས་དམ་བསྐང་༔ ཐུགས་རྗེས་འགྲོ་བ་འདུལ་བའི་ཞིང་ཁམས་ནས༔ འགྲོ་མགོན་ཐུབ་པ་དྲུག་གི་ཐུགས་དམ་བསྐང་༔ མཆོག་ཐུན་དངོས་གྲུབ་སྩོལ་བའི་གཞལ་ཡས་ནས༔ རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་ཐུགས་དམ་བསྐང་༔ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས༔ བཀའ་ཉན་སྒོ་མ་བཞི་ཡི་ཐུགས་དམ་བསྐང་༔ ཕྱི་རིམ་དུར་ཁྲོད་ཆེན་པོ་གནས་བརྒྱད་ནས༔ ཞིང་སྐྱོང་དཔའ་བོ་དཔའ་མོའི་ཐུགས་དམ་བསྐང་༔ རང་བཞིན་གདོད་ནས་དག་པའི་གཞལ་ཡས་ནས༔ འཁོར་འདས་གཉིས་མེད་ཡོངས་གྲོལ་ཐུགས་དམ་བསྐང་༔ ཕྱི་སྣོད་ནང་བཅུད་ཀ་དག་ཆོས་དབྱིངས་ནས༔ རིགས་དྲུག་ཕ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ མ་རིག་གཉིས་འཛིན་རང་གྲོལ་གཞལ་ཡས་ནས༔ ལན་ཆགས་གདོན་བགེགས་འབྱུང་པོའི་ཐུགས་དམ་བསྐང་༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ ཕྱི་ཡི་མཆོད་པ་འདོད་ཡོན་ལོངས་སྤྱོད་ཚོགས༔ ནང་གི་མཆོད་པ་སྨན་གཏོར་རཀྟ་དང་༔ གསང་བའི་མཆོད་པ་བདེ་སྟོང་དགའ་བ་བཞིས༔ རབ་འབྱམས་དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཤགས་པ་ནི༔ ཧཱུྃ༔ མ་རིག་ཉམས་ཆག་འགལ་འཁྲུལ་ཅི་མཆིས་རྣམས༔ ཡེ་ཤེས་ལྷ་ཚོགས་སྲུང་མའི་སྤྱན་སྔ་རུ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་མཐོལ་བཤགས་ན༔ ཉམས་ཆག་སྐོངས་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཅེས་དང་། གཞན་ཡང་། ཀྱེ་མ་ཀྱེ་མ་ཡི་དམ་དཀྱིལ་འཁོར་ལྷ༔ ཟབ་ལམ་གསང་བའི་ལྷ་ཚོགས་དགོངས་སུ་གསོལ༔ བདག་ནི་ཐོག་མ་མེད་ནས་ད་བར་དུ༔ ལམ་ལོག་ལམ་ནོར་སྲིད་པ་འདིར་འཁྱམས་ཏེ༔ མ་རིག་རང་བྱས་ལས་ཀྱིས་རང་ཉིད་མནར༔ ཡི་ཆད་བདག་ལ་ཐུགས་རྗེས་ད་གཟིགས་ཤིག༔ ལས་ཀྱི་འཕྲོ་ཆད་སྐྱབས་དང་མགོན་མེད་ན༔ བྱམས་མགོན་ཐུགས་རྗེ་ཆུང་བར་མི་འགྱུར་རམ༔ གྲངས་མེད་བསྐལ་པའི་དུས་ནས་ད་བར་དུ༔ རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་དང་༔ ཉེས་བྱས་འགལ་འཁྲུལ་མི་དགེ་ཅི་བགྱིས་པ༔ ཚོར་དང་མ་ཚོར་མ་རིག་རྐྱེན་དབང་གིས༔ ལས་ཉོན་རྣམ་སྨིན་བག་ཆགས་རྒྱུ་བསགས་ཀུན༔ གནོང་འགྱོད་དྲག་པོས་མཐོལ་བཤགས་བཟོད་པར་བཞེས༔ ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཅེས་བརྗོད། ཡི་གེ་བརྒྱ་པས་ཁ་བསྐང་ཞིང་༔ མི་རྟོག་ཏིང་འཛིན་ངང་ལ་མཉམ་པར་བཞག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཚོགས་ཐ་མ་ནི༔ ཧཱུྃ༔ ཟ་གསོད་རྔམ་པའི་ཕོ་ཉ་ལས་བྱེད་ཚོགས༔ ཆོས་དབྱིངས་ངང་ནས་སྤྲུལ་པའི་འཁོར་ལོས་སྒྱུར༔ གཏུམ་དྲག་རྔམ་བརྗིད་འབར་ཁྲོས་དགྲ་བགེགས་འཇོམས༔ དགྲ་བགེགས་འབྱུང་པོ་ཐལ་བ་རྡུལ་དུ་རློགས༔ ནྲི་ཏྲི་དགྲ་བགེགས་འབྱུང་པོ་ཧ་ན་ཧ་ན་གྷརྫ་གྷརྫ་བྷནྡྷ་བྷནྡྷ་མཱ་ར་ཡ་ཕཊ༔ བསྟབ་པ་ནི༔ ཧཱུྃ༔ མ་རིག་གཉིས་འཛིན་བསྒྲལ་བའི་ཤ་ཁྲག་རུས༔ འཁོར་འདས་མཉམ་ཉིད་རང་གྲོལ་མཆོད་པ་འདི༔ དཔལ་གྱི་སྤྲུལ་པ་དཔལ་གྱི་ཕོ་ཉ་བ༔ ལས་བྱེད་དམ་ཅན་རྒྱ་མཚོའི་ཞལ་དུ་བསྟབ༔ དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་རཾ་ཁཱ་ཧི༔ ལྷག་མ་ནི༔ ཧཱུྃ༔ ཟབ་ལམ་གསང་བའི་ཕོ་བྲང་ཁོར་ཡུག་ནས༔ ལས་བྱེད་ཤ་ཟ་མ་སྲིང་བྲན་གཡོག་འབུམ༔ ཞིང་སྐྱོང་དཔའ་བོ་དཔའ་མོ་དུར་ཁྲོད་བདག༔ མཁའ་ལ་རྒྱུ་ཞིང་རྣལ་འབྱོར་ཚོགས་ཁང་འགྲིམ༔ འདིར་གཤེགས་ཚོགས་ལྷག་མཆོད་པ་འདི་བཞེས་ལ༔ བཅོལ་བའི་ལས་སྒྲུབས་བཀའ་དང་བསྟན་པ་སྲུངས༔ སརྦ་དྷཱཀྐ་དྷཱཀྐི་ནིཿགྷྲི་ཧ་ན་ཨེ་དཾ་བྷ་ལིངྟ་ཁཱ་ཧི་ཁཱ་ཧི༔ ཆད་མདོ་བྱ་བ་ནི༔ གཏོར་མར་སྨན་རཀ་སྦྲེང་ལ་འདི་སྐད་དོ༔ ཧཱུྃ༔ དམ་ལ་བཏགས་པའི་ལྷ་སྲིན་སྡེ་བརྒྱད་འབུམ༔ བཀའ་ཉན་ལས་བྱེད་བྲན་གཡོག་འཁོར་དང་བཅས༔ སྔོན་ཚེ་དཔལ་གྱི་བཀའ་ལུང་དམ་བཅས་ལྟར༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སྡང་བའི་དགྲ་བོ་གནོད་བྱེད་གདོན་གྱི་ཚོགས༔ ཟ་འདྲེ་ཕུང་སྲི་རྨི་ལྟས་མཚན་མ་ངན༔ ཆག་ཆེ་ཉམ་ང་མཐའ་ཡི་དམག་དཔུང་བཟློག༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད༔ བསྟན་མ་སྐྱོང་བ་ནི༔ ཧཱུྃ༔ དགུང་སྔོན་མཐོན་པོ་གངས་རི་གཡའ་སྤང་ནགས༔ གངས་ཅན་མཐའ་དབུས་ཀུན་ལ་གནས་པ་ཡི༔ བསྟན་མ་ཆེན་མོ་བྲན་གཡོག་སྨན་མོ་འབུམ༔ སློབ་དཔོན་ཆེན་པོ་པདྨ་ཐོད་འཕྲེང་དང་༔ སློབ་མ་རྗེ་འབངས་བུད་མེད་གྲོགས་ལྔ་ཡིས༔ མཆིམས་ཕུའི་དུར་ཁྲོད་དཔལ་གྱི་དཀྱིལ་འཁོར་སྟེང་༔ བཀའ་བསྒོས་བྲོ་བོར་གཉེར་གཏད་ལུང་ཡང་བསྟན༔ འཇིག་རྟེན་མ་འདས་བར་དུ་དམ་བཅས་བཞིན༔ གཏོར་མ་བཞེས་ལ་དམ་བཞིན་བསྟན་པ་སྐྱོང་༔ མ་མ་ཏང་ཏང་ཏིང་ཏིང་ཨེ་དཾ་བྷ་ལིངྟ་ཁཱ་ཧི་ཁཱ་ཧི༔ གཏོར་གཞོང་བྲོ་བརྡུང་ནི༔ ཧཱུྃ༔ རིགས་འདུས་རྒྱལ་བའི་དཀྱིལ་འཁོར་ལྷ་ཡི་ཚོགས། །ཆོས་ཀྱི་དབྱིངས་ནས་གང་འདུལ་སྐུར་བཞེངས་ཏེ། །དབང་ཆེན་རོལ་བའི་བརྟུལ་ཞུགས་བྲོ་བརྡུང་ནས། །སྒྲུབ་ལ་འཚེ་བྱེད་སྒབ་འདྲེ་རྡུལ་དུ་རློགས། །དམ་སྲི་སརྦ་སྟཱམ་བྷ་ཡ་ནན། ཞེས་པ་འདི་ཡང་པདྨའི་མིང་ཅན་གྱིས་བྲིས་པའོ། །དེ་ནས་གཏང་རག་གི་མཆོད་བསྟོད་བྱ་ཞིང་ནོངས་བཤགས་ཡིག་བརྒྱ་བཟླ། གཤེགས་གསོལ་རྫོགས་རིམ་ནི། ཧཱུྃ༔ ཐུགས་རྗེའི་དབང་གིས་འགྲོ་བའི་དོན་མཛད་པའི༔ ཟབ་ལམ་གསང་བའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ གཤེགས་མཆན་གཤེགས་གསོལ་མི་བྱེད་དུས་སུ་ཚིག་གཅིག་འདི་བཞག་གོ། བཞུད་མེད་ཀྱང་ཆོས་ཀྱི་དབྱིངས་སུ་མུ༔ བསྐྱེད་རྫོགས་མེད་ཀྱང་ཐིག་ལེ་ནཱ་དར་ཡལ༔ མ་བཅོས་སྤྲོས་བྲལ་ཆོས་སྐུ་དེ་བཞིན་ཉིད༔ ཨཱ་ཨཱ༔ བསྔོ་བ་སྨོན་ལམ་ནི༔ ཧཱུྃ༔ བསྐྱེད་རྫོགས་ཏིང་འཛིན་ལྷ་ཡི་རྣལ་འབྱོར་དང་༔ སྒོམ་སྒྲུབ་མན་ངག་ཟབ་མོ་སྤྱོད་པའི་མཐུས༔ བདག་སོགས་ཕ་མ་རིགས་དྲུག་འགྲོ་བ་རྣམས༔ ཆོས་དབྱིངས་ཀློང་དུ་མངོན་པར་འཚང་རྒྱ་ཞིང་༔ གང་འདུལ་སྤྲུལ་པས་འགྲོ་རྣམས་སྒྲོལ་བར་ཤོག༔ བཀྲ་ཤིས་ནི། ཧཱུྃ༔ ཆོས་སྐུའི་བཀྲ་ཤིས་རྒྱལ་བ་འོད་དཔག་མེད༔ སྣང་སྲིད་འཁོར་འདས་ཡོངས་གྲོལ་བཀྲ་ཤིས་ཤོག༔ ལོངས་སྐུའི་བཀྲ་ཤིས་བྱམས་མགོན་སྤྱན་རས་གཟིགས༔ ས་ལམ་ཡོན་ཏན་མཐར་ཕྱིན་བཀྲ་ཤིས་ཤོག༔ སྤྲུལ་སྐུའི་བཀྲ་ཤིས་རིག་འཛིན་ཐོད་ཕྲེང་རྩལ༔ འགྲོ་དྲུག་འཁོར་བ་དོང་སྤྲུག་བཀྲ་ཤིས་ཤོག༔ གསང་ཡུམ་བཀྲ་ཤིས་སྐལ་ལྡན་བུད་མེད་ལྔ༔ བདེ་སྟོང་དགའ་བཞི་མཐར་ཕྱིན་བཀྲ་ཤིས་ཤོག༔ རྩ་གསུམ་བཀྲ་ཤིས་ཟབ་ལམ་དཀྱིལ་འཁོར་ལྷ༔ མཆོག་ཐུན་དངོས་གྲུབ་མཐར་ཕྱིན་བཀྲ་ཤིས་ཤོག༔ ཅེས་དང་། གཞན་ཡང་བཀྲ་ཤིས་ཀྱི་རིམ་པ་རྒྱས་པར་བརྗོད་ཅིང་མེ་ཏོག་གི་ཆར་ཕྱོགས་ཀུན་ཏུ་ཕབ་པར་བྱའོ། །བླ་མེད་རྒྱུད་སྡེའི་དགོངས་བཅུད་ཟབ་པའི་ལམ། །པད་འབྱུང་ཐུགས་ཐིག་མན་ངག་སྙིང་པོའི་ཆོས། །འཆི་མེད་བདེ་ཆེན་མཆོག་ཏུ་སྦྱིན་འགྱུར་འདིས། །མ་ལུས་འགྲོ་བའི་སྐྱབས་མགོན་བྱེད་པར་ཤོག །དེ་ལྟར་ཟབ་ལམ་ཐུགས་རྗེ་ཆེན་པོའི་སྒྲུབ་པ་ལས་བྱང་གི་རིམ་པ་འཆི་མེད་བདེ་བ་ཆེན་པོའི་ཞིང་དུ་འགྲོ་བའི་ལམ་བཟང་ཞེས་བྱ་བ་ལག་ལེན་གབ་འཁྲུག་མེད་པར་བསྒྲིིགས་པ་འདི་ནི། གཏེར་ཆེན་འགྲོ་འདུལ་གླིང་པ་ཉིད་ཀྱི་ཕྱག་བཞེས་མ་ནོར་བ། དྲིན་ཅན་བླ་མ་དམ་པའི་ཞལ་རྒྱུན་དང་ཕྱག་བཞེས་མཐོང་རྒྱུད་ལྟར་ཁམས་སྟོད་ཀྱི་བནྡྷེ་རྣམ་རྒྱལ་མིང་གིས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ། བརྩེ་ཆེན་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་གར། །འགྲོ་དྲུག་ཡོངས་ཀྱི་འདྲེན་མཆོག་པད་དཀར་འཆང་། །ཐུགས་རྗེའི་རྗེས་འཛིན་ཟབ་ལམ་དབང་མཛད་ལྷར། །རྣམ་རོལ་སྒྱུ་དྲར་ཡོངས་བཞེངས་སྒྲུབ་པའི་ཐབས། །རྗེ་དབོན་རྡོ་རྗེ་འཆང་གི་ལྗགས་བསྒྲིགས་གང་། །མི་འགྱུར་ཕན་དང་བདེ་བའི་རྒྱ་མཚོ་ཆེའི། །ཐུགས་བསྐྱེད་ཚོགས་གཉིས་ཆུ་གཏེར་བསྲུབ་པ་ལས། །ཉེ་བར་ཐོན་པའི་གཅིག་ལས་གྲངས་མེད་དུ། །འཆར་པའི་ཕྱི་མོ་རྣམ་དཔྱོད་རྟ་བདུན་ཁྲིར། །འཇོ་སྒེག་འོད་སྟོང་འཆར་བའི་པར་ཡིག་དཔྱད། །བསྒྲུབ་པའི་དགེ་བས་རྒྱལ་བསྟན་འདབ་སྟོང་རྒྱས། །འགྲོ་སྒྲིབ་མུན་གཞིལ་ཐར་ལམ་སྣང་གྱུར་ཅིག །ཅེས་ཟབ་ལམ་ཐུགས་རྗེ་ཆེན་པོའི་ལས་བྱང་ཆོག་ཁྲིགས་ཀྱི་པར་ཤིང་ཕག་ལོར་ཤར་སྟག་མོ་སྒང་དུ་བསྒྲུབ་པའི་སྨོན་ཚིག་བྱང་བུ་ཉུང་ངུ་བཀའ་འབངས་ཐ་ཤལ་བ་རིག་འཛིན་མིང་གིས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾ།། །།


previousའཕགས་མཆོག་ཐུགས་རྗེ་ཆེན་པོ་ཟབ་ལམ་གསང་བའི་སྒྲུབ་པ་ལས་བྱང་གི་རིམ་པ་འཆི་མེད་བདེ་བ་ཆེན་པོའི་ཞིང་དུ་འགྲོ་བའི་ལམ་བཟང་།next