Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བརྒྱད་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཟབ་ལམ་ཐུགས་རྗེ་ཆེན་པོའི་སྨིན་བྱེད་དབང་བཞིའི་ཆོ་ག་ཁྲིགས་སུ་སྡེབས་པ་ཟབ་དོན་གསལ་བའི་སྒྲོན་མེ།
  expand section
  expand section
  expand section
  expand section


 
previousཟབ་ལམ་ཐུགས་རྗེ་ཆེན་པོའི་སྨིན་བྱེད་དབང་བཞིའི་ཆོ་ག་ཁྲིགས་སུ་སྡེབས་པ་ཟབ་དོན་གསལ་བའི་སྒྲོན་མེ།next

ཟབ་ལམ་ཐུགས་རྗེ་ཆེན་པོའི་སྨིན་བྱེད་དབང་བཞིའི་ཆོ་ག་ཁྲིགས་སུ་སྡེབས་པ་ཟབ་དོན་གསལ་བའི་སྒྲོན་མེ།

ཟབ་ལམ་ཐུགས་རྗེ་ཆེན་པོའི་སྨིན་བྱེད་དབང་བཞིའི་ཆོ་ག་ཁྲིགས་སུ་སྡེབས་པ་ཟབ་དོན་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཟབ་ལམ་ཐུགས་རྗེ་ཆེན་པོའི་དབང་གི་ཆོ་ག་བཞུགས་སོ༔ ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ ཐུགས་རྗེ་ཆེན་པོ་འགྲོ་བའི་སྐྱབས༔ ཟབ་ལམ་གསང་བའི་དབང་ཆོག་ཅིག༔ རིག་འཛིན་པདྨ་བདག་གིས་བྲི༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྔོན་འགྲོ་ཐུན་མོང་ཁྱད་པར་གསུམ༔ དངོས་གཞིའི་དབང་དོན་སྡོམ་པ་བཞི༔ རྗེས་ཆོག་ལས་རིམ་བདུན་དང་བཅས༔ སྐལ་ལྡན་འགྲོ་བའི་ཆོ་ག་རྫོགས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཐུན་མོང་དག་གི་ཆོ་ག་ནི༔ ས་ཆོག་དཀྱིལ་འཁོར་རང་གཞུང་བཞིན༔ དཀྱིལ་འཁོར་དབུས་སུ་ཁྲིའུ་ཁར༔ བུམ་པ་མཚན་ལྡན་མགུལ་ཆིངས་དམར༔ ཁ་རྒྱན་གཟུངས་ཐག་དྲི་བཟང་ཆུས༔ བུམ་ཆ་བཀང་བ་འགོད་པར་བྱ༔ ལྷ་གྲངས་མཉམ་པའི་ཙཀླི་དང་༔ ཡབ་ཡུམ་སྦྱོར་བའི་བྱང་སེམས་དང་༔ ཀ་ར་བུ་རམ་ཛ་གད་སྦྱར༔ ཐོད་པ་མཚན་ལྡན་ནང་དུ་བླུག༔ དར་དམར་ཁ་བཀབ་ནུབ་ཏུ་བཞག༔ དབང་གི་རིག་མ་སྟ་གོན་བྱ༔ རྡོ་རྗེ་སེམས་དཔའི་མེ་ལོང་གཅིག༔ དཀྱིལ་འཁོར་དེ་ཡི་ཤར་དུ་འགོད༔ ཚེ་བུམ་ཚེ་ཆང་ཚེ་རིལ་དང་༔ རྒྱན་ལྡན་དབང་གི་གཏོར་མ་རྣམས༔ ཕྱོགས་མཚམས་ཀུན་ཏུ་མཛེས་པར་བཀོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་གནས་ཁང་རྙིང་པ་ས་ཆོག་བཏང་སྙོམས་སུ་བཞག །གསར་པ་གང་འགྲུབ་བྱ་ཞིང་རས་བྲིས་ལའང་ལས་དང་བྱ་བ་དོར་བ་མ་གཏོགས་ས་ཆོག་གཏོང་བར་བཤད་ཀྱང་། རེ་ཞིག་བཏང་སྙོམས་སུ་རས་བྲིས་སམ་ཚོམ་བུ་གང་རུང་ལ་དབང་རྫས་སྟ་གོན་གྱི་རྫས་རྣམས་དང་། དམ་ཆུ། མེ་ཏོག །ཅོད་པཎ། བུམ་དབང་ལ་རྣམ་རྒྱལ་བུམ་པ་དབུས༔ དེ་མདུན་མེ་ལོང་གཡའ་དག་ལ་གཙོ་བོའི་སྐུ༔ རིགས་བདག་སེམས་དཔའ་བཞི༔ སྒོ་མ་བཞི༔ གསང་དབང་ལ། ཆོས་སྨན་སྦྱར་བའི་ཐོད་ཆང་། མུ་ཏྲའི་ཙཀ་ལི་གཡས༔ ཤེར་དབང་ལ། མེ་ལོང་དྲི་མེད༔ ཤེལ་རྡོ་རྣམས་གཡོན། ཚོམ་བུ་ཚེ་རིལ་མདའ་དར་རྣམས་མདུན། དབང་གཏོར་རྒྱབ་མདུན་གང་དེར་བཞག །མཆོད་གཏོར་རྣམས་ཀྱང་ཚོགས་པར་བཤམས། ཆོས་སྤྱོད་གསོལ་འདེབས་དཀར་བགེགས་སོགས་རྒྱས་པར་བྱ་ཞིང་ལས་གཞུངས་བསྲང་། བསྙེན་པའི་སྐབས་སུ་བུམ་པ་སོགས་དབང་རྫས་རྣམས་སྒྲུབ་དམིགས་བྱེད་ནས་བཀའ་གཏེར་སྲུང་མཆོད་པ་ཚོགས་བསྐང་ལྷག་མ་བར་གཏོང་ལ༔ དེ་ནས་ཐུན་མོང་མ་ཡིན་པའི་སྔོན་དུ་འགྲོ་བའི་རིམ་པ་ནི༔ སློབ་དཔོན་དབང་གི་སྟ་གོན་ཏེ༔ ལས་བྱང་གཞུང་བསྲང་བདག་མདུན་བུམ༔ སྟོང་ཉིད་ངང་ལས་ལྷར་གསལ་ཞིང་༔ ཁྲི་སྟོང་བསྙེན་པའི་ཁ་གསོ་སྟེ༔ ཏིང་འཛིན་ངང་ནས་དབང་བཞི་བླངས༔ སློབ་མ་འཇུག་པའི་གསོལ་བ་གདབ༔ ཅེས་པའི་དོན། བདག་ཉིད་དཀྱིལ་འཁོར་གྱི་ལྷ་དང་རང་བཞིན་དབྱེར་མེད་དུ་བསྒོམ་ནས་རིག་པའི་མེ་ཏོག་དོར་བ་ཉིད་དོན་གྱི་དཀྱིལ་འཁོར་དུ་ཞུགས་པ་ཡིན་པས་མེ་ཏོག་འཐོར་བ་དང་བཅས། ཨོཾ་བཛྲ་ས་མ་ཡཱ་ཨོཾ༔ ཨཱཿབཛྲ་ས་མ་ཡཱ་ཨཱཿ ཧཱུྃ་བཛྲ་ས་མ་ཡཱ་ཧཱུྃ༔ སྭཱ་བཛྲ་ས་མ་ཡཱ་སྭཱ༔ ཧཱ་བཛྲ་ས་མ་ཡཱ་ཧཱ༔ ཞེས་མེ་ཏོག་ཕུལ་བས་བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་འབྲས་ཆོས་ལྔ་པོ་དབྱེར་མེད་རོ་གཅིག་ཏུ་བསམ་པའོ། ཨོཾ་ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བ། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡཱ་ཧཱུྃ༔ ཨོཾ་བཛྲ་ས་མ་ཡཱ་སྟྭཾ། ཨོཾ་བཛྲ་ས་མ་ཡཱ་ཧོ། ཞེས་དངོས་གྲུབ་བསྐུལ་ཞིང་བསྟིམ༔ དཀྱིལ་འཁོར་གྱི་ལྷ་ལ་ཐལ་མོ་སྦྱར་བ་བཏུད་དེ། འགྲོ་བའི་དོན་མཛད་སྤྱན་རས་གཟིགས༔ འཁོར་བ་དོང་ནས་སྤྲུགས་པའི་ཕྱིར༔ སྐལ་ལྡན་སློབ་མ་གྲོལ་བའི་ལམ༔ སྨིན་བྱེད་དབང་གི་སྒོ་དབྱེ་འཚལ༔ གཙོ་བོའི་གནང་བ་ཐོབ་པར་བསམ༔ མཎྜལ་ཕུལ་ནས་དགེ་བ་བསྔོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་ཁྱད་པར་སྔོན་འགྲོ་ནི༔ སྣོད་ལྡན་སློབ་མ་ལག་གཡོན་ཐོགས༔ ཕོ་བྲང་ཤར་གྱི་སྒོ་དྲུང་ནས༔ སྒོ་བར་གསོལ་འདེབས་འདི་སྐད་བརྗོད༔ ཧཱུྃ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ ཕོ་བྲང་གཉན་པོའི་སྒོ་བཞིའི་བདག༔ རྒྱལ་བའི་ཕྲིན་ལས་ཐུགས་རྗེའི་སྤྲུལ༔ བདག་ཅག་བླ་མ་ལྷ་དང་སྤྲོད༔ དབང་གི་དངོས་གྲུབ་བདག་ལ་སྩོལ༔ ཅེས་ཞུས་སྒོ་བས་ནང་དུ་གཏོང་༔ ཁྲུས་ནས་ཕྱུང་ཞིང་གདོན་བགེགས་བསྐྲད༔ གུ་གུལ་བདུག་ཅིང་དྲག་སྔགས་བཟླས༔ དཀར་ནག་ཡུངས་ཐུན་སོགས་གྱིས་བྲབ༔ མཚམས་གཅོད་སྲུང་འཁོར་དྲག་ཏུ་བསྒོམ༔ མཎྜལ་འབུལ་ཞིང་ལག་གཡོན་ཐོགས༔ གསོལ་བ་འདེབས་པ་འདི་སྐད་དོ༔ ཞེས་པས་བརྒྱུད་པའི་ལོ་རྒྱུས་སོགས་ཟབ་ཅིང་རྒྱ་ཆེ་བའི་ཆོས་བཤད་པས་སློབ་མ་རྣམས་བློ་བཅོས་དགོས་ལ༔ མཎྜལ་ཕུལ་མཛོད༔ ཅེས་བརྡ་སྤྲད་དེ༔ དེའང་ཁྱེད་རང་རྣམས་ཀྱིས་འཁོར་བའི་བདེ་འབྲས་དང་༔ ཉན་རང་གི་ཞི་བདེ་སོགས་དོན་དུ་གཉེར་བ་མ་ཡིན་པར་གཞན་ཕན་བྱང་ཆུབ་ཀྱི་སེམས་བཅོས་མིན་གྱི་སྙིང་རྗེ་ཆེན་པོས་ཀུན་ནས་སླངས་ཏེ༔ སྲིད་ཞིའི་མཐའ་ལ་མི་གནས་པའི་མྱང་འདས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མངོན་དུ་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་སྨིན་བྱེད་ཀྱི་དབང་སྐུར་ཞུ་ཞིང་ལམ་ཟབ་མོ་ཉམས་སུ་ལེན་པར་བྱ་སྙམས་པས་མི་ཕྱེད་དད་པའི་གདུང་ཤུགས་དང་བཅས་ཏེ། བླ་མ་དང་དཀྱིལ་འཁོར་གཙོ་བོ་ཟབ་ལམ་དབང་གི་ལྷ་ཐུགས་རྗེ་ཆེན་པོ་དང་དབྱེར་མི་ཕྱེད་པར་མོས་ནས་གསོལ་བ་གདབ་པ་འདིའི་རྗེས་བཟློས་གྱིས། འཕགས་པ་ཐུགས་རྗེའི་དབང་ཕྱུག་ཆེ༔ བདག་ཅག་འཁོར་བ་ལས་སྒྲོལ་ཕྱིར༔ ཟབ་ལམ་གསང་བའི་དབང་བསྐུར་རྣམས༔ བདག་ལ་ཐུགས་རྗེས་འཛིན་པར་ཞུ༔ ལན་དུ་བླ་མས་འདི་སྐད་བརྗོད༔ ཀྱེ་ཧོ་སྐལ་ལྡན་བུ་རྣམས་ཉོན༔ ཁྱེད་རྣམས་འཇུག་པ་སྤྲོ་ལགས་ན༔ དམ་ཚིག་རིམ་པ་བསྲུང་ནུས་སམ༔ བཀའ་བཞིན་རྗེས་སུ་སྒྲུབ་ནུས་སམ༔ ཞེས་དྲིས་པའི་ལན་དུ་འདི་སྐད་ཞུ༔ ཨེ་མ་བླ་མ་ཆོས་ཀྱི་རྗེ༔ གསང་བའི་དམ་ཚིག་བཀའ་བཞིན་བསྲུང་༔ སྲོག་ལ་བབ་ཀྱང་མི་གཏོང་ཞིང་༔ བསྙེན་ཅིང་སྒྲུབ་པ་དམ་བཅའོ༔ ཞེས་ཞུས་རྡོ་རྗེ་སློབ་དཔོན་གྱིས༔ གསོལ་བ་གདབ་བའི་རིམ་པ་སོང་ནས་དམིགས་པ་འདི་བཞིན་དུ་གྱིས༔ ས་ཕྱོགས་འདི་ཉིད་ཀྱང་ཐ་མལ་གྱི་སྣང་བ་འདི་ལྟ་བུ་མ་ཡིན་པའི་དྭངས་གསལ་གཉིས་སུ་མེད་པའི་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཞིང་ཁམས་ཀྱི་དབུས་སུ༔ དཀྱིལ་འཁོར་གྱི་གཙོ་བོ་འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པ་གསལ་བཏབ་ནས༔ དེ་དག་གི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམས་པས་འདིའི་རྗེས་ཟློས་གྱིས། ཧཱུྃ༔ བདེ་གཤེགས་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས༔ བླ་མེད་དམ་ཆོས་རིག་འཛིན་འཕགས་པའི་སྡེ༔ རྩ་གསུམ་ལྷ་ཚོགས་རྒྱལ་བའི་དཀྱིལ་འཁོར་ལྷ༔ འགྲོ་བའི་དོན་ཏུ་གུས་པས་སྐྱབས་སུ་མཆི༔ དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་ནི་མྱུར་དུ་རྒྱལ་བའི་གོ་འཕང་ཐོབ་པར་འགྱུར་ཏེ༔ མྱང་འདས་ལས། གང་སུ་གསུམ་ལ་སྐྱབས་སུ་འགྲོ། །དེ་དག་མྱུར་དུ་སངས་རྒྱས་འགྱུར། །ཞེས་དང་། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས་པས། ཐེག་པ་ཐུན་མོང་གི་རྨིང་རྡོ་སྐྱབས་སུ་འགྲོ་བའི་རིམ་པ་སོང་ནས། ཐེག་ཆེན་རྩ་བ་གཞན་ཕན་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གལ་ཆེ་སྟེ། མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་འབྲས་ལ་རྟག་ཏུ་སྤྱོད་པ་འདི་རྣམས་སྡུག་བསྔལ་ལས་བསྒྲལ་ཏེ་བྱང་ཆུབ་མཆོག་གི་གོ་འཕང་ལ་འགོད་པར་བྱ། དེའི་ཕྱིར་དུ་ཐེག་པ་ཆེན་པོའི་སེམས་བསྐྱེད་བླངས་ནས་ཚུལ་བཞིན་དུ་བགྱིའོ་སྙམས་པས་འདིའི་རྗེས་ཟློས་གྱིས། ཧཱུྃ༔ བདག་དང་འགྲོ་དྲུག་སྐྱེ་འགྲོ་མ་ལུས་པ༔ གཟུང་འཛིན་བག་ཆགས་དབང་གིས་འཁོར་བ་འཁྱམས༔ གཉིས་འཛིན་འཁྲུལ་པའི་སྒྲིབ་པ་སྦྱོང་བའི་ཕྱིར༔ ཟབ་ལམ་གསང་བའི་བསྐྱེད་རྫོགས་སྒྲུབ་པར་བགྱིད༔ དེ་ལྟར་ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕན་ཡོན་ཀྱང་། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམས་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་དང་ཡང་དེ་ཉིད་ལས། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་བཟུང་། །ཞེས་དང་། དེ་ལྟར་ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་ཚོགས་བསགས་པ་ནི། རང་བཞན་སེམས་ཅན་ཐམས་ཅད་ཀྱི་ལུས་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ། མཆོད་སྤྲིན་སྤྲོ་བ། སྡིག་པ་བཤགས་པ། དགེ་བ་ལ་རྗེས་སུ་ཡི་རང་བ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ། དགེ་བ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོ་བ་སྟེ་ཡན་ལག་བདུན་པ་ཚིག་ཕྱིར་སེམས་གཞོལ་བས་འདིའི་རྗེས་ཟློས་གྱིས། ཧཱུྃ༔ འཁོར་འདས་ཆོས་རྣམས་སྐུ་གསུམ་ཡེ་ཤེས་ཀློང་༔ ཀ་དག་བློ་འདས་ངང་ནས་ཕྱག་འཚལ་ཞིང་༔ རང་བྱུང་ཏིང་འཛིན་དགོངས་བརྒྱུད་དག་པས་མཆོད༔ ཆོས་ཉིད་སྤྲོས་བྲལ་འཛིན་པས་བཟུང་བ་བཤགས༔ ཡེ་དག་ཀློང་ཡངས་ཆེན་པོར་ཡི་རང་ངོ་༔ གཟུང་འཛིན་རྣམ་དག་ཆོས་ཀྱི་འཁོར་ལོ་བསྐོར༔ ཕྱམས་གཅིག་ཀུན་བཟང་ཀློང་དུ་བཞུགས་སུ་གསོལ༔ འཁོར་གསུམ་ཡང་དག་ཆེན་པོར་བསྔོ་བར་བྱ༔ འགྲོ་ཀུན་མ་བཅོས་དྲི་མེད་མངོན་གྱུར་ཤོག༔ རིགས་བརྟག་པའི་ཕྱིར། སོ་ཤིང་དྲི་བཟང་གི་ཤིང་ལ་སོར་བརྒྱད་པའམ་བཅུ་གཉིས་གང་རུང་ལ། མགོ་བོར་རྒྱ་མདུད། བར་དུ་ལྕུམ་གཞོག་ཕུར་རྩེ་ཕྲ་བར་བཟོས་པའི་རྩེ་མེ་ཏོག་གི་ཅོད་པཎ་བཏགས་པ་དང་། རིགས་སྔའི་ཕྱག་མཚན་བྲིས་པ་ཚོམ་བུར་བཀོད་པ་དང་༔ དུང་ཞལ་ནང་དུ་དྲི་བཟང་གི་ཆུས་བཀང་བའི་ཁྱོར་ཆུ་དང་། རྨི་ལམ་བརྟག་པར་བྱ་བའི་ཕྱིར། དཔུང་སྐུད་ཚོན་སྣ་ལྔ་པ་སུམ་སྒྲིལ་དུ་བྱས་པའི་འདོམ་གང་ངམ་ཁྲུ་གང་ཅི་རིགས་པར་རྡོ་རྗེའི་མདུད་པ་ཉེར་གཅིག་གམ་གསུམ་ལ་སོགས་པ་བརྒྱན་པ་ཀུ་ཤའི་ཆུན་པོ་ཆེ་ཆུང་གཉིས་བཅས་ཉེར་བསྡོག་བྱས་ལ། སྭཱ་བྷཱ་ཝཱས་ལས་ཀྱིས་བསངས་སྦྱངས། སྟོང་པའི་ངང་ལས་དབུས་སུ་རྣམ་སྣང་། ཤར་དུ་མི་སྐྱོད་པ། ལྷོར་རིན་འབྱུང་། ནུབ་ཏུ་སྣང་མཐའ། བྱང་དུ་དོན་གྲུབ་སྟེ་བཅོམ་ལྡན་འདས་རྒྱལ་བ་རིགས་ལྔའི་སྐུར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་འཕྲོས་ཡེ་ཤེས་པ་རྣམས་སྤྱན་དྲངས་བཛྲ་ས་མ་ཡཱ་ཛ༔ ཛ༔ ཧཱུྃ་བཾཾ་ཧོ༔ གཉིས་སུ་མེད་པར་གྱུར། ཨརྒྷཾ་སོགས་ཀྱིས་མཆོད། ཆོས་སྐུ་ནམ་མཁའ་སོགས་ཀྱིས་བསྟོད། སོ་ཤིང་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སོ་ཤིང་མཚན་ཉིད་ཚང་བ་མེ་ཏོག་གིས་བཅིངས་པ་སློབ་མ་རྣམས་ཀྱི་དངོས་གྲུབ་ཀྱི་ལྟས་བརྟག་པའི་ནུས་པ་དང་ལྡན་པར་གྱུར། འདི་ཉིད་ཁྱེད་རང་རྣམས་ཀྱི་ལག་པ་མཁའ་དབྱིངས་རྒྱས་བཟུང་ནས་སོ་ཤིང་གི་རྩེ་མོ་སོས་འཆའ་ཞིང་དྲུད་པ་ལྟར་བྱས་ཚེ་སྡིག་སྒྲིབ་ཐམས་ཅད་སྐྱུག་པར་མོས་ནས་མགོ་བོ་གྱེན་བསྟན་པར་བཟུང་སྟེ་ལྷ་ལ་དད་པའི་སེམས་ཀྱིས་དངོས་གྲུབ་ཀྱི་པྲ་རྟགས་གསལ་བར་སྟོན་ཅིག་སྙམ་པས་འདིའི་རྗེས་ཟློས་དང་བཅས་དོར་བར་མཛོད། མིག་དར་དམར་པོ་སློབ་དམར་བཅིངས༔ པྲ་བརྟག་ཚོམ་བུ་སོ་ཤིང་དོར༔ ཧཱུྃ༔ བྱང་ཆུབ་ཤིང་མཆོག་སོ་ཤིང་འདི༔ ལས་བཞི་ཕྲིན་ལས་རབ་འབྱམས་ལ༔ སྔོན་ལས་འབྲེལ་བ་གང་ཆེ་བའི༔ དཀྱིལ་འཁོར་ལྷ་ལ་བབས་པར་ཤོག༔ པྲ་ཏི་ཧ་ན་ཧོ༔ རྩ་བར་རང་བརྟན་སྐྱོར་བར་བྱ༔ ངན་ན་སྦྱིན་བསྲེག་བསྐང་བཤགས་འབུངས༔ ཕྱོགས་བཞི་ལས་བཞི་ཕྲིན་ལས་བཞི༔ གང་ལས་ཕོག་པའི་ཡི་དམ་ལྷ༔ བསྐྱེད་རྫོགས་བཟླས་ལུང་འབོག་པར་བྱ༔ དེ་ལྟར་སོ་ཤིང་གི་མགོ་བོར་མེ་ཏོག་བཅིངས་པ་དེ་ཉིད་གང་བབས་ངོས་བཟུང་ཞིང་༔ ཤར་དུ་བབས་ན་རྡོ་རྗེ་རིགས་ཀྱི་དངོས་གྲུབ་འཐོབ༔ ནད་གདོན་བར་ཆད་ཞི༔ ཕྱི་མ་མི་བསྐྱོད་པའི་ཞིང་དུ་གྲོལ༔ ལྷོར་བབས་ན་རིན་ཆེན་རིགས་ཀྱི་དངོས་གྲུབ་འཐོབ༔ ཚེ་དཔལ་འབྱོར་བ་རྒྱས༔ ཕྱི་མ་དཔལ་དང་ལྡན་པའི་ཞིང་དུ་སྐྱེ༔ ནུབ་ཏུ་བབས་ན་པདྨ་རིགས་ཀྱི་དངོས་གྲུབ་ཐོབ༔ ཁམས་གསུམ་དབང་དུ་འདུ༔ ཕྱི་མ་བདེ་བ་ཅན་དུ་སྐྱེ༔ བྱང་དུ་བབས་ན་ཀརྨ་རིགས་ཀྱི་དངོས་གྲུབ་འཐོབ༔ གདོན་བགེགས་འབྱུང་པོས་གླག་མི་རྙེད༔ ཕྱི་མ་ལས་རབ་རྫོགས་པར་སྐྱེ༔ མཚམས་བཞིར་དངོས་གྲུབ་ཕྲན་ཚེགས་འཐོབ༔ སྡིག་པ་ཕྲན་ཚེགས་འདག༔ ཕྱི་མ་མཐོ་རིས་སུ་སྐྱེ༔ དབུས་སུ་བབས་ན་དེ་བཞིན་གཤེགས་པའི་དངོས་གྲུབ་འཐོབ༔ ཚེ་འདིར་མཆོག་ཐུན་གཉིས་འགྲུབ༔ ཕྱི་མ་འཕགས་པའི་ཞིང་མཆོག་ཆོས་དབྱིངས་རྣམ་པར་དག་པའི་ཕོ་བྲང་དུ་གྲོལ༔ ཕྱི་རོལ་ཏུ་ཡར་བ་དང་རྩ་བ་རང་ལ་བསྟན་ན་ལན་གསུམ་བསྐྱར༔ དེ་ལས་ལྡོག་ན་སྣོད་དང་མི་ལྡན་པའམ་སྐུ་རིམ་རྐྱེན་བཟློག་ལ་འབད་དགོས་པ་ལགས༔ དེ་ནས་སྡིག་པ་སྦྱང་ཕྱིར་རྡོར་སེམས་རིགས་ལྔའི་བསྒོམ་བཟླས་བྱེད་དགོས་ཏེ། གོང་དུ་སོ་ཤིང་དབུས་སུ་བབས་པ་རྣམས་ཀྱི་སྤྱི་བོར་སངས་རྒྱས་རྡོར་སེམས་མཐིང་ཀ །ཤར་དུ་བབས་པ་རྣམས་ལ་བཛྲ་རྡོར་སེམས་དཀར་པོ། ལྷོར་རཏྣ་རྡོར་སེམས་སེར་པོ། ནུབ་ཏུ་པདྨ་རྡོར་སེམས་དམར་པོ། བྱང་དུ་ཀརྨ་རྡོར་སེམས་ལྗང་གུ། མཚམས་བཞིར་བབས་པ་རྣམས་ཀྱང་ཕྱོགས་བཞིའི་རྡོར་སེམས་ཀྱི་བསྒོམ་བཟླས་དགོས་ལ། ཐམས་ཅད་ཀྱང་རང་རྟགས་ཀྱིས་མཚན་པའི་རྡོར་དྲིལ་བསྣམས་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་མཛེས་པར་བརྒྱན་པ་པད་ཟླའི་གདན་ལ་ཞབས་གཡས་བསྐུམ་གཡོན་བརྐྱང་པའི་སྟབས་ཀྱི་བཞུགས་པའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པར་གསལ་བའི་ཐུགས་ཀར་ཟླ་དཀྱིལ་གྱི་སྟེང་དུ་ཧཱུྃ་རང་མདོག་གི་མཐར་ཡིག་བརྒྱ་གཡས་སུ་འཁོར་བ་ལས། ཐུགས་རྗེ་བདུད་རྩིའི་ཆུ་རྒྱུན་འོ་མའི་མདོག་ལྟར་དཀར་བ་བབས་ཞབས་གཡས་པའི་མཐེ་བོང་ནས་བརྒྱུད་ཁྱེད་རང་རྣམ་པའི་སྤྱི་གཙུག་ནས་རིམ་པར་ལུས་ཐམས་ཅད་ཡོངས་སུ་གང་། ཚེ་རབས་ནས་བསགས་པའི་ལས་ཉོན་སྡིག་སྒྲིབ་ཐམས་ཅད་སྦུར་མ་རླུང་གིས་བདས་པ་བཞིན་དུ་རྣག་ཁྲག་དུད་ཁུ་སྲོག་ཆགས་ཀྱི་རྣམ་པ་ཅན་འོག་སྒོ་གཉིས་དང་རྐང་མཐིལ་ནས་འཐོན། དབང་ཆེན་གསེར་གྱི་ས་གཞིར་ཐིམ་པའི་དམིགས་པ་དང་བཅས། རང་རང་གི་ཡིག་བརྒྱ་དང་ཉེ་སྙིང་ངམ་ཡང་ན་དཀྱུས་གཅིག་ཏུ་ཡི་གེ་བརྒྱ་པ་བཟླས་པ་གང་ལྕོགས་རེ་དོ་ནུབ་ཀྱི་སྐབས་སུ་མཛད་འཚལ༔ ཨོཾ་བཛྲ་ས་ཏྭ་ས་མ་ཡཱ་སོགས༔ ཧཱུྃ་བཛྲ་ས་ཏྭ་ཧཱུྃ། དེ་ནས་རྨི་ལམ་གསལ་བའི་ཆེད་དུ་ཁྱོར་ཆུ་བླུད་པ་ནི། ཨོཾ་བཛྲ་ས་ཏྭ་ཨཱ༔ ཞེས་བརྗོད་པས་རྡོ་རྗེ་སེམས་དཔའི་རང་བཞིན་གྱི་ཆུས་རྡུལ་ཕྲ་རབ་ཏུ་ཞུ་བས་རྨི་ལམ་གསལ་བར་བྱེད་པའི་ནུས་པ་ལྡན་པར་གྱུར་པར་བསམས་ལ་འཁྱོར་བར་བླུག༔ ཨོཾ་སརྦ་ཤྭ་དྷ་ཡ་ཧཱུྃ་ཕཊ༔ ལན་གསུམ་འཐུང་སྟེ་ལྷག་མས་ཁ་ལག་བཀྲུ། དེ་ནས་དཔུང་སྐུད་གདགས་པ་ནི། བསངས་སྦྱངས་སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྲད་བུ་རྡོ་རྗེའི་མདུད་པ་དང་བཅས་་པ་བར་ཆད་སྲུང་བའི་ནུས་པ་ལྡན་པར་གྱུར། སྟ་གོན་གྱི་ལྷའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྲད་བུ་བཛྲ་ས་མ་ཡཱ་ཛ༔ ཛ༔ ཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་གྱུར། ཕོ་གཡས་མོ་གཡོན་དུ་དཔུང་པ་ལ༔ རྩ་སྔགས་བཏབ་པའི་དཔུང་སྐུད་དཀྲིས། ཧཱུྃ༔ འདི་ནི་བླ་མེད་སྲུང་བའི་མཆོག༔ རྡོ་རྗེའི་མདུད་པས་རྒྱས་བཏབ་པས༔ བུ་ཁྱོད་བྱང་ཆུབ་མ་ཐོབ་བར༔ བར་གཅོད་གཡུལ་ལས་རྒྱལ་བར་ཤོག༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ བསྙེན་པར་རཀྵ་བཏགས་པ་བཟླ་བཞིན་དུ་སྐྱེས་བའི་དཔུང་པ་གཡས་དང་བུད་མེད་གཡོན་དུ་བཅིངས་ཚར་བ་དང་ལས་བུམ་གྱི་ཆུ་འཐོར་ཞིང་རྡོ་རྗེས་རྒྱ་གྲམ་དུ་རྒྱས་གདབ་བོ། །རྨི་ལམ་བརྟགས་པའི་ཕྱིར་དུ་ཀུ་ཤ་སྦྱིན་པ་ནི། བསངས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་ཀུ་ཤ་རིང་པ་དང་དྷཱི་ལས་བྱུང་བའི་ཐུང་བ་གཉིས་སྔོ་ལྗང་རྩ་རྩེ་མ་ཉམས་པ་རྨི་ལམ་མི་འཁྲུགས་ཤིང་གསལ་བར་བྱེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿ དྷཱི་ཧཱུྃ་སྭཱ་ཧཱ༔ ཀུ་ཤ་སྦྱིན་ཅིང་འདི་སྐད་དོ༔ ཧཱུྃ༔ འདི་ནི་བྱང་ཆུབ་མཆོག་གི་རྩྭ༔ ཁྱེད་ཀྱི་སྔས་དང་གདན་དུ་སྦྱིན༔ རྨི་ལམ་པྲ་བརྟགས་གང་བྱུང་བ༔ ནང་པར་བདག་ལ་ཚུལ་བཞིན་སྨྲོས༔ ཨོཾ་ཨཱཿཧཱུྃ་ཞེས་བརྗོད་སྦྱིན་པར་བྱ༔ ཆུང་བ་སྔས་ཀྱི་དོན་དུ་ལག་གཡས་དང་། ཆེ་བ་སྟན་གྱི་དོན་དུ་གཡོན་པར་སློབ་དཔོན་གྱིས་ལག་པ་བསྣོལ་སྟབས་ཀྱིས་སྦྱིན་ནོ། སྤྲོ་བ་བསྐྱེད་ཕྱིར་ཆོས་བཤད་པ་ནི། རྣམ་སྣང་མངོན་བྱང་ལས། འཇིག་རྟེན་དག་ན་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །རྒྱ་ལམ་ན་ནི་རེ་འགའ་ཞིག །འབྱུང་འགྱུར་ཡང་ན་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་དག །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པ་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །ཞེས་གསུངས་པ་ལྟར། འཇིག་རྟེན་ན་ཨུ་དུམ་ཝ་རའི་མེ་ཏོག་དཀོན་པ་བཞིན་་དུ་སངས་རྒྱས་འཇིག་རྟེན་དུ་འབྱོན་པ་དཀའ། བྱོན་ཀྱང་སྣོད་དུ་གྱུར་པ་དང་མ་གྱུར་པའི་དབང་གིས་ཆོས་གསུངས་པ་དཀོན་ལ། ཁྱད་པར་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཟབ་ཆོས་ནི་ཆེས་དཀོན་ཏེ། གསང་བ་འདུས་པ་ལས། ཐུབ་པ་ཆེན་པོ་མར་མེ་མཛད་ནས་འོད་སྲུངས་ཀྱི་བར་དུ་ཡང་མ་གསུངས་ལ། བྱམས་པ་ནས་མོས་པའི་བར་གྱིས་ཀྱང་མི་གསུང་ཞིང་། ཤཱཀྱ་ཐུབ་པ་འདི་ཁོ་ནའི་སྨོན་ལམ་གྱི་སྟོབས་ཀྱིས་གསུངས་པའོ། །ཞེས་འབྱུང་ཞིང་དཀོན་པ་ཙམ་དུ་རྡོ་རྗེ་ཐེག་པ་ནི་ཁྱད་པར་དུ་འཕགས་པས་ཕན་ཡོན་ཡང་ཤིན་ཏུ་ཆེ་བ་ཡིན་ལ། གླང་ཆེན་རྒྱུད་ལས། དཀྱིལ་འཁོར་ལྷ་ཚོགས་འདི་དག་གི། མཚན་ནས་ལན་གཅིག་ཐོས་པས་ཀྱང་། །མཚམས་མེད་ལྔ་ཡི་སྡིག་ཀྱང་འདག །ཅེས་གསུངས་ཤིང་མཚན་ཙམ་ཐོས་པས་ཀྱང་། སྡིག་སྒྲིབ་ཐམས་ཅད་སྒྲོན་མེ་བཏེགས་པས་མུན་པ་བསལ་བ་ལྟར་འགྱུར་ན། ལམ་འདིར་ཞུགས་པས་བྱང་ཆུབ་མངོན་དུ་འགྱུར་བ་ལྟ་ཅི་སྨོས། དེའི་ཕྱིར་ན་ཚེགས་མེད་པར་མྱུར་ལམ་བཟང་པོ་འདི་འདྲ་མཇལ་ཞིང་ཉམས་སུ་ལེན་རྒྱུ་ཡོད་པ་ནི་བསྐལ་པ་བཟང་སྙམ་པ་ཚིག་ཙམ་མ་ཡིན་པའི་དགའ་ཞིང་སྤྲོ་བའི་སེམས་ཀྱིས་སྐབས་སུ་བླ་མ་དཀྱིལ་འཁོར་གྱི་ཕྱོགས་སམ་ཡང་ན་མགོ་བྱང་དུ་གཏད་དེ་ཀུ་ཤ་ཆུང་བ་རྩེ་གཡས་སུ་བསྟན་པ་སྔས་དང་། ཆེ་བའི་རྩེ་སྔས་ཕྱོགས་སུ་བསྟན་པ་གདན་དུ་ཆུག་ལ་གློ་གཡས་ཕབ་སྟེ་སེང་གེའི་ཉལ་སྟབས་ཀྱིས་ཉོལ་ཞིག་དང་མཚན་ཐུན་བཞིར་བཅད་པའི་ཐ་མ་ལ་རྨི་ལམ་གྱི་མཚན་མ་བཟང་ངན་དག་མཐོང་བར་འགྱུར་བས་གང་བྱུང་དེ་ནང་པར་བདག་ལ་སྨྲ་བར་མཛོད། རྨི་ལམ་བཟང་ན་རིག་པར་དབྱེ༔ གཞུང་མཐུན་བཞིན་དུ་ཞལ་བཀོད་གདབ༔ ངན་ན་རིམ་གྲོ་དག་སོགས་སོ་སོར་ཞལ་བཀོད་གསལ་བར་འབྱིན༔ དེས་སྟ་གོན་གྱི་བྱ་བ་ཟིན་པ་ཡིན། དངོས་གཞི་དབང་བསྐུར་གྱི་ཆོ་ག་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་ཆས་སུ་འཇུག་པ་ནི། སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་འཐུག་པོས་ལྡོངས་ཏེ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་འཇལ་བའམ། མཇལ་ནའང་དཀྱིལ་འཁོར་སོ་མ་འདི་ཉིད་མ་མཇལ་བ་མཚོན་བྱེད་དུ་རས་དམར་པོ་རེས་གདོང་བཅིང་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ་ཞེས་མིག་དར་བཅིངས། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་དུ་མི་རུང་བས་ཕྱག་ཏུ་ཨུ་དུམ་ཝ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་རེ་བྱིན་པའི་མོས་པ་མཛོད། ཨ་ཁཾ་ཝི་ར་ཧཱུྃ་གིས་མེ་ཏོག་གཏད། དེ་ཡང་རིགས་བརྟགས་པའི་ཕྱིར་མེ་ཏོག་དོར་བ་ནི། གཙོ་འཁོར་ཐམས་ཅད་ཡེ་ཤེས་གཅིག་གི་རོལ་པ་ལས་བཟང་ངན་མ་མཆིས་ནའང་། རང་རང་གི་ལས་ཀྱི་འབྲེལ་བ་གང་ཡོད་པའི་ལྷག་པའི་ལྷ་དེས་བདག་གི་རིག་པའ་ིམེ་ཏོག་འདི་བཞེས་སུ་གསོལ་སྙམ་དུ་དམོད་བོར་འདིའི་རྗེས་བཟློས་མཛོད། མེ་ཏོག་ཐོགས་ཏེ་འདི་སྐད་དོ༔ ཧཱུྃ༔ འདབ་ལྡན་ཡིད་འོང་རིན་ཆེན་རིགས༔ མེ་ཏོག་ཕྲེང་བའི་མཆོད་པ་འདི༔ ཚེ་རབས་སྔོན་གྱི་ཡི་དམ་ལྷ༔ གང་ཡིན་དེ་ལ་བབས་པར་ཤོག༔ ཨོཾ་བཛྲ་པཱུཥྤེ་སིངྔྷི་ཧཱུྃ༔ ཕྱོགས་བཞིར་ལས་བཞི་དབུས་སུ་མཆོག༔ མཚམས་བཞིར་ཕྲན་ཚེགས་འགྲུབ་བོ་བརྗོད༔ གསང་མཚན་བཛྲ་རཏྣ་དང་༔ པདྨ་ཀརྨ་བུངྔྷ་སོགས༔ མེ་ཏོག་གང་ལ་ཕོག་པ་ཡི། མྱུ་གུ་རྩལ་ཞེས་བྱ་རེ་འདོགས༔ མོ་ལ་རྡོ་རྗེ་རིན་ཆེན་དང་༔ མེ་ཏོག་ཕྲེང་བ་རང་གྲོལ་ལ༔ དེ་ནས་ཅོད་པཎ་སྤྱི་བོར་བཏགས༔ ཧཱུྃ༔ ཅོད་པཎ་ལོངས་སྤྱོད་རྟགས་ཀྱི་རྒྱ༔ གསང་མཚན་རིགས་མཆོག་མྱུ་གུ་རྩལ༔ ཞིང་ཁམས་བདེ་ཆེན་ཆོས་དབྱིངས་ནས༔ མངོན་རྫོགས་སངས་རྒྱས་དབང་ཐོབ་ཤོག༔ དེ་ལྟར་མ་འོངས་པ་ན་གསང་མཚན་ལྟར་མངོན་པར་རྫོགས་པར་སངས་རྒྱས་ནས་བསྟན་དང་འགྲོ་བའི་དོན་བྱེད་པའི་སྐལ་པ་དང་ལྡན་པར་འགྱུར་རོ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་སོགས་བརྗོད༔ ཅེས་བརྗོད་ཐུར་མས་མིག་དབྱེ་ཞིང་༔ ཧཱུྃ༔ བྱང་ཆུབ་རིག་པའི་ཐུར་མ་འདིས༔ ཁྱེད་ཀྱི་མ་རིག་གཏི་མུག་མིག༔ བདག་གི་མིག་དབྱེ་ཡེ་ཤེས་སྦྱིན༔ ཡེ་ཤེས་ལྔ་ཡི་སྤྱན་ལྡན་ཤོག༔ ཙཀྵུ་ཛྙཱ་ན་བཛྲ་ཧཱུྃ༔ དེ་ལྟར་མ་རིག་པའི་ལིང་ཏོག་མིག་དར་གྱིས་མཚོན་པ་དེ་ཉིད་བསལ་བའི་ཤུལ་ནས་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པའི་མོས་པ་གནང་ནས། འདི་ན་ཕྱི་མཚན་མའི་དཀྱིལ་འཁོར་བརྡ་སྤྲད་པ་ལ་བརྟེན་ནས། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཟབ་ལམ་གསང་བའི་ལྷ་མཆོག་ཐུགས་རྗེ་ཆེན་པོའི་གཞལ་ཡས་ཁང་དང་བརྟེན་པ་ལྷ་ཚོགས་ཐམས་ཅད་མངོན་སུམ་ལྟ་བུར་མཇལ་བའི་མོས་པ་དང་༔ དེ་དག་ཀྱང་ཕྱི་རོལ་ནས་གཞན་ཞིག་བཙལ་དུ་ཡོད་པ་མ་ཡིན་ཅིང་རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་ཡེ་གདོད་མ་ནས་ལྷུན་གྱིས་གྲུབ་པ་ཉིད་དོ། །དེ་ནས་བུ་ལ་བསྐྱེད་རིམ་ཕོག༔ ཡེ་ཤེས་སེམས་དཔའ་དབབ་ཅིང་བསྟིམ༔ རོལ་མོའི་འཁྲོལ་ཞིང་དྲི་བཟང་བདུག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་པས་ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པའི་ཕྱིར་དམ་ལ་བཞག་པ་ནི༔ དམ་ཚིག་ཆུ་སྦྱིན་འདི་སྐད་དོ༔ ཧཱུྃ༔ འདི་ནི་དམ་ཚིག་ཡེ་ཤེས་ཆུ༔ བསྲུང་ན་ལྷ་དང་གཉིས་སུ་མེད༔ ཉམས་ན་དམྱལ་བར་ལྟུང་བའི་རྒྱུ༔ སྐལ་ལྡན་བུ་རྣམས་དམ་ཆུ་ལོངས༔ ཨོཾ་ཨཱཿཧཱུྃ་བཛྲ་ས་མ་ཡཱ་ཧཱུྃ༔ དེ་ནས་བླ་མས་འདི་སྐད་བརྗོད༔ ཧོ་དེང་ནས་བཟུང་སྟེ་བུ་ཁྱོད་ཀྱི༔ རྡོ་རྗེ་སློབ་དཔོན་ང་ཡིན་པས༔ ང་ཡིས་ཇི་ལྟར་བསྒོ་བའི་བཀའ༔ ཁྱེད་ཀྱིས་འདའ་བར་མི་རུང་ངོ་༔ ཞེས་བརྗོད་རྡོ་རྗེ་སྤྱི་བོར་བཞག༔ དེ་ལྟར་དམ་ཚིག་གི་ཆུ་སྦྱིན་པ་འདིས་ནི་བཞག་པ་ལྕེ་ལ་བཞག་ཀྱང་འབབ་པ་སྙིང་གི་དཀྱིལ་དུ་བབས་སྟེ་དམ་ཚིག་ལས་འགལ་ན་བཛྲ་ཡཀྴ་ཀྲོ་ཏ་ཞེས་བྱ་བ་སྡིག་པ་མགོ་དགུ་པར་གྱུར་ནས་སྙིང་ཁྲག་འཇིབ་པས་མཐོང་ཆོས་སུའང་ཚེ་ཐུང་ནད་མང་བ། ཕྱི་མ་རྡོ་རྗེའི་དམྱལ་བར་ལྟུང་ཞིང་སྡུག་བསྔལ་འབའ་ཞིག་མྱོང་བར་འགྱུར་ལ། དམ་ཚིག་སྲུང་ན་ཆུ་དེ་ཉིད་ཡེ་ཤེས་སེམས་དཔར་གྱུར་ནས་བསྲུང་སྐྱོབ་དང་རྟག་ཏུ་བྱིན་གྱིས་རློབ་ཅིང་། འདི་ཕྱིའི་ཕན་བདེ་མ་ལུས་མྱུར་དུ་སྟེར་ནས་དངོས་གྲུབ་མཆོག་འགྲུབ་པར་འགྱུར་བས་དམ་ཚིག་ལ་ཚུལ་བཞིན་གཅེས་སྤྲས་སུ་མཛད་འཚལ། ཡེ་ཤེས་པ་དབབ་པའི་ཕྱིར་དུ་དམིགས་པ་འདི་བཞིན་དུ་གྱིས་ཤིག །ཨོཾ་མ་ཧཱ་ཤུ་ནྱ་ཏ་སོགས༔ ལས་བུམ་ཁ་རྒྱན་གྱིས་ཆུ་གཏོར། ཁྱེད་རྣམས་ཀྱི་རྣམ་སྨིན་གདོས་བཅས་ཤ་ཁྲག་གི་ལུས་འདིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་སྟེང་དུ་སེམས་ཉིད་ཀྱི་ངོ་བོ་ཡི་གེ་ཧྲཱི༔ དམར་པོ་ཞིག་ཏུ་གྱུར། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཟབ་ལམ་གསང་བའི་ལྷ་མཆོག་འགྲོ་བའི་མགོན་པོ་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་གཞོན་ནུའི་ཟེར་གྱིས་འཁྱུད་པ་ལྟ་བུ་དམར་གསལ་དྲི་མ་མེད་པའི་འོད་ཟེར་འཕྲོ་བའི་སྐུ་ཅན་ཞལ་གཅིག་ཁྲོ་འཛུམ་སྤྱན་གསུམ་དང་ལྡན་པ། ཕྱག་གཉིས་ཀྱི་གཡས་པས་བགྲང་ཕྲེང་ཐུགས་ཀར་འཛིན་པ་གཡོན་པས་ཚེ་བུམ་བདུད་རྩིས་བཀང་བ་འཛིན་པས་གསང་བའི་ཡུམ་ལ་འཁྱུད་པ། ཞབས་ཕྱེད་སྐྱིལ་རྒྱལ་པོ་རོལ་པའི་སྟངས་སྟབས་ཅན༔ དབུ་སྐྲ་ཐོར་གཙུག་རིན་པོ་ཆེའི་རྩེ་བྲན་གྱིས་བརྒྱན་ཅིང་། པང་དུ་གསང་བ་ཡེ་ཤེས་ཀྱི་དྷཀྐི་མ་ཞལ་གཅིག་ཕྱག་གཉིས་མདའ་དར་དང་ཚེ་བུམ་བསྣམས་པས་ཡབ་ལ་འཁྱུད་པ། ཞབས་གཉིས་ཡབ་ཀྱི་སྐེད་ལ་དགྱེས་པར་སྦྱོར་བ་སྐུ་མདོག་དམར་སྐྱ་དབུ་སྐྲ་ལྕང་ལོར་སིལ་བུར་གྲོལ་བ་བཅུ་དྲུག་ལོན་པའི་ལང་ཚོ་དང་། ནུ་མ་དང་བྷ་གའི་འཁོར་ལོ་རབ་ཏུ་རྒྱས་པ་བདེ་བའི་ཉམས་དང་ལྡན་པ། ཡབ་ཡུམ་གཉིས་ཀ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་སྣང་སྟོང་རང་འོད་ལས་གྲུབ་པ། དེའི་སྤྱི་བོར་རིགས་བདག་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་དབང་གི་འོད་ཟེར་འཕྲོ་བ་ཕྱག་གཉིས་ལྕགས་ཀྱུ་དང་ཚེ་བུམ་བསྣམས་པ་གཅེར་བུ་རྒྱན་མེད་དབུ་སྐྲ་སིལ་བུར་འཕྱང་བ་ཞབས་གཉིས་བཞེངས་ཏེ་བཞུགས་པར་གསལ་གདབ། དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པའི་འོད་ཟེར་དང་། བླ་མ་དང་མདུན་བསྐྱེད་ཀྱི་ལྷ་ཡི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པའི་རྐྱེན་གྱིས། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་འགྲོ་འདུལ་པོ་ཊ་ལ་ཡི་ཕོ་བྲང་ནས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ཟབ་ལམ་དབང་གི་ལྷ་ཚོགས་རྟེན་བརྟེན་པ་དང་བཅས་པའི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཁྱེད་རང་ལྷར་གསལ་བ་ལ་གཉིས་མེད་དུ་སིབ་སིབ་ཐིམ་པའི་མོས་པ་གྱིས། ཧཱུྃ༔ ཆོས་དབྱིངས་བདེ་བ་ཆེན་པོའི་ཕོ་བྲང་དང་༔ འགྲོ་འདུལ་པོ་ཊ་ལ་ཡི་གནས་མཆོག་ནས༔ ཟབ་ལམ་འགྲོ་བའི་དོན་མཛད་ཐུགས་རྗེའི་ལྷ། འཕགས་པ་སྤྱན་རས་གཟིགས་དབང་ཡབ་དང་ཡུམ༔ རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་དང་༔ རིགས་བཞི་རྒྱལ་བ་ཡབ་ཡུམ་མ་ལུས་འཁོར༔ སངས་རྒྱས་བྱང་སེམས་འགྲོ་མགོན་རྩ་བ་གསུམ༔ ཆོས་སྐྱོང་སྲུང་མ་བཀའ་སྡོད་བྲན་གཡོག་བཅས༔ མ་ལུས་འཁོར་བཅས་གནས་འདིར་སྤྱན་འདྲེན་ན༔ ཐུགས་རྗེའི་དབང་གིས་མྱུར་དུ་གཤེགས་སུ་གསོལ༔ གར་གྱི་འགྲོས་ཀྱིས་ཆོས་དབྱིངས་ནམ་མཁའ་ནས༔ ཕྲིན་ལས་བཞི་ཡི་ཕྱག་རྒྱ་བསྒྱུར་བཞིན་དུ༔ འགྲོ་བའི་དོན་དུ་གནས་འདིར་སྐུ་བསྐྱོད་འཚལ༔ མོས་པའི་བུ་ལ་ཞལ་སྟོན་དངོས་གྲུབ་སྩོལ༔ གསུང་གི་རོལ་པས་རྐྱེན་ངན་བར་ཆད་བཟློག༔ ཐུགས་ཀྱི་དགོངས་པས་སྨིན་གྲོལ་དོན་ལ་སྦྱོར༔ བུངྔྷ་གུ་རུ་དྷེ་ཝ་དྷཀྐི་ནི་བཛྲ་ས་མ་ཡཱ་ཛཿཛ༔ སྔགས་དང་སྤོས་རོལ་དྲག་ཏུ་བྱ་ཞིང་བྱིན་དབབ༔ སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་བརྟན་པར་བཞུགས་སུ་གསོལ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ མེ་ཏོག་འཐོར་ཞིང་རྡོ་རྗེ་སྤྱི་བོར་འཇོག་པར་བྱའོ༔ དེ་ལྟར་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་སོང་ནས༔ ཞུགས་པ་ལ་དབང་བསྐུར་བ་ལ༔ དངོས་གཞིའི་དབང་དོན་རྣམས་བཞི་ལས༔ དང་པོ་སྤྲོས་བཅས་བུམ་དབང་དོན༔ འཛིན་པའི་མཎྜལ་ཕུལ༔ ཅེས་པས་སྤྲོས་བཅས༔ སྤྲོས་མེད་རབ་ཏུ་སྤྲོས་མེད་གསུམ༔ ཚེ་ཡི་དབང་བཞིར་ཕྱེ་ནས་བསྐུར་བ་ལ༔ ཐོག་མར་སྤྲོས་བཅས་བུམ་པའི་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ༔ གསོལ་བ་བཏབ་པ་འདི་སྐད་བརྗོད༔ ཧོ་བདེ་གཤེགས་རྒྱལ་བ་བཅོམ་ལྡན་འདས༔ བསྐྱེད་རིམ་སྣང་སྟོང་ཕྱག་རྒྱའི་སྐུ༔ སྤྲོས་བཅས་སྐུ་ཡི་བུམ་པ་མཆོག༔ བདག་ཅག་རྣམས་ལ་སྩལ་དུ་གསོལ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས་བུམ་པ་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ ཆོས་དབྱིངས་བུམ་པའི་གཞལ་ཡས་ན༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞུགས༔ འཁོར་བ་དོང་ནས་སྤྲུགས་པའི་ལྷ༔ སྐལ་ལྡན་རྣམས་ལ་དབང་བསྐུར་བས༔ སྣང་སྟོང་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿ ཧཱུྃ་བུདྡྷ་གུ་རུ་དྷེ་ཝ་དྷཱཀྐི་ནི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་ངོས་ལ་གཙོ་བོའི་སྐུ༔ བསྟན་ཅིང་སློབ་མའི་སྤྱི་བོར་བཞག༔ ཧཱུྃ༔ བུ་ཁྱོད་མ་ཡེངས་ལྷ་རུ་གསལ༔ སྣང་ལ་སྟོང་པ་མ་འགགས་པ༔ གསལ་ལ་འཛིན་པ་མེད་པ་སྟེ༔ མེ་ལོང་གཟུགས་བརྙན་སྟོང་གསལ་ཚུལ༔ ཏིང་འཛིན་ལྷ་ཡི་རྣལ་འབྱོར་དང་༔ འབྲལ་མེད་རྒྱུན་གྱི་དབང་ཐོབ་ཤོག༔ ཛྙ་ན་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གཙོ་བོ་ཡབ་ཡུམ་གཉིས་ཀྱི་དབང་བསྐུར་བས། སྣང་སྟོང་འགྱུར་བ་མེད་པ་སྐུ་ཡི་དབང་མཆོག་ཐོབ་པར་གྱུར་ཅིག༔ ཅེས་བརྗོད་དོ། རིག་བདག་གི་སྐུ་ཐོགས་ལ༔ ཧཱུྃ༔ སྣང་བ་མཐའ་ཡས་འོད་དཔག་མེད་པའི་སྐུ༔ རིགས་ཀྱི་བདག་པོ་བཅོམ་ལྡན་ལྷ་ཡི་ལྷ་༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཆོས་སྐུ་རིགས་ཀྱི་བདག་པོའི་དབང་ཐོབ་ཤོག༔ ཨོཾ་ཨ་མི་དྷེ་ཝ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ རྡོ་རྗེ་རིགས་ཀྱི་སེམས་དཔའ་ཡབ་དང་ཡུམ༔ ཞེ་སྡང་རང་གྲོལ་མེ་ལོང་ཡེ་ཤེས་དབང་༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མེ་ལོང་ལྟ་བུའི་ཡེ་ཤེས་དབང་ཐོབ་ཤོག༔ བཛྲ་ཛྙ་ན་ཨ་བྷི་ཥིཥྩ་ཧཱུྃ༔ རིན་ཆེན་སེམས་དཔའ་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ རིན་ཆེན་རིགས་ཀྱི་སེམས་དཔའ་ཡབ་དང་ཡུམ༔ ང་རྒྱལ་རང་གྲོལ་མཉམ་ཉིད་ཡེ་ཤེས་དབང་༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཉམ་པ་ཉིད་ཀྱི་ཡེ་ཤེས་དབང་ཐོབ་ཤོག༔ རཏྣ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ པདྨ་སེམས་དཔའ་ཡབ་ཡུམ་ཀྱི་སྐུ་ཐོགས་ལ༔ ཧཱུྃ༔ པདྨ་རིགས་ཀྱི་སེམས་དཔའ་ཡབ་དང་ཡུམ༔ འདོད་ཆགས་རང་གྲོལ་སོར་རྟོགས་ཡེ་ཤེས་དབང་༔ དེར་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སོ་སོར་རྟོགས་པའི་ཡེ་ཤེས་དབང་ཐོབ་ཤོག༔ པདྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ལས་ཀྱི་སེམས་དཔའ་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ ལས་ཀྱི་རིགས་གྱི་སེམས་དཔའ་ཡབ་དང་ཡུམ༔ ཕྲག་དོག་རང་གྲོལ་བྱ་གྲུབ་ཡེ་ཤེས་དབང་༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བྱ་བ་གྲུབ་པའི་ཡེ་ཤེས་དབང་ཐོབ་ཤོག༔ ཀརྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ སྒོ་མ་བཞི་ཡི་སྐུ་ཐོགས་ལ༔ ཧཱུྃ༔ ཤར་གྱི་སྒོ་མ་སེང་གདོང་ལྕགས་ཀྱུ་དཀར༔ ལྷོ་ཡི་སྒོ་མ་ཕག་གདོང་ཞགས་པ་སེར༔ ནུབ་ཀྱི་སྒོ་མ་རྟ་གདོང་ལྕགས་སྒྲོགས་དམར༔ བྱང་གི་སྒོ་མ་སྦྲུལ་གདོང་དྲིལ་བུ་ལྗང་༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཕྲིན་ལས་སྒོ་མ་བཞི་ཡི་དབང་ཐོབ་ཤོག༔ ཀརྨ་ཛྙཱ་ན་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ཡི་དབང་བསྐུར་བས༔ རྒྱལ་བ་ཐམས་ཅད་ཀྱི་སྐུ་ཡི་དབང་ཡོངས་རྫོགས་སུ་ཐོབ་པར་གྱུར་ཅིག༔ ཅེས་བརྗོད་བུམ་ཆུ་བླུད་ཅིང་རྒྱས་གདབ༔ ལྷ་སྒོམ་སྔགས་བཟླས་དམ་ཚིག་བཟུང་ཏེ་སྒྲུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དངོས་གཞི་དབང་དོན་གཉིས་པ་ལ༔ སྤྲོས་མེད་ནང་གི་གསང་དབང་དོན༔ རང་གི་ལུས་ངག་མཎྜལ་འབུལ༔ སྤྲོས་མེད་ནང་གི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་དམིག་ཏེ་འབུལ༔ ཞེས་མཚམས་སྦྱོར་ལ༔ གསོལ་བ་གདབ་པ་འདི་སྐད་དོ༔ ཧོ་བདེ་བ་ཆེན་པོ་བླ་མའི་སྐུ༔ བདག་ཅག་བདེ་ཆེན་མཆོག་ཐོབ་ཕྱིར༔ སྤྲོས་མེད་ནང་གི་གསང་དབང་གཅིག༔ བདག་ཅག་རྣམས་ལ་རྩལ་དུ་གསོལ༔ མཚན་ལྡན་མུ་དྲ་བླ་མས་ཐོགས་ཏེ༔ ཧཱུྃ༔ དུས་གསུམ་བདེ་ཆེན་རྒྱལ་བའི་ཡུམ་མཆོག་ཆེ༔ བདེ་བ་ཆེན་པོ་མི་འགྱུར་སྐུ་ཡི་དབང་༔ རིགས་ཀྱི་བུ་ལ་དབང་མཆོག་འདི་བསྐུར་བས༔ སྤྲོས་མེད་གསང་བ་སྐུ་ཡི་དབང་ཐོབ་ཤོག༔ མུ་དྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ མཚན་ལྡན་གྱི་ཞབས་སློབ་མའི་སྤྱི་བོར་བླངས༔ བྱང་སེམས་ཐོད་པའི་ཆང་སྦྱིན་ལ༔ ཧཱུྃ༔ རང་བྱུང་སྣོད་དུ་བྱང་སེམས་བཅུད་ཀྱིས་གཏམས༔ བདེ་བ་ཆེན་པོར་མི་འགྱུར་གསུང་གི་དབང་༔ རིགས་ཀྱི་བུ་ལ་དབང་མཆོག་འདི་བསྐུར་བས༔ སྤྲོས་མེད་རང་བྱུང་གསུང་གི་དབང་ཐོབ་ཤོག༔ མུ་དྲ་ཝཀྐ་ཝ་བྷི་ཥིཉྩཧཱུྃ༔ མགྲིན་པར་བཞག་ཅིང་ངག་ཏུ་བླུད༔ མཚན་ལྡན་བྷ་ག་སློབ་མར་བསྟན༔ ཧཱུྃ༔ མཚན་ལྡན་གསང་བའི་བྷ་ག་འདི༔ ཆོས་དབྱིངས་ཕོ་བྲང་ཨེ་ཡི་ཆ༔ སངས་རྒྱས་ཀུན་འདུས་ཟ་མ་ཏོག༔ འདི་ཁྱེར་མཆོག་གི་དངོས་གྲུབ་སྤྱོད༔ བདེ་བ་ཆེན་པོའི་རང་ཞལ་ལྟོས༔ སྤྲོས་མེད་ཐུགས་ཀྱི་དབང་ཐོབ་ཤོག༔ མུ་དྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྒྱལ་བ་ཐམས་ཅད་ཀྱི་གསང་གསུམ་བདེ་བ་ཆེན་པོའི་དབང་ཡོངས་སུ་རྫོགས་པ་ཐོབ་པར་གྱུར་ཅིག༔ རིག་མར་སྤྱོད་ཅིང་བྱང་སེམས་དབབ༔ བདེ་བ་ངོས་བཟུང་དགའ་བཞི་སྤེལ༔ བུད་མེད་སྤང་བར་མི་བྱ་བསྟེན༔ བྱང་སེམས་ཉམ་ན་བསྲེག་ཏ་རེ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དངོས་གཞིའི་དབང་དོན་གསུམ་ལ༔ ཤིན་ཏུ་སྤྲོས་མེད་དབང་གི་དོན༔ ཀ་དག་སེམས་ཀྱི་མཎྜལ་ཕུལ༔ རབ་ཏུ་སྤྲོས་མེད་རིག་པའི་རྩལ་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ༔ ཞེས་བརྡ་སྦྱར༔ གསོལ་བ་འདེབས་པ་འདི་སྐད་དོ༔ ཧོ༔ བླ་མ་ཆོས་སྐུ་སྤྲོས་བྲལ་སྐུ༔ སྤྲོས་མེད་ཤེས་རབ་ཡེ་ཤེས་མཆོག༔ བརྗོད་མེད་ཡང་དག་དོན་གྱི་དབང་༔ བདག་ཅག་རྣམས་ལ་སྩལ་དུ་གསོལ༔ བླ་མས་མེ་ལོང་ཐོགས་ཏེ༔ ཧཱུྃ༔ ཆོས་དབྱིངས་སྤྲོས་བྲལ་རྣམ་དག་ཅིང་༔ ཤིན་ཏུ་སྤྲོས་མེད་སྐུ་ཡི་དབང་༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡང་དག་སྤྲོས་བྲལ་དབང་ཐོབ་ཤོག༔ དྷརྨ་དྷརྟུ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཤེལ་རྡོ་ཐོགས་ཏེ༔ ཧཱུྃ༔ མདངས་གསལ་མ་འགགས་ཅིར་ཡང་སྣང་༔ དབྱིངས་རིག་ཡེ་ཤེས་ལུ་གུ་བརྒྱུད༔ ཉམས་རྟོགས་རིག་པ་ཚད་ཕེབས་ནས༔ ཆོས་ཉིད་ཟད་པའི་དབང་ཐོབ་ཤོག༔ དྷརྨ་དྷརྟུ་ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སློབ་མས་ཆོས་བདུན་བཅས༔ བླ་མས་རྔ་འཁྲོལ་ཞིང་འདི་སྐད་དོ༔ ཧཱུྃ༔ བུ་ཁྱེད་མ་ཡེངས་ལེགས་པར་ཉོན༔ མ་སྐྱེས་མི་འགག་རང་རིག་སེམས༔ སྤྲོས་མེད་ཡང་དག་དེ་བཞིན་ཉིད༔ འདི་ནི་རང་རིག་ཡེ་ཤེས་ཆེ༔ མ་ནོར་མ་བཅོས་ཆོས་ཀྱི་སྐུ༔ རང་ཞལ་ལྟོས་ལ་རང་ངོ་སྐྱོང་༔ དགེ་སྡིག་འཛིན་པའི་གཟན་ལས་གྲོལ༔ རེ་དོགས་བག་ཆགས་དབྱིངས་སུ་ཟད༔ མཚོན་མེད་དཔེ་བརྗོད་བྲལ་བ་འདི༔ ཡི་དམ་ཐུགས་རྗེ་ཆེན་པོ་སྟེ༔ ལོགས་ནས་སྒོམ་ཞིང་སྒྲུབ་ཏུ་མེད༔ དེ་ཕྱིར་སྐལ་ལྡན་བུ་ཁྱོད་ཀྱི༔ སྐྱེ་བ་མེད་པའི་དོན་འདི་འཆང་༔ གནས་པ་མེད་པའི་ངང་དུ་སྐྱོང་༔ འགག་མེད་རང་གྲོལ་སྤྱོད་པ་སྤྱོད༔ སྤྲོས་བྲལ་མཆོག་གི་དབང་ཐོབ་ཤོག༔ དྷརྨ་དྷརྟུ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རྒྱལ་བ་ཐམས་ཅད་ཀྱི་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་དབང་ཡོངས་སུ་རྫོགས་པ་ཐོབ་པར་གྱུར་ཅིག༔ ཅེས་བརྗོད་རང་རིག་ངོ་སྤྲོད་གདབ༔ ཁྲེགས་ཆོད་སྒོམ་ཞིང་ཐོད་རྒལ་སྐྱོངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དངོས་གཞིའི་དབང་དོན་བཞི་པ་ལ༔ ཡོན་ཏན་ཚེ་ཡི་དབང་བསྐུར་དོན༔ མཎྜལ་གྷ་ཧའི་ཚོགས་འཁོར་བསྐོར༔ ཚེ་དབང་ཟབ་མ་ཞུ་བའི་ཡོན་ཏུ་མཎྜལ་འབུལ༔ ཞེས་དང་༔ གསོལ་བ་གདབ་པ་འདི་སྐད་དོ༔ ཧོ་བླ་མ་སྐུ་བཞིའི་ཡེ་ཤེས་བདག༔ མི་འགྱུར་སྲ་བརྟན་ཡེ་ཤེས་ཚེ༔ ཡོན་ཏན་ཀུན་རྫོགས་ཚེ་ཡི་དབང་༔ བདག་ཅག་རྣམས་ལ་སྩལ་དུ་གསོལ༔ བླ་མས་ཚེ་བུམ་ཐོགས་ཏེ༔ ཧཱུྃ༔ བུམ་པའི་རང་བཞིན་ཚེ་དཔག་མེད༔ འཁོར་འདས་ཀུན་གྱི་བཅུད་ཀྱིས་གཏམས༔ ཁྱེད་ཀྱི་ལུས་ལ་དབང་བསྐུར་བས༔ སྐུ་ཡི་ཚེ་དབང་ཐོབ་པར་ཤོག༔ ཛྙཱ་ན་ཚེ་བྷྲུཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་ཆང་མགྲིན་པར་བཞག་ལ༔ ཧཱུྃ༔ རིན་ཆེན་སྣོད་ཀྱི་ཟ་མ་ཏོག༔ རྩ་བརྒྱད་སྟོང་སྦྱར་བདུད་རྩིས་གཏམས༔ ཁྱེད་ཀྱི་ངག་ལ་དབང་བསྐུར་བས༔ གསུང་གི་ཚེ་དབང་ཐོབ་པར་ཤོག༔ ཛྙཱ་ན་ཚེ་བྷྲཱུྃ་ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་རིལ་སྙིང་ཁར་བཞག་ལ༔ ཧཱུྃ༔ བྷྲཱུྃ་ལས་རང་བྱུང་གཞལ་ཡས་ཁང་༔ ནྲིཿལས་ཚེ་རིལ་ཚེ་དཔག་མེད༔ ཁྱེད་ཀྱི་སེམས་ལ་དབང་བསྐུར་བས༔ ཐུགས་ཀྱི་ཚེ་དབང་ཐོབ་པར་ཤོག༔ ཛྙཱ་ན་ཚེ་བྷྲཱུྃ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མདའ་དར་རྒྱས་གདབ་རྫས་རྣམས་རོལ༔ རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་དགོས་འདོད་ཀུན་འབྱུང་གི་དབང་ཡོངས་སུ་རྫོགས་པ་ཐོབ་པར་གྱུར་ཅིག༔ མཚན་ལྡན་བརྟེན་ཅིང་རླུང་གནད་བཅུན༔ ཉིན་དང་མཚན་མོ་ཐུན་དྲུག་ཏུ༔ འཛབ་ལ་འབད་ཅིང་བཅུད་ལེན་བརྟེན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྒྱན་ལྡན་དབང་གཏོར་སྤྱི་བོར་བཞག༔ བརྒྱུད་པ་བགྲང་ཞིང་བཀའ་གཏད་བྱ༔ དེ་ནི་དངོས་གཞི་དབང་རིམ་མོ༔ ཞེས་གསུངས་པ༔ གཏོར་མ་ཐོགས་ཏེ༔ ཨོཾ་ཨཱ་ཧཱུྃ༔ བདེ་ཅན་ཞིང་དུ་མགོན་པོ་འོད་དཔག་མེད༔ གྲུ་འཛིན་གནས་སུ་འཕགས་མཆོག་པད་དཀར་འཆང་༔ པདྨ་འོད་ན་གུ་རུ་ཨོ་རྒྱན་རྗེ༔ གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས༔ བདེ་བའི་མཆོག་སྦྱིན་སྐལ་ལྡན་གཟུང་མ་ལྔ༔ འཕགས་པའི་རྣམ་འཕྲུལ་ལོ་ཆེན་ཀླུ་ཡི་དབང་༔ པདྨའི་རྒྱལ་ཚབ་གཏེར་ཆེན་ཡབ་སྲས་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །གདམས་པའི་མཛོད་འཛིན་བཛྲ་གརྦྷ་དང་། །མཆོག་གི་དོན་གཟིགས་ངེས་དོན་བསྟན་འཛིན་བཟང་། །རིག་འཛིན་ཆེན་པོ་འཇིགས་མེད་བསྟན་པའི་སྡེར། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིན་རློབས། །གཞན་ཡང་རྩ་རྒྱུད་བླ་མའི་ཚོགས་རྣམས་དང་། །འཇིག་རྟེན་དབང་ཕྱུག་ཟབ་ལམ་ཐུགས་རྗེའི་གཏེར། །དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཐམས་ཅད་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །སྐལ་ལྡན་འདུས་པའི་མཆེད་ལྕམ་ཐམས་ཅད་ཀྱི། །གནས་སྐབས་རྣམ་བཞིར་འཁྲུལ་བའི་རྒྱུན་བསགས་པའི། །སྒོ་གསུམ་ཀུན་གཞིའི་ལས་དང་བག་ཆགས་བཅས། །རྩ་རླུང་ཐིག་ལེ་ཤེས་བྱའི་སྒྲིབ་ཀུན་དག །རྡོ་རྗེ་བཞི་ཡི་ཡེ་ཤེས་བྱིན་རླབས་ཞུགས། །དབང་བཞིས་རྒྱུད་སྨིན་ལམ་བཞི་བསྒོམ་ལ་དབང་། །རིག་འཛིན་རྣམ་བཞིའི་ས་བོན་གསོས་ཐེབས་ནས། །སྐུ་བཞིའི་གོ་འཕངས་མངོན་དུ་བྱེད་པར་ཤོག །ཁྱད་པར་བསྙེན་སྒྲུབ་ལས་ལ་མཐར་ཕྱིན་ནས། །ཡུལ་སྣང་ཕུང་ཁམས་ཞིང་དང་ལྷ་སྐུར་ཤར། །རླུང་ངག་རྡོ་རྗེ་གསུང་དང་དྲན་རྟོག་ཐུགས། །མངོན་གྱུར་མཆོག་ཐུན་དཔལ་ལ་སྤྱོད་པར་ཤོག༔ ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་བྷ་ལིངྟ་ཨ་དྷིཥྛ་ན་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་སྤྱི་བོར་བཞག་ཅིང་མཐར་གཏོར་མའི་ལྷ་རྣམས་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་ནས་འཕགས་པའི་སྐུ་གསུང་ཐུགས་དང་། སློབ་མའི་ལུས་ངག་་ཡིད་གསུམ་དབྱེར་མེད་དུ་གྱུར་པའི་མོས་པ་དང་། གཏོར་ཟན་ཅུང་ཞིག་བདུད་རྩིར་སྦྱོང་བ་དངོས་གྲུབ་ཏུ་མྱོང་དུ་འཇུག་གོ། ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་རྗེས་ཆོག་ལས་རིམ་བདུན༔ དགའ་སྟོན་ཚོགས་འཁོར་དབང་ཡོན་འབུལ༔ གླུ་བྲོ་བཀྲ་ཤིས་བསྔོ་སྨོན་དང་༔ ཆད་ཐོ་བསྟན་སྐྱོང་རྫོགས་རིམ་བསྡུ༔ སྒྲུབ་ཐབས་ཆོ་གའི་གཞུང་བཞིན་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཡང་ཟབ་གསང་བའི་ལམ༔ རིགས་བདག་ཐུགས་རྗེ་ཆེན་པོ་ཡི༔ དབང་མཆོག་སྐལ་ལྡན་མྱུར་གྲོལ་འདི༔ མཆིམས་ཕུ་དཔལ་གྱི་ནགས་ཁྲོད་དུ༔ བདག་འདྲ་ཐུགས་རྗེ་པདྨ་ཡིས༔ འབྲོམ་ཟ་བྱང་ཆུབ་སྒྲོན་ལ་བཤད༔ སྤེལ་ལ་ཕངས་པ་ཡི་གེར་བཏབ༔ ཏེ་སེ་གངས་ཀྱི་རི་ལ་སྦས༔ སྲུང་མ་རྡོ་རྗེ་འབར་བར་བཅོལ༔ མ་འོངས་སྐལ་བའི་ཡང་མཐའ་ལ༔ ཆོས་འདི་ང་སྤྲུལ་བུ་དང་འཕྲད༔ དེ་ཚེ་བཙུན་མོ་འབྲོམ་ཟ་ཁྱོད༔ ལས་ཅན་སྐྱེས་བུའི་རིག་མ་བྱ༔ ཀླུ་གོང་ཀླུ་དཔལ་དམར་རྒྱན་བཟའ༔ དམ་ཉམས་འཁོར་གཡོག་ཕོ་མོའི་ཚོགས༔ བདུད་ཀྱིས་ཕུང་དཀྲུགས་བར་ཆད་བརྩམ༔ ད་ལྟའི་སྔོན་གྱི་ལས་སད་པས༔ སྐྱེས་བུ་དེ་དང་ང་གཉིས་ལ༔ དབྱེར་མི་ཕྱེད་པའི་དད་པ་ཡོངས༔ དེ་དུས་བདུད་ཀྱི་ཆོ་འཕུལ་གྱིས༔ བུད་མེད་མཚན་ལྡན་ལྔ་ལ་སྡང་༔ ལོག་ལྟ་སྐུར་འདེབས་དུག་སྦྱོར་གྱིས༔ བཀྲ་མི་ཤིས་པ་སྣ་ཚོགས་བརྩོམ༔ འགྲོ་བ་བསོད་ནམས་མ་བསགས་པས༔ ང་སྤྲུལ་མ་དང་མཁའ་འགྲོ་ཡི༔ ཐེངས་གཅིག་གདན་འདྲེན་བྱེད་ཀྱང་སྲིད༔ ཡང་ན་མི་ཁ་ཅལ་སྒྲོགས་དང་༔ འཆི་ལ་ཐུག་པའི་ནད་ཀྱིས་སེལ༔ ཁྱད་པར་འབྲོམ་ཟའི་སྐྱེ་བ་ཡི༔ སྣང་སེམས་ལན་གསུམ་བདུད་ཀྱིས་བསྒྱུར༔ དེ་ཡི་སྟོབས་ཀྱིས་ཕྲིན་ལས་ཉམས༔ སྐུ་ཚེ་ཐུང་ཞིང་རིགས་བརྒྱུད་འཆད༔ འོན་ཀྱང་སྔོན་གྱི་མཐུས་བསྐུལ་བའི༔ ཆོས་འདིར་དབང་བའི་སྐལ་ལྡན་ནི༔ དྷརྨ་རཏྣ་ཀརྨ་དང་༔ སྒྲོལ་མ་ཨ་ཡི་མིང་ཅན་ལྔ༔ རྩ་བའི་ཆོས་བདག་གཞན་ཡང་ནི༔ རྒྱལ་དང་དཀོན་མཆོག་ཤེས་རབ་དབང་༔ བཀྲ་ཤིས་དཔལ་དང་ནོར་བུ་སོགས༔ མ་ངེས་ཕྱོགས་མཚམས་ཀུན་ནས་འདུ༔ དཀར་སེར་དམར་ལྗང་མཐིང་ཀ་ཡི༔ ཕྱག་རྟེན་འཛིན་ཅིང་ཡོས་འབྲུག་སྦྲུལ༔ བྱ་ཁྱི་ཕག་དང་བྱི་བ་ཡི༔ ལོ་ཟླ་ཉི་ཁྱིམ་དབང་དུ་ཡོང་༔ དེ་ཚེ་ཟབ་ཆོས་འདི་ཉིད་སྤྲོད༔ སྨོན་ལམ་དབང་གིས་འགྲོ་དོན་དར༔ རྩ་བ་ཡན་ལག་ཆོས་བདག་ལ༔ ། མ་ནོར་འཕྲོད་ནས་ཉམས་བླངས་ན༔ རྣམ་སྨིན་བག་ཆགས་དྲུང་ཕྱུང་ནས༔ ཕྱིར་མི་ལྡོག་པ་འཐོབ་པར་འགྱུར༔ ཆོས་འདི་ཉམས་བླངས་དབང་ཐོབ་འབྲེལ༔ བསྒོམ་སྒྲུབ་བཟླས་པ་སུས་བྱས་པ༔ པདྨ་ང་དང་སྐལ་བ་མཉམ༔ ཐུགས་རྗེ་ཆེན་པོ་མངོན་དུ་འགྱུར༔ དེས་ན་ཕྱི་རབས་ཉམས་སུ་ལོངས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ རྡ་ཡིག་ཡོད༔ བདག་འདྲ་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་ཏེ་སེ་གངས་ནས་གདན་དྲངས་ཤིང་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་ལས་ཕབ་པའོ༔ རྒྱལ་ཀུན་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས། །འགྲོ་ལ་རྗེས་ཆགས་བརྩེ་ཆེན་ཐུགས་རྗེའི་གཏེར། །དབང་མཛད་ཟབ་ལམ་གསང་བའི་ལྷ་མཆོག་གི། །བསྐྱེད་རྫོགས་གདམས་པའི་ཆོས་ཚུལ་གང་འདི་རྨད། །ལམ་འདིར་འཇུག་འདོད་འགྲོ་ལ་ཕན་བྱེད་པའི། །དབང་བཞིའི་ལག་ཁྲིད་བླ་མའི་ཕྱག་བཞེས་བཞིན། །རང་བཟོ་མེད་པར་འཇུག་བདེ་སྤེལ་འདི་ཡང་། །མཁྱེན་ཡངས་གང་དེའི་བཞེད་སྐོང་ཁོ་ནར་བཀོད། །རང་བློ་དམན་པས་ནོངས་པ་གྱུར་སྲིད་ན། །བླ་མ་རྩ་གསུམ་ལྷ་ཡི་སྤྱན་སྔར་བཤགས། །དགེ་བས་འགྲོ་ཀུན་རང་རིག་གདོད་མའི་མགོན། །སྒྲིབ་བྲལ་སེམས་ཀྱི་རྡོ་རྗེ་མངོན་གྱུར་ཤོག །ཅེས་པ་འདི་ཡང་འགྱུར་མེད་བློ་ལྡན་གྱི་གསུང་མ་ལྡོག་ཙམ་དུ་བླ་མ་དམ་པའི་ཕྱག་ལེན་ལྟར་ཁྲིགས་སུ་སྡེབས་པ་པོ་ཝ་གིནྡྲ་མ་ཏིའོ།། །།


previousཟབ་ལམ་ཐུགས་རྗེ་ཆེན་པོའི་སྨིན་བྱེད་དབང་བཞིའི་ཆོ་ག་ཁྲིགས་སུ་སྡེབས་པ་ཟབ་དོན་གསལ་བའི་སྒྲོན་མེ།next