Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བརྒྱད་པ།


   
   
  expand section
  collapse section
   
   
   
   
   
   
   
   
   
   
ཚེ་དཔག་མེད་དཀར་པོའི་དབང་ཆོག་སྐལ་བཟང་དགའ་སྟོན།
   
  expand section
  expand section
  expand section


 
previousཚེ་དཔག་མེད་དཀར་པོའི་དབང་ཆོག་སྐལ་བཟང་དགའ་སྟོན།next

ཚེ་དཔག་མེད་དཀར་པོའི་དབང་ཆོག་སྐལ་བཟང་དགའ་སྟོན།

ཚེ་དཔག་མེད་དཀར་པོའི་དབང་ཆོག་སྐལ་བཟང་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །ཞིང་ཁམས་རྒྱ་མཚོའི་རྣམ་འདྲེན་སྲས་བཅས་ཀྱི། །མཁྱེན་བརྩེའི་རང་གཟུགས་གཅིག་ཏུ་བསྟན་པ་ལས། །ཡོན་ཏན་གཞལ་དུ་མེད་པའི་དྲིན་ཅན་རྗེ། །སྙིང་ནས་དྲན་ནོ་སླར་ཡང་རྗེས་སྐྱོངས་ཤིག །གང་གི་མཚན་ཙམ་ཐོས་པས་འཆི་བདག་སྨག །བཅོམ་དང་ལྷན་ཅིག་ཕན་བདེའི་སྣང་བའི་གཏེར། །སྩོལ་མཛད་འཆི་མེད་མགོན་པོ་དགྱེས་པའི་འོད། །བདག་གི་སྙིང་ལ་ཡང་དག་ལྷུང་བར་མཛོད། །སྐལ་བཟང་གང་ཞིག་རིམ་གཉིས་ཁང་བཟང་དུ། །ཞུགས་ནས་དངོས་གྲུབ་བདོག་པ་ལེན་འདོད་རྣམས། །ཐོག་མའི་འཇུག་སྒོ་སྨིན་བྱེད་ལམ་སྲོལ་ལ། །འཇུག་པ་བདེ་བའི་ལེགས་བཤད་དགའ་སྟོན་བྱ། །འདིར་ཚེ་དཔག་མེད་དཀར་པོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་གཉིས་ཏེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང་དངོས་གཞི་ཇི་ལྟར་བསྐུར་བའི་ཚུལ་ལོ། །དང་པོ་ནི་དེ་ཡང་གཏེར་གཞུང་རྩ་བར། བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཚེ་སྒྲུབ་ཀྱི་དབང་ཡོད༔ དཔལ་ཆེན་པོ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ བདག་ཉིད་པདྨ་ཚེ་བདག་གིས༔ མ་འོངས་རྗེས་འཇུག་སྨིན་གྲོལ་དོན༔ ཚེ་ཡི་དབང་ཆོག་ཟབ་མོ་ཞིག༔ ཤོག་སེར་བརྡ་ཡི་ཡི་གེར་བཏབ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཡིད་མཐུན་བཀྲ་ཤིས་དབེན་གནས་སུ༔ དཀྱིལ་འཁོར་དབང་རྫས་གཞུང་ལྟར་འགོད༔ ཅེས་པས། སྒྲུབ་གཞུང་ལྟར་ཐིག་ཚོན་བྱ་བ་འམ། ཡང་ན་རས་བྲིས་སམ་མ་འབྱོར་ན་འབྲུའི་ཚོམ་བུ་ཙམ་ལ་བརྟེན་པའང་རུང་བ་གསང་བ་སྤྱི་ཡི་འགྲོས་ཀྱིས་ཤེས་པས། དེ་ལྟར་དཀྱིལ་འཁོར་གསུམ་གང་ཡིན་གྱི་དབུས་སུ་མཉྫིའི་ཁར། རྣམ་བུམ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་བཅས། མཆན། རྡོ་རྗེ་དང་རིན་པོ་ཆེའི་དྲ་བས་བརྒྱན་པ། ཤར་དུ་ཚེ་བུམ། ལྷོར་ཚེ་རིལ། མཆན་སྤོད་ལྡན། ནུབ་ཏུ་ཚེ་ཆང་། མཆན་ཆོས་སྨན་སྦྱར་བ། བྱང་དུ་མདའ་དར་སྣ་ལྔ། མཐའ་རྟེན་བཀྲ་ཤིས་རྫས་བརྒྱད། དྲི་ཐིག་གི་རྫས། དམ་ཆུ། སློབ་དཔོན་གྱི་མདུན་དུ། ལས་བུམ། ནས་ཟེ། སྤོས་ཐུན། ཌཱ་དྲིལ་སོགས་དང་། གཞན་ཡང་མཎྜལ་བགེགས་གཏོར་སོགས་ཉེར་མཁོ་ཐམས་ཅད་ཚོགས་པར་བྱ་བ་ནི་ཡོ་བྱད་ཀྱི་བཤམས་སོ། །གཉིས་པ་ནི་གཏེར་གཞུང་ལས། དམ་ལྡན་སློབ་བུ་འཇུག་འདོད་པས༔ ཁྲི་འབུམ་བསྙེན་པས་ཁ་གསོ་ཞིང་༔ བདག་འཇུག་བླངས་ཏེ་སློབ་མ་ལ༔ ཁྲུས་བྱས་བགེགས་བསྐྲད་བསྲུང་འཁོར་བསྒོམ༔ མཎྜལ་ཕུལ་ནས་དབང་དོན་བཤད༔ སྐྱབས་འགྲོ་སེམས་བསྐྱེད་གཞུང་ལྟར་འབོགས༔ ཐུན་མོང་སྔོན་འགྲོ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པས། དཀྱིལ་འཁོར་གྱི་གཞུང་བསྲང་ཞིང་འཛབ་བསྙེན་ནུས་ལྡན་དུ་བསྒྲུབས་པས་ལས་རུང་དུ་བྱ་ཞིང་། ཚོགས་འཁོར་སོགས་མཐར་ཆགས་ཚང་བར་ལས་གཞུང་ལྟར་ལེགས་པར་གྲུབ་ནས། དཀྱིལ་འཁོར་དུ་རིག་པའི་མེ་ཏོག་དོར་བའམ་ཡང་ན་བདག་འཇུག་གི་དབང་བཞི་ཏིང་ངེ་འཛིན་གྱིས་བླངས། ལས་བུམ་བདུད་རྩི་འཁྱིལ་པའི་བསྐྱེད་བཟླས་དང་འོད་ཞུ་བྱའོ། །དེ་ནས་སློབ་མ་ཁྲུས་ནས་ཕྱུངས། བགེགས་བསྐྲད་བསྲུང་བའི་འཁོར་ལོ་གོ་བསྒོ་བ་སོགས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ཚེ་དབང་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ལ་ཐོག་མར་མཎྜལ་ཞིག་འབུལ་བར་ཞུ། ཞེས་བརྗོད། དེ་ནས་དབང་བཤད་གཏེར་སྟོན་གྱིས་མཛད་པ་ནི། བདེ་མཆོག་འཁོར་ལོའི་ཆ་ལག །ཚེ་སྒྲུབ་ཀྱི་དབང་བཤད་བཞུགས། འོ་ན་ད་ལམ་ཁྱེད་རྣམས་ལ་འཆི་བ་མེད་པའི་རིག་འཛིན་ཚེ་ཡི་དབང་བསྐུར་བའི་ཐོག་མར་ལོ་རྒྱུས་ཀྱི་རྣམ་པ་མདོ་ཙམ་ཞིག་བརྗོད་པར་བྱ་སྟེ། དེ་ཡང་སྔོན་བསྐལ་བ་བསམ་གྱིས་མི་ཁྱབ་པའི་གོང་རོལ་ཏུ་གླིང་ཆེན་པོ་བཞི་ལ་དབང་བའི་རྒྱལ་པོ་ཆེན་པོ་རྩིབས་ཀྱི་མུ་ཁྱུད་འཛིན་ཞེས་བྱ་བས་རྫོགས་པའི་སངས་རྒྱས་རིན་ཆེན་སྙིང་པོ་ལ་སེམས་བསྐྱེད་དེ། བསྐལ་པ་གྲངས་མེད་གསུམ་ལ་ཚོགས་བསགས། གྲངས་མེད་གསུམ་ལ་སྒྲིབ་པ་སྦྱངས། དེ་ནས་གྲངས་མེད་གསུམ་གྱི་མཐར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཟང་པོ་མཆོག་གི་སྲས་སུ་སྐུ་འཁྲུངས་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཞིང་དེའི་སྟེང་ཕྱོགས་ཀྱི་ནམ་མཁའ་ལ་ཡོན་ཏན་དཔག་ཏུ་མེད་པ་ཞེས་བྱ་བའི་ཞིང་ཁམས་སུ་བཞུགས་པའོ། །རྫོགས་པའི་སངས་རྒྱ་དེ་ཉིད་ཀྱིས་རིགས་དྲུག་གི་སེམས་ཅན་རྣམས་ལ་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པར་མཛད་པའི་ནང་ནས་འཛམ་གླིང་ལས་ཀྱི་ས་པ་འདིར། རྩོད་ལྡན་ཚེ་ལོ་བརྒྱ་པའི་ཚེ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ། གསང་སྔགས་ཆོས་ཀྱིས་འགྲོ་བ་འདྲེན་པའི་ཕྱིར་རྡོ་རྗེ་ཧྲཱིཿཡིག་གིས་མཚན་པ་ཞིག་དྷ་ན་ཀཽ་ཤའི་རྒྱ་མཚོར་འཕྲོས་པས་མཚོ་དེའི་དབུས་སུ་ངོ་བོ་གསེར་གྱི་བྱེ་མས་བརྒྱན་པ་ཞིག་ཆགས་པའི་ལྷོ་ངོས་སུ་ཡན་ལག་བརྒྱད་ལྡན་གྱི་ཆུ་མིག་གསུམ་འབབས་པའི་དབུས་མ་ལ་མེ་ཏོག་པདྨ་གེ་སར་གྱི་སྡོང་པོ་སྐྱེས་པ་ལས། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྐུ་དབང་ཆེན་ཆུ་ཕོ་སྤྲེལ་གྱི་ལོ་ལ་འཁྲུངས་ནས་ཨོ་རྒྱན་རྒྱལ་པོ་ཨིནྡྲ་བྷོ་དྷིས་མཇལ་བའི་ཚེ་གསོལ་བ། ཀྱེ་ཁྱེའུ་ཆུང་དམ་པ་ཁྱོད་ཀྱི་ཡབ་སུ་ཡིན། ཡུམ་སུ་ཡིན། ཟས་སུ་ཅི་གསོལ། འདི་རུ་ཅི་མཛད་པར་བཞུགས་ཞུས་པས། བཀའ་སྩལ་པ། བདག་གི་ཕ་ནི་རིག་པའི་ཡེ་ཤེས་ཡིན༔ མ་ནི་བདེ་སྟོང་ཀུན་ཏུ་བཟང་མོ་ཡིན༔ ཡུལ་ནི་ཆོས་དབྱིངས་སྐྱེ་བ་མེད་པ་ཡིན༔ ཟས་སུ་གཉིས་སྣང་རྟོག་པ་ཟ་བ་ཡིན༔ འདིར་ནི་ཉོན་མོངས་གསོད་པའི་སྤྱོད་པ་སྐྱོང་༔ ཞེས་གསུངས་པས་རྒྱལ་པོ་དགྱེས་ཏེ་ཐོར་ཅོག་དགུ་ལྡན་གྱི་ཕོ་བྲང་དུ་སྲས་སྐལ་ལ་ཕེབས་པར་གསོལ་བ་བཏབ་ནས་སྤྱན་དྲངས་ཏེ་མཚན་པདྨ་རྒྱལ་པོ་ཞེས་གསོལ༔ དེ་ཡང་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ནི་ཆ་ལང་ཁ་སྦུབ་པའི་དབྱིབས་སུ་ཆགས་པའི་རྒྱ་ནི་འཛམ་གླིང་སུམ་གཉིས་དང་ལྡན་པའི་དབུས་སུ། དྷ་ན་ཞེས་ཙནྡན་གྱི་ལྗོན་པའི་གླིང་ན། ཀོ་ཤ་ཞེས་ལུས་མི་གདོང་དྲེད་རྐང་ལག་ལྕགས་ཀྱི་སྡེར་མོ་ཅན་ལུས་ལ་རིན་པོ་ཆེ་ཕྲན་བུ་མང་པོས་གཏམས་པའི་སེམས་ཅན་གྱིས་གང་བའི་དབུས་ན་མཚོ་དེ་ཉིད་ཡོད་ཅིང་། རྒྱ་གར་གྱི་སྐད་དུ་དྷ་ན་ཀོ་ཤ་ན་གའི་སཱ་ག་ར། བོད་སྐད་དུ་ཀླུ་རྫིང་ཕུགས་ལེགས་ཞེས་བྱ་ཏེ། མིའི་ཡན་ལག་བརྒྱད་ལྡན་གྱིས་གང་བའི་མཚོ་དེ་ནི་ཀླུའི་རྒྱལ་པོ་འཇོག་པོའི་ཕོ་བྲང་ངོ་། ཡུལ་དེའི་སྐྱེ་འགྲོ་རྣམས་ཀྱི་གོས་ནི་རས་དཀར་སྔོ་སྣ་ཚོགས་སུ་གྱོན་ཞིང་སྐྱེས་པ་རྣམས་ཀྱི་སྐྲའི་ཐོར་ཅོག་སྤྱི་བོར་བཅིངས་ཤིང་གསེར་དངུལ་དང་མུ་མེན་གྱིས་བརྒྱན་པ། བུད་མེད་རྣམས་ཀྱི་སྐྲ་མདུན་རྒྱབ་གཉིས་སུ་བཅིངས་ནས་དུང་དང་རུས་པའི་རྒྱན་གྱིས་སྤྲས་པ་ཤ་སྟག་གོདེ་ལ་སྤྱིར་འཛམ་གླིང་འདིར་མཁའ་འགྲོ་འདུ་བའི་གནས་བརྒྱ་དང་བཅུ་གསུམ་དུ་གསུངས་པའི་ནང་ནས་མཆོག་གི་གནས་བརྒྱད་ཡུལ་དེ་ཉིད་དུ་བཞུགས་པས་གསང་སྔགས་བླ་ན་མེད་པའི་ཆོས་ཁོ་ན་དར་ཞིང་སྤྱོད་པའི་གླིང་ཕུན་སུམ་ཚོགས་པ་ལྔའི་རང་བཞིན་ཅན་ནོ། དེ་ལྟ་བུའི་ཡུལ་མཆོག་ཁྱད་པར་ཅན་དུ་སྐུ་འཁྲུངས་པའི་གྷུ་རུ་རིན་པོ་ཆེ་དེ་ཉིད་རྒྱལ་པོའི་ཁབ་ཏུ་ལོ་ལྔ། བསིལ་བ་ཚལ་དུ་ལོ་ལྔ། རིགས་གནས་སྦྱངས་པར་ལོ་བཅུ། རྒྱ་གར། རྒྱ་ནག །ཨོ་རྒྱན། ཟ་ཧོར། མ་ག་དྷ། མུ་སྟེགས། ཁ་ཆེ། སིང་ག་ལ། ལི་ཡུལ། མ་རུ་རྩེ་ལ་སོགས་པའི་ཡུལ་རྣམས་སུ་ཉིས་བརྒྱ་ཉིས་བརྒྱ་བཞུགས། འ་ཤ་བྲུ་ཤ་ཤམ་བྷ་ལ་ཞང་ཞུང་ཏ་ཟིག་གེ་སར་ཐོ་གར་རུག་མ་སྲིན་པོ་ཀླུ་ཡུལ་རྣམས་སུ་དགུ་བཅུ་རྩ་བརྒྱད་རེ་བཞུགས། བལ་ཡུལ་མི་ལོ་བཞི་བཅུར་འགྲོ་དོན་མཛད། མཚན་ཡང་པདྨ་འགྲོ་མགོན་རྩལ་དང་། པདྨ་དབང་ཕྱུག་མགོན་དང་། པདྨ་བློ་གྲོས་མཆོག་ལྡན་དང་། པདྨ་མི་མཆོག་རྩལ་དང་། པདྨ་བཛྲ་རྩལ་དང་། པདྨ་མཁའ་འགྲོའི་དབང་ཕྱུག་རྩལ་དང་། པདྨ་གུ་རུ་མཚོ་སྐྱེས་རྡོ་རྗེ་དང་། གུ་རུ་པདྨ་རྒྱལ་པོ་དང་། པདྨ་ཉི་མ་འོད་ཟེར་དང་། པདྨ་སམ་བྷ་ཝ་དང་། པདྨ་རྡོ་རྗེ་དྲག་པོ་རྩལ་དང་། པདྨ་མཐོང་གྲོལ་རྩལ་དང་། པདྨ་བིར་ཝ་པ་དང་། པདྨ་ནག་པོ་སྤྱོད་པ་དང་། པདྨ་མཁའ་ལྡིང་རྩལ་དང་། པདྨ་ས་ར་ཧ་དང་། པདྨ་འགྲོ་བའི་སྐྱབས་དང་། པདྨ་ཕྲིན་ལས་མགོན་དང་། པདྨ་དོན་ཡོད་ཞགས་པ་དང་། པདྨ་ཌོམ་བྷི་ཧེ་རུ་ཀ༔ དང་། པདྨ་རིགས་ལྡན་དཀར་པོ་དང་། པདྨ་གཟི་བརྗིད་འོད་འཕྲོ་དང་། གུ་རུ་པདྨ་འབྱུང་གནས་ལ་སོགས་མཚན་གྱི་རྣམ་གྲངས་དང་སྐུའི་སྤྲུལ་སྒྱུར་སྣ་ཚོགས་སུ་མཛད་ནས། གང་ལ་གང་འདུལ་གྱི་བསྟན་འགྲོའི་དོན་མཛད་པའི་སྐབས་སུ་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་པས། བསྟན་འགྲོའི་དོན་དུ་བོད་ཡུལ་དུ་ཕེབས་ནས་ལྷ་འདྲེ་མི་གསུམ་ཆོས་ལ་བཙུད་སངས་རྒྱས་ཀྱི་བསྟན་པ་བཙུགས་པའི་དུས་སུ་ཆོས་འཁོར་དཔལ་གྱི་བསམ་ཡས་མཆིམས་ཕུའི་དགེ་གོང་དུ། ལས་ལྡན་གྱི་རྗེ་འབངས་རྣམས་ལ་བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་དབང་གི་འཁོར་ལོའི་ཟབ་ཆོས་ཀྱི་གདམས་པ་རྣམས་གནང་བའི་ཚེ། གུ་རུའི་ཞལ་ནས་མ་འོངས་དུས་ཀྱི་ཐ་མ་ལ༔ ནད་རིམས་རྐྱེན་དང་བར་ཆད་མང་༔ བློ་བུར་ཡེ་འབྲོག་འཚུབས་པའི་དུས༔ ཆོས་ལྡན་སྐྱེས་བུའི་རྐྱེན་བཟློག་ཏུ༔ རིག་འཛིན་ཚེ་ཡི་སྒྲུབ་པ་ནི༔ ཟབ་ལས་ཆེས་ཟབ་ཁྱད་འཕགས་ཤིག༔ ཚེ་ཡི་རིག་འཛིན་པདྨས་བརྗོད༔ སྐལ་ལྡན་ཀུན་གྱིས་ཉམས་སུ་ལོངས༔ ཞེས་དང་། དེ་བཞིན་དུ། བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས༔ དབང་མཆོག་འདི་བཞིན་གཞན་དོན་སྤྱོད༔ སྡིག་ཅན་འགྲོ་ལ་སྦ་བར་བྱ༔ ཆོས་ལྡན་སྐྱེས་བུའི་གྲོགས་སུ་ཤོག༔ སྔོན་ཆད་འཛམ་གླིང་བོད་ཡུལ་འདིར༔ དབང་མཆོག་འདི་འདྲ་མ་གྲགས་སོ༔ པདྨ་བདག་གི་ཐུགས་ཐིགས་ཡིན༔ རང་གི་སྲོག་གི་ཅི་རི་རྣམས༔ ཟབ་མོའི་དབང་འདིའི་ཡོན་དུ་རི༔ མཆོག་གི་དངོས་གྲུབ་ཚེ་འདིར་འགྲུབ༔ ཐུན་མོང་ཙམ་ལ་སྨོས་ཅི་དགོས༔ ཉམས་སུ་ལོངས་ཤིག་རྗེས་འཇུག་རྣམས༔ སྲུང་མས་བཀའ་འདིའི་བྱ་ར་གྱིས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ཅེས་གསུངས་པའི་ཟབ་ཆོས་ཚེའི་སྒྲུབ་ཐབས་དབང་གི་རིམ་པ་དང་བཅས་པ་འདི་མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེར་བཏབ་ནས་གནས་མཆོག་ཆེན་པོ་གངས་རིའི་རྒྱལ་པོ་ཏེ་སེ་ཞེས་མདོ་རྒྱུད་དུ་མ་ནས་ལུང་བསྟན་པའི་ཕོ་བྲང་མཁའ་འགྲོའི་གསང་མཛོད་དུ་སྦས་པ་གུ་རུ་སངས་རྒྱས་གཉིས་པའི་ལུང་བསྟན་དུས་བབས་ལྟར་དུ། མ་འོངས་བསྐལ་པའི་ཐ་མ་ལ༔ བདུད་སྤྲུལ་བྱང་སེམས་ཆས་ལ་འཇུག༔ བཀའ་དང་བསྟན་བཅོས་དཀྲུག་ཅིང་སྤེལ༔ ཐུབ་པའི་བསྟན་པ་ཉམས་པའི་རྟགས༔ པད་འབྱུང་ང་ལ་གཉིས་ཡོད་ཟེར༔ རྫོགས་ཆེན་ཆོས་ལོག་བོན་དང་འདྲེས༔ ཀུན་གྱིས་སྤོངས་ཤིག་མ་བྱེད་ཟེར༔ ང་སྤྲུལ་སྐལ་ལྡན་སྐྱེས་བུ་ཡིས༔ ཚུལ་འཆོས་མི་སྣང་མི་བསྟུན་ཚེ༔ ཟོག་པོར་མཐོང་ཞིང་ཐན་དུ་བལྟ༔ བདུད་སྤྲུལ་རྣམས་ལ་འགྲོ་བ་འདུ༔ ཨེ་མ་བསྐལ་པའི་ཡང་མཐའ་ལ༔ ལོ་ཙཱ་ཀླུ་ཡི་དབང་པོ་ཁྱོད༔ སྨོན་ལམ་མཐའ་བཙན་ཁམས་སུ་སྐྱེ༔ ཁམས་ཞིག་ཉི་མ་གྲགས་པ་ཞེས༔ འདོད་བློ་མེད་ཅིང་ཞེ་འདོད་བྲལ༔ མ་དར་ས་ནས་དགྲ་སྡང་ཞིང་༔ བཟང་ལེན་ངན་འཇལ་མི་ཁ་སྡང་༔ དད་མོས་མི་བྱེད་འབར་ཤ་ལྡིར༔ ཞབས་ཏོག་མི་བྱེད་ཞབས་འདྲེན་མང་༔ དེ་ཚེ་བཟོད་པའི་གོ་ཆ་གྱོན༔ ཐུགས་རྗེ་ཆེན་པོའི་ཏིང་འཛིན་བསྒོམས༔ བཅུད་ལེན་བསྟེན་ཞིང་རི་ཁྲོད་འགྲིམས༔ ངེས་མེད་གནས་ལ་སྒྲུབ་པ་གྱིས༔ མཚན་ལྡན་ཕྱག་རྒྱ་གྲོགས་སུ་བསྟན༔ བདག་ཅན་བུད་མེད་ནོར་མ་བསོག༔ ཆོས་བདག་སྐལ་ལྡན་མ་གཏོགས་པར༔ ཟང་ཟིང་བོར་ལ་སྒྲུབ་ལ་བརྩོན༔ མི་ངོ་མ་བསྲུང་དམ་ཚིག་སྲུངས༔ པད་འབྱུང་ང་ཡི་བསླབ་སྟོན་ཉོན༔ ཕས་ཟེར་ཉོན་ལ་ཕ་རྗེས་༄༅། །ཤོག༔ པདྨ་འོད་ཀྱི་ཕོ་བྲང་དུ༔ ང་རང་ཕ་སྤད་ཉམས་དབྱངས་སྐྱོང་༔ ཞེས་གསུངས་པ་ལྟར་དུ། གངས་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས། ཤིང་མོ་ཡོས་ཀྱི་ལོ་ལ་གདན་དྲངས་ཤིང་། ས་ཕོ་རྟ་ལོར་ཁམས་སྲིང་མོ་རྫོང་གི་གནས་མཆོག །གུ་ཧ་ཀཱ་ལར་ཤོག་སེར་ལས་བསྒྱུར་བའི་དབང་དང་གདམས་པ་ཐམས་ཅད་བདག་གིས་ལེགས་པར་ཐོབ་པ་ཡིན་པས། ཁྱེད་རང་རྣམས་ཀྱིས་ཞུ་བའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་བཟློས་མཛོད། ཅེས་པ་ནས་གཞུང་བཞིན་ལག་ལེན་མཐོང་བརྒྱུད་ལྟར་དབང་རྣམས་བསྐུར་བར་བྱའོ། ཅེས་པ་འདི་ཡང་ལྷ་སྡེང་སྐུ་སྐྱེ་བློ་གྲོས་རྒྱ་མཚོར་ཕན་ཕྱིར་རིག་འཛིན་པས་བྲིས། དེ་ནས་གསོལ་བ་འདེབས་པ་ནི༔ ཨེ་མ་ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་ཀུན་གྱི་གཙོ༔ ཚེ་དཔག་མེད་པ་འགྲོ་བ་ཡོངས་ཀྱི་སྐྱབས༔ རིག་འཛིན་ཚེ་ཡི་དངོས་གྲུབ་དབང་གི་མཆོག༔ བདག་ཅག་རྣམས་ལ་ལེགས་པར་སྩལ་དུ་གསོལ༔ ལན་གསུམ༔ སློབ་དཔོན་གྱིས༔ ཧོ༔ ཁྱེད་རྣམས་སྔོན་བསགས་བསོད་ནམས་ཅན༔ ཚེ་ཡི་དབང་མཆོག་འདིར་ཞུགས་ནས༔ དམ་ཚིག་སྲོག་ལ་བབས་ཀྱང་བསྲུང་༔ བདུད་རྩི་གསང་བའི་ཆུ་འདི་འཐུང་༔ ས་མ་ཡཱ་ཨི་དན་ཏེ་ཧཱུྃ༔ དམ་ཆུ་བླུད༔ དེ་ཡང་དབང་བསྐུར་བའི་ཐོག་མར་སྔོན་འགྲོའི་རྒྱུད་དག་པར་བྱེད་དགོས་པས། ཐོག་མར་ཐུན་མོང་གི་སྔོན་འགྲོ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པས་རྒྱུད་སྦྱང་བ་དང་། ཐུན་མོང་མ་ཡིན་པར་བསྐྱེད་རིམ་ཡེ་ཤེས་དབབ་པས་རྒྱུད་སྦྱང་བ་དང་གཉིས་ཀྱི་དང་པོ་ནི། ཁྱེད་རང་རྣམས་གྱི་མདུན་གྱི་ནམ་མཁར་གདན་པདྨ་ཉི་ཟླའི་སྟེང་དུ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ལ་ཕྱོགས་དུས་སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པ་དེ་དག་གི་དྲུང་དུ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་རིམ་པ་ཚིག་རྗེས་དོན་གསལ་བའི་འདུན་པ་རྩེ་གཅིག་གིས་འདིའི་རྗེས་ཟློས་མཛོད། ཧཱུྃ་ཧྲཱི༔ རྐང་གཉིས་གཙོ་བོ་སངས་རྒྱས་ཚེ་དཔག་མེད༔ ཞི་བ་ཆགས་བྲལ་ཚེ་སྒྲུབ་དམ་པའི་ཆོས༔ ཚོགས་ཀྱི་མཆོག་གྱུར་ཚེ་ཡི་རིག་པ་འཛིན༔ ཚེ་ཡི་རིག་འཛིན་སྒྲུབ་ཕྱིར་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི༔ ཧཱུྃ་ཧྲཱི༔ ཟབ་ཅིང་སྤྲོས་བྲལ་སྐྱེ་འཆི་མེད་པའི་དོན༔ མ་རིག་སྒྲིབ་པས་བཅིངས་པའི་འགྲོ་བ་རྣམས༔ འཆི་བདག་བདུད་གྱི་བར་ཆད་བཟློག་པའི་ཕྱིར༔ རིག་འཛིན་ཚེ་ཡི་སྒྲུབ་པ་ཉམས་སུ་ལེན༔ གཉིས་པ་ནི་གཞུང་ལས༔ གནས་གསུམ་དྲི་ཡི་ཐིག་ལེ་བྱ༔ སྤོས་བསྲེག༔ རོལ་མོ་འཁྲོལ༔ ཡེ་ཤེས་པ་དབབ༔ ཏིཥྛ་བཛྲ་བརྗོད་ནས་མེ་ཏོག་མཐོར༔ ཞེས་པས་གནས་གསུམ་དུ་དྲི་བཟང་གི་ཆུས་ཐིག་ལེ་བྱས་པས༔ ལས་བུམ་གྱི་ཆུ་འཐོར་ཞིང་༔ ཨོཾ་མ་ཧཱ་ཤུ་ནྱ་ཏ་སོགས། ཁྱེད་རང་གི་ལུས་འདིས་མཚོན་པའི་མ་དག་པའི་དངོས་པོ་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཡེ་ཤེས་རང་སྣང་ལས་གྲུབ་པའི་རིན་པོ་ཆེའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་གདན་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ། ཐུགས་སྲོག་ཧྲཱིཿཡིག་ཡོང་སུ་གྱུར་པ་ལས་ཁྱེད་རང་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་སྐུ་མདོག་དཀར་པོ་སྟོན་ཀའི་ཟླ་བ་རྒྱས་པ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱས་ཚེ་བུམ་འཛིན་པས་ཡུམ་ལ་འཁྱུད་པ་སྤྱན་གཉིས་ཞི་ཞིང་འཛུམ་པའི་ཉམས་ཅན། དབུ་སྐྲ་རལ་པའི་ཐོར་གཙུག་ཅན། དེའི་པང་དུ་ཡུམ་མཆོག་བདེ་འབྱིན་ཛྙཱ་ན་དྷཱཀྐི་སྐུ་མདོག་དཀར་པོ་བཅུ་དྲུག་ལོན་པའི་ལང་ཚོ་ཅན། ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ་བ། ཕྱག་གཡས་མདའ་དར་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་འཛིན་པ། སྤྱན་གཉིས་དཀྱུས་རིང་ཞིང་འཛུམ་པའི་ཉམས་ལྡན་དབུ་སྐྲ་སིལ་བུར་འཕྱང་བ། ཡབ་ཡུམ་གཉིས་རིན་པོ་ཆེ་དང་རུས་པའི་རྒྱན་དྲུག་གིས་བརྒྱན་པ་དང་། དར་སྣ་ཚོགས་ཀྱི་སྟོད་གཡོག་དང་སྨད་ཤམ་སོགས་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ་འོད་ཟེར་སྣ་ཚོགས་འཕྲོ་བའི་ཀློང་དུ་བསྐྱེད་དོ། །དེའི་ཕྱོགས་བཞིར་ཤར་དུ་སངས་རྒྱས་ཚེ་དཔག་མེད་མཐིང་ཀ །ལྷོར་རཏྣ་ཚེ་དཔག་མེད་སེར་པོ། ནུབ་ཏུ་པདྨ་ཚེ་དཔག་མེད་དམར་པོ། བྱང་དུ་ཀརྨ་ཚེ་དཔག་མེད་ལྗང་གུ། བཞི་ཀའང་ཞལ་གཅིག་ཕྱག་གཉིས་ཞབས་གར་སྟབས་ཅན་ཕྱག་གཡས་མདའ་དར་དང་གཡོན་ཚེ་བུམ་བསྣམས་པ། རང་འོད་ཀྱི་ཡུམ་མདའ་དར་དང་ཚེ་བུམ་བསྣམས་པ་རྣམས་སོ་སོར་འཁྲིལ་བ༔ དར་དང་རིན་ཆེན་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པར་བསྒོམ་ཞིང་༔ གཞན་ཡང་སྒོ་མ་བཞི་དང་ཚེ་ལྷ་རིག་འཛིན་བཀའ་སྡོད་དང་བཅས་པ་དཔག་ཏུ་མེད་པ་གསལ་ཞིང་། དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨཱོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་སྒོམ་ཞིང་། སློབ་དཔོན་དང་མདུན་བསྐྱེད་ཀྱི་སྐུ་ལས་ཀྱང་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པའི་རྐྱེན་གྱིས་འོག་མིན་ཆོས་ཀྱི་དབྱིངས་དང་ནུབ་ཕྱོགས་བདེ་བ་ཅན་སོགས་གནས་ཡུལ་གྱི་ཞིང་ཁམས་ཐམས་ཅད་ནས་ཡེ་ཤེས་སེམས་དཔའ་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་གཉིས་མེད་དུ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབ་པའི་མོས་པ་མཛོད། སྤོས་བསྲེག་རོལ་མོ་འཁྲོལ་ཞིང་༔ ཧཱུྃ་ཧྲཱི༔ འོག་མིན་ཆོས་དབྱིངས་གནས་མཆོག་དམ་པ་ནས༔ བཅོམ་ལྡན་མགོན་པོ་རྒྱལ་བ་ཚེ་དཔག་མེད༔ ཡབ་ཡུམ་འཁོར་བཅས་མ་ལུས་སྤྱན་འདྲེན་ན༔ ཚེ་དབང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཤར་ལྷོ་ནུབ་བྱང་སྟེང་འོག་ཕྱོག་བཅུ་ནས༔ ཚེ་ལྷ་རིགས་ལྔ་རྩ་གསུམ་བརྒྱུད་པར་བཅས༔ བཀའ་སྡོད་སྒོ་བ་ལས་མཁན་ཕོ་ཉ་བྲན༔ མ་ལུས་འཁོར་བཅས་གནས་འདིར་སྤྱན་འདྲེན་ན༔ ཚེ་དབང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཨཱོཾ་བཛྲ་ཨཱཿཡུ་ཥེ་བཛྲ་ས་མ་ཡཱ་ཛཿཛ༔ ཞེས་དང་། རྩ་སྔགས་མཐར་བཛྲ་ཨ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་བརྗོད་སྤོས་རོལ་དང་བཅས་བྱིན་འབེབས་དྲག་ཏུ་བྱའོ། །དེ་ནས་མེ་ཏོག་འཐོར་ཞིང་རྡོ་རྗེ་སྤྱི་བོར་བཞག་ལ། ཏིཥྛ་བཛྲ་གྱིས་བརྟན་པར་བྱ་སྟེ། གཞུང་ལས། དེ་དག་ཐུན་མོང་མ་ཡིན་པའི༔ སྔོན་དུ་འགྲོ་བ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དངོས་གཞི་དབང་གི་རིམ་པ་དོན་བདུན་གྱི་དང་པོ་བླ་ཚེ་ཆད་ཉམས་གསོ་ཞིང་འགུགས་པ་ནི། དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ མདའ་དར་ཐོགས་ནས་ཕྱོགས་བཅུར་གཡབ༔ འོད་ཟེར་འཕྲོས་པས་སློབ་བུ་ཡི༔ བླ་ཚེ་ཆད་ཉམས་གས་དང་ཡར༔ རྩ་གསུམ་རིག་འཛིན་གྲུབ་ཐོབ་དང་༔ འཁོར་འདས་ཀུན་གྱི་དཔལ་འབྱོར་རྣམས༔ ཡི་གེ་ཨ་ནྲི་ཧཱུྃ་གསུམ་དུ༔ བསྡུས་ནས་ལུས་ངག་ཡིད་གསུམ་ལ༔ གཉིས་མེད་ཐིམ་པའི་འདུན་པ་ཡིས༔ སྙན་པའི་དབྱངས་ཀྱིས་འདི་སྐད་དོ༔ ཞེས་གསུངས་པས༔ ཧཱུྃ་ཧྲཱི༔ མ་གཡེལ་ཐུགས་བསྐྱེད་སྨོན་ལམ་མཐུས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཚེ་ལྷ་རིགས་ལྔ་པདྨ་འབྱུང་༔ རྩ་གསུམ་བརྒྱུད་པའི་བླ་མ་ལྷ༔ བཀའ་སྡོད་ཕོ་ཉ་སྒོ་མའི་ཚོགས༔ ཐུགས་རྗེའི་རང་བཞིན་འོད་དུ་འཕྲོས༔ བྱིན་རླབས་རང་བཞིན་འཁོར་འདས་ཀྱིས༔ ཐུགས་རྗེ་བྱིན་རླབས་ཚེ་བསོད་དཔལ༔ བླ་ཚེ་ཆད་ཉམས་གས་དང་ཡར༔ ཨཱཿནྲི་ཧཱུྃ་གསུམ་རྣམ་པར་བསྡུས༔ རྒྱ་མཚོ་ཆེ་ལ་ཆར་བབས་ལྟར༔ སྐལ་ལྡན་ལུས་ལ་གཉིས་མེད་ཐིམ༔ ཚེ་ཡི་དངོས་གྲུབ་ཐོབ་པར་ཤོག༔ རྩ་སྔགས་དང་ཏིཥྛ་བཛྲ་ཞེས་བརྗོད༔ དེ་ནས་རྣམ་རྒྱལ་བུམ་པ་ཐོགས༔ སྤྱི་བོར་བཞག་ནས་འདི་སྐད་དོ༔ ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ བུམ་པའི་རང་བཞིན་སྐུ་ཡི་དབང་༔ ཐུགས་རྗེའི་རང་བཞིན་བཅུད་དུ་འཁྱིལ༔ སྐལ་ལྡན་བུ་ཡི་ལུས་ལ་དབང་བསྐུར་བས༔ ལུས་འདི་ལོ་བརྒྱ་འཚོ་བའི་དབང་ཐོབ་ཤོག༔ ཨཱོཾ་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཚེ་བྷྲུྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ་ཨཱོཾ༔ དཀྱིལ་འཁོར་ནུབ་ཀྱི་ཚེ་ཆང་ཐོགས༔ མགྲིན་པར་བཞག་ལ་འདི་སྐད་དོ༔ ཧཱུྃ་ཧྲཱི༔ སྣང་བ་མཐའ་ཡས་མགོན་པོ་ཚེ་དཔག་མེད༔ གསང་བའི་མཁའ་ལས་ཚེ་ཡི་བདུད་རྩི་བབས༔ བྷནྡྷར་འཁྱིལ་བས་རཱ་ག་གསུང་གི་དབང་༔ སྐལ་ལྡན་བུ་ཡི་ངག་ལ་དབང་བསྐུར་བས༔ ངག་འདི་ལོ་བརྒྱར་འཕེལ་བའི་དབང་ཐོབ་ཤོག༔ ཨཱོཾཿཛྙཱ་ན་བཛྲ་ཨ་ཡུ་ཥེ་ཚེ་བྷྲུྃ༔ ཝཱཀྐ་ཨ་བྷི་ཥིཉྩ་ཨཱ་ཨཱ༔ དཀྱིལ་འཁོར་ཤར་ཀྱི་བུམ་པ་ཐོགས༔ སྙིང་ཁང་བཞག་ནས་འདི་སྐད་དོ༔ ཧཱུྃ་ཧྲཱི༔ བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད༔ ཀ་དག་ཆོས་ཉིད་གཞོན་ནུ་བུམ་པའི་སྐུ༔ སྐྱེ་ཤིའི་མཐའ་བྲལ་རྡོ་རྗེ་ཐུགས་ཀྱི་དབང་༔ སྐལ་ལྡན་བུ་ཡི་སེམས་ལ་དབང་བསྐུར་བས༔ སེམས་འདི་ལོ་བརྒྱར་བརྟན་པའི་དབང་ཐོབ་ཤོག༔ ཧཱུྃ་ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཚེ་བྷྲཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ དཀྱིལ་འཁོར་ལྷོ་ཡི་ཚེ་ཟན་ཐོགས༔ ལྟེ་བར་བསྐུར་ཞིང་ལག་ཏུ་སྦྱིན༔ ཧཱུྃ་ཧྲཱི༔ རིན་ཆེན་འབྱུང་ལྡན་རཏྣ་ཚེ་དཔག་མེད༔ རྒྱུ་རྐྱེན་རྣམ་དག་འབྲུ་བཅུད་རོ་བརྒྱར་ལྡན༔ ཏིང་འཛིན་ལོངས་སྤྱོད་ཡོན་ཏན་ཚེ་ཡི་དབང་༔ སྐལ་ལྡན་བུ་ཡི་ལྟེ་བར་དབང་བསྐུར་བས༔ ཟ་ཐང་ལོ་བརྒྱ་རྒྱས་པའི་དབང་ཐོབ་ཤོག༔ ཏྲཾ༔ ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཚེ་བྷྲུྃ༔ རཏྣ་ཨ་བྷི་ཥིཉྩ་ཏྲཾ་ཏྲཾ༔ དཀྱིལ་འཁོར་བྱང་གི་མདའ་དར་ཐོགས༔ གསང་བར་བཞག་ཅིང་རྒྱས་ཀྱང་གདབ༔ ཧཱུྃ་ཧྲཱི༔ དོན་ཡོད་གྲུབ་པ་ཀརྨ་ཚེ་དཔག་མེད༔ སྦྱོར་དང་སྒྲོལ་བ་ཚེ་རྟེན་མདའ་དང་དར༔ ཚེ་བསོད་དཔལ་འབྱོར་ཐུགས་རྗེའི་སྟོབས་ཀྱིས་སྦྱོར༔ ལོག་འདྲེན་བར་ཆད་ནུས་པའི་ཤུགས་ཀྱིས་སྒྲོལ༔ སྐལ་ལྡན་བུ་ཡི་ལུས་ལ་དབང་བསྐུར་བས༔ སྤྱོད་པ་ལོ་བརྒྱར་དར་བའི་དབང་ཐོབ་ཤོག༔ ཨཱཾཿཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཚེ་བྷྲུྃ༔ ཀརྨ་ཨ་བྷི་ཥིཥྩ་ཨཱ་ཨཱ༔ བཀྲ་ཤིས་རྫས་བརྒྱད་མཐའ་བརྟེན་བསྐུར་ཞེས་པ་ཚེ་སྒྲུབ་བདུད་བཞི་རྣམ་རྒྱལ་ལྟར་བསྐུར་རོ། །དེ་ནས་གཞུང་ལས། ཤིས་པ་བརྗོད་ཅིང་མེ་ཏོག་གཏོར༔ དངོས་གཞིའི་དབང་བསྐུར་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཧཱུྃ་ཧྲཱི༔ རྒྱལ་བ་ཚེ་དཔག་མེད་མགོན་ཐུགས་རྗེའི་དཔལ༔ བདག་སོགས་འགྲོ་བ་བརྩེ་བས་རྗེས་དགོངས་ནས༔ ཕྱོགས་དུས་རྒྱལ་བའི་ཐུགས་རྗེ་བྱིན་རླབས་བསྡུས༔ མཆོག་ཐུན་དངོས་གྲུབ་ཐོབ་པའི་བཀྲ་ཤིས་ཤོག༔ ཅེས་དང་། གཞན་ཡང་ཤིས་བརྗོད་ཅི་རིགས་བརྗོད་ལ་མེ་ཏོག་གི་སིལ་མ་བཀྲམ་པར་བྱའོ། །གཞན་ཡང་རྗེས་ཀྱི་བྱ་བ་གསང་བ་སྤྱི་འགྲོས་བཞིན་བྱ་སྟེ། དེ་ལྟར་ཚེ་དབང་ཟབ་མོ་ལེགས་པར་བསྐུར་གྲུབ་པས་གནས་སྐབས་དེ་དག་ཏུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པའི་རིམ་པ་རྣམས་ཚུལ་བཞིན་དུ་བསྲུང་ངོ་སྙམས་པས་འདིའི་རྗེས་བཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། སོགས། དེ་ལྟར་ཚེ་དབང་ཟབ་མོ་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་ཏུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། མཎྜལ་འབུལ་ལོ། །སླར་ཡང་ལུས་ལོངས་སྤྱོད་ལ་སོགས་པ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྒྱལ་སྲིད་ཀྱི་འབྱོར་བ་ལྟ་བུར་ཡིད་ཀྱིས་སྤྲུལ་ཞིང་ཕུལ་བས་བཞེས་ཤིང་ཆ་ཤས་ནས་རང་གིས་ཀྱང་ལོངས་སྤྱོད་པའི་མོས་པ་དང་བཅས་འདིའི་རྗེས་བཟློས་མཛོད། དེང་ནས་བརྩམས་སྟེ་སོགས། དེ་ལྟར་དབང་བསྐུར་ལེགས་པར་ཐོབ་པའི་དགེ་བ་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བར་མཛོད། བསོད་ནམས་འདི་ཡིས་སོགས། རིན་ཆེན་དགེ་ཚོགས་འདི་ཡིས་སོགས་བརྗོད་དོ། །རྗེས་ཀྱི་བྱ་བ་དཀྱིལ་འཁོར་བསྡུ་བ་སོགས་ལས་བྱང་མཇུག་སྐྱོང་ངོ་། །ཞེས་པ་རྣམས་ཀྱང་གཞུང་ལས། བཀའ་དྲིན་ཁུར་ཞིང་ཡོན་གྱིས་མཆོད༔ རང་གིས་སྲོག་གི་རིན་ཐང་རྣམས༔ ཟབ་མོའི་དབང་འདིའི་ཡོན་དུ་རི༔ བརྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས༔ དབང་མཆོག་འདི་བཞིན་གཞན་དོན་སྤྱོད༔ སྡིག་ཅན་འགྲོ་ལ་སྦ་བར་བྱ༔ ཆོས་ལྡན་སྐྱེས་བུའི་གྲོགས་སུ་ཤོག༔ སྔོན་ཆད་བོད་ཡུལ་འཛམ་གླིང་འདིར༔ དབང་ཆོག་འདི་འདྲ་མ་གྲགས་སོ༔ པདྨ་བདག་གི་ཐུགས་ཏིག་ཡིན༔ མཆོག་གི་དངོས་གྲུབ་ཚེ་འདིར་འགྲུབ༔ ཐུན་མོང་ཙམ་ལ་སྨོས་ཅི་དགོས༔ ཉམས་སུ་ལོངས་ཤིག་རྗེས་འཇུག་རྣམས༔ སྲུང་མས་བཀའ་ཡི་བྱ་ར་གྱིས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འགྲོ་འདུལ་གླིང་པས་བདེ་ཆེན་གསང་བ་ཕུག་ནས་རྙེད། སྨིན་བྱེད་ཟབ་མོའི་ལག་ལེན་ཆེས་གསལ་བ། །གཞུང་དང་བླ་མའི་ཕྱག་བཞེས་ཇི་བཞིན་དུ། །བཀླགས་ཆོག་འཇུག་བདེར་སྤེལ་བའི་ལེགས་བཤད་འདིས། །མཁྱེན་ཡངས་གང་དེའི་དགྱེས་པ་བསྐང་བར་རློམ། །འོན་ཀྱང་བདག་བློ་རྨོངས་པ་ཤས་ཆེ་ཞིང་། །ཐོས་པ་ཉུང་ལ་བརྩོན་པ་ལྷོད་པས་ན། །མ་རྟོགས་ལོག་རྟོགས་འཁྲུལ་པར་འཕྱན་སྲིད་པས། །ཉེས་གྱུར་དམ་པ་རྣམས་ཀྱིས་བཟོད་པར་རིགས། །དགེ་བས་སྲིད་པའི་ལུས་ཅན་ཉམ་ཐག་རྣམས། །གནས་སྐབས་དུས་མིན་འཆི་བ་ལས་རྒྱལ་ཞིང་། །མཐར་ཐུག་སྐྱེ་འཆི་མེད་པའི་དོན་རྟོགས་ནས། །འཆི་མེད་དབང་པོའི་གོ་འཕང་ལ་རེག་ཤོག །ཅེས་པ་འད་ིའང་བླ་མ་དམ་པ་འགྱུར་མེད་བློ་ལྡན་གྱི་བཞེད་སྐོང་དུ་གཞུང་དོན་བཀླགས་ཆོག་ཁྲིགས་སྡེབས་དང་། མཚམས་སྦྱོང་འགའ་ཞིག་གསར་དུ་བགྱིས་པ་བཅས་བྱ་བྲལ་སྙོམ་ལས་མཁན་རྨོངས་བན་ཝཱ་གིནྡྲའི་མིང་གིས་སུག་བྲིས་སུ་བགྱིས་པ་དགེ། །།


previousཚེ་དཔག་མེད་དཀར་པོའི་དབང་ཆོག་སྐལ་བཟང་དགའ་སྟོན།next