Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བརྒྱད་པ།


   
   
  expand section
  collapse section
   
   
   
   
   
   
   
   
   
   
   
བསྙེན་ཡིག་འཆི་མེད་གྲུབ་པའི་ལམ་བཟང་།
  expand section
  expand section
  expand section


 
previousབསྙེན་ཡིག་འཆི་མེད་གྲུབ་པའི་ལམ་བཟང་།next

བསྙེན་ཡིག་འཆི་མེད་གྲུབ་པའི་ལམ་བཟང་།

ཟབ་ལམ་ཚེ་དཔག་མེད་ཀྱི་བསྙེན་ཡིག་འཆི་མེད་གྲུབ་པའི་ལམ་བཟང་ཞེས་བྱ་བ་བཞུགས་སོ། །ཁྱོད་མཚན་ཉིན་མོར་བྱེད་པའི་དགེ་མཚན་གྱིས། །འཆི་བདག་མུན་པའི་སྨག་རུམ་མཐར་མཛད་ནས། །ཕན་བདེའི་སྣང་བ་དཀར་པོས་རྟག་སྐྱོང་བ། བླ་མ་ཚེ་མཐའ་ཡས་པས་ཤིས་པ་སྩོལ། །གང་གིས་བླ་མ་ཚེ་དཔག་མེད་པ་ཡི། བསྙེན་སྒྲུབ་ཟབ་མོ་ཉམས་སུ་ལེན་འདོད་པའི། །སྐལ་བཟང་འགྲོ་རྣམས་འཇུག་པ་བདེ་བའི་སྐྱེས། །བསྙེན་ཡིག་འཆི་མེད་གྲུབ་པའི་ལམ་བཟང་བྱ། །འདིར་ཟབ་ལམ་ཚེ་དཔག་མེད་དཀར་པོའི་བསྙེན་སྒྲུབ་ཇི་ལྟར་བྱ་བའི་ཚུལ་ལ་སྦྱོར་བ་ཡོ་བྱད་ཀྱི་བཤམས། དངོས་གཞི་བསྙེན་སྒྲུབ་ལས་གསུམ་ཇི་ལྟར་བྱ་བའི་ཚུལ། རྗེས་ཀྱི་རིམ་པ་དང་གསུམ་གྱི་དང་པོ་ནི་གསང་སྔགས་སྤྱི་དང་བྱེ་བྲག་ལ་བྱང་ཞིང་དམ་ཚིག་ལ་གནས་པ། །ཁྱད་པར་ཆོས་བཀའ་འདི་ཉིད་ཀྱི་དབང་ཐོབ་ཅིང་ལག་ལེན་ལ་མཁས་པ་དེ་ལྟ་བུས། གང་དུ་སྒྲུབ་པའི་གནས་དབེན་ཞིང་བྱིན་ཆགས་པ་གོང་མས་བྱིན་གྱིས་བརླབས་པའི་གནས་སུ་གཟའ་སྐར་དུས་ཚེས་བཟང་པོ་དང་ལྡན་པའི་ཡར་ངོ་ལྟ་བུར་གནས་ཁང་བྱི་དོར་དང་དགོས་པའི་ཡོ་བྱད་མཚམས་གཡོག་སོགས་ཚགས་སུ་ཚུད་པར་བགྱིས་ནས། སྟན་ནང་ཚངས་ཅན་གྱི་འོག་ཏུ་འབྲས་སམ་ནས་དཀར་མོས་གཡུང་དྲུང་རིས་སུ་གཡས་སྐོར་དུ་བྲིས་ལ། རང་དང་ཞལ་སྤྲོད་དུ་ཐང་སྐུ་སོགས་རྟེན་གསུམ་རྣམས་ཀྱང་བཤམས་ཤིང་། དཀྱིལ་འཁོར་རྒྱས་པར་རྡུལ་ཚོན་དང་མ་གྲུབ་ན། སྟེགས་བུ་ཁེབས་ལྡན་གྱི་ཁར་རས་བྲིས་སམ་ཚོམ་བུ་བཀོད་པའི་སྟེང་དུ་མཉྫི་ལ་སོགས་ཀྱི་སྟེང་བུམ་པ་མགུལ་ཆིངས་ཁ་རྒྱན་དང་ལྡན་པའི་ནང་ཆུས་སུམ་གཉིས་ཙམ་བཀང་བའི་ནང་དུ། འཚེ་དང་བ་ལུ་ཤུག་པ་རྟག་ངུ་རིགས་གསུམ། དབང་ལག་སོགས་བཅུད་ལེན་གྱི་རྫས་དང་བུམ་རྫས་ཉེར་ལྔ་སོགས་བཏབ་པ་བཀོད། དེའི་མདུན་དུ་ཚེ་བུམ། གཡས་སུ་ཚེ་རིལ། རྒྱབ་ཏུ་ཐོད་པ་མཚན་ལྡན་དུ་ཆོས་སྨན་སྦྱར་བའི་ཚེ་ཆང་། གཡོན་དུ་ཚེ་མདའ་རྣམས་བཤམས། དེ་དག་གི་མདུན་དུ་སྨན་རཀ་གཏོར་གསུམ། བཀའ་གཏེར་གྱི་གཏོར་མ། ཉེར་སྤྱོད་ལྔ་དང་། གཞི་བགེགས་གཏོར་མ་སོགས་མཐོང་རྒྱུད་ལྟར་རྒྱས་པར་བཤམས། གུལ་ཡུངས་ནས་ཐུན། ཌཱ་དྲིལ་སོགས་ཚོགས་པར་བྱ་བ་ནི་སྦྱོར་བ་ཡོ་བྱད་ཀྱི་ཤོམ་མོ། །གཉིས་པ་བསྙེན་སྒྲུབ་ཇི་ལྟར་བྱ་བའི་ཚུལ། བསྙེན་སྒྲུབ་ལས་གསུམ་མམ། བསྙེན་པ་སྒྲུབ་པ། སྒྲུབ་ཆེན་ཏེ་གསུམ་ལས། དང་པོ་བསྙེན་པ་ནི། གང་གི་དྲུང་དུ་དོན་སྤྱོད་དགོས་པའི་སྐྱེས་བུ་དེར་བསྙེན་ཅིང་འབྲེལ་འདོགས་པ་དང་འདྲའོ། །སྒྲུབ་པ་ནི་དོན་དུ་གཉེར་བྱའི་བྱ་བ་དེ་ལ་ཞུགས་ནས་དོན་གཏན་ལ་འབེབས་པ་དང་འདྲའོ། །སྒྲུབ་པ་ཆེན་པོ་ནི་དོན་གཏན་ལ་ཕེབས་ནས་འབྲས་བུ་ལ་སྤྱོད་པ་དང་འདྲའོ། །དེ་ལྟར་ངེས་པར་བྱས་ནས་སྟན་ལ་འདུག་སྟེ་སྔོན་འགྲོ་གསོལ་འདེབས་སོགས་དང་། རྒྱལ་ཆེན་ཐོ་འཛུག་སྒོ་བྱང་ཕྱི་ནང་སོགས་གྲུབ་ན་དང་། མ་གྲུབ་ཚེ་སྒོ་དྲུང་དུ་ཐོ་དཀར་པོ་རྩིགས་ཤིང་རྒྱལ་ཆེན་དུ་སྒོམ་ལ་གཏོར་མ་འབུལ། བགེགས་གཏོར་བཏང་ལ་བགེགས་བསྐྲད་བསྲུང་བའི་འཁོར་ལོ་སྒོམ་པ་རྣམས་གསང་བ་སྤྱིའི་འགྲོས་བཞིན་ཤེས་པར་བྱས་ལ། ཐུན་བཞིར་ངེས་པའི་ཐོག་མར་དགོང་ཐུན་ནས་འཇུག་སྟེ། དེ་ཡང་བགེགས་ལ་བཀའ་བསྒོ་བ་དང་། བསྲུང་བའི་འཁོར་ལོ་བསྒོམ་པ་རྣམས་ལས་བྱང་གི་ཚིག་དོན་ལྟར་གསལ་འདེབས་ཤིང་མཚམས་བཅད་བྱ། དེ་ཡང་མཚམ་བཅད་བྱ་གཅོད་བྱེད་བཅད་དོ་བའི་མཚན་རྟོག་ཐམས་ཅད་མི་དམིགས་པར་འཁོར་གསུམ་རྟོག་མེད་ཀྱི་ངང་དུ་མཉམ་པར་འཇོག་པར་བྱའོ། །དེ་ཡང་སྲུང་འཁོར་བསྒོམ་གྲུབ་ནས་མཚམས་གྲོལ་བའི་ཐུན་ཐ་མའི་བར་ལ་མི་བསྡུ་ཞིང་ཐུན་འགོ་རྣམས་སུ་གསལ་འདེབས་རེ་བྱ། དེ་ནས་ལས་བྱང་གི་སྐྱབས་སེམས་ནས་བཟུང་སྔོན་འགྲོ་མཆོད་པ་བྱིན་རླབས་སོགས་ཚིག་ཤར་ཙམ་མ་ཡིན་པའི་སེམས་བརྒྱུད་དང་ཅི་འདྲེས་སུ་བསྒོམས་ཤིང་གོ་དོན་རྣམས་བློ་ལ་ངེས་ཤིང་འདྲིས་པར་བྱ། དེ་ནས་དངོས་གཞི་ལྷ་བསྐྱེད་པ་ནི། ཧཱུྃ་ཧྲཱི༔ སྣང་སྲིད་འཁོར་འདས་ཆོས་དབྱིངས་སྐྱེ་བ་མེད༔ ཅེས་པ་ནས། ཆོས་སྐྱོང་སྲུང་མ་ལས་བྱེད་ཕོ་ཉར་གསལ༔ ཞེས་པའི་བར་གྱིས་དམ་ཚིག་འཁོར་ལོར་གསལ་གདབ། དེ་ནས་གཞུང་ལྟར་སྤྱན་དྲངས་ཤིང་ཆོ་ག་བརྗོད་པས་མཁའ་ཁྱབ་ཀྱི་རྒྱལ་བ་ཐམས་ཅད་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ཀྱི་ཡེ་ཤེས་ཀྱི་འཁོར་ལོའི་རྣམ་པར་སྤྱན་དྲངས་ཤིང་དམ་ཚིག་པ་ལ་བསྟིམ། དེ་ནས་བཞུགས་སུ་གསོལ་ཞིང་ཕྱག་མཆོད་བསྟོད་པ་སོགས་ལས་བྱང་དཀྱུས་བཞིན་བྱས་ནས། རང་ཉིད་ཡེ་ནས་ཚེ་དཔག་མེད་དུ་ངེས་པ་སྲོག་ཏུ་བཟུང་སྟེ་དཀྱིལ་འཁོར་པའི་རྣམ་པ་སྤྱི་དང་བྱེ་དྲག་སྣང་ཆ་རྟག་བརྟན་ཐེར་ཟུག་མ་ཡིན་པ་མེ་ལོང་ནང་གི་གཟུགས་བརྙན་ནམ་ཆུ་ནང་གི་ཟླ་གཟུགས་བཞིན་གསལ་སྟོང་དུ་མཉམ་པར་བཞག །ལྷ་སྐུ་བསྒོམ་པས་སྐྱོ་ན་བཟླས་པ་ལ་འཇུག་སྟེ། ལས་མཐུན་གྱི་བགྲང་ཕྲེང་བོ་དྷི་ཙི་ལྟ་བུ་བྱིན་རླབས་སྤྱི་ལྟར་རམ། མ་ནུས་ན་ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྟ་ཡ་ཧཱུྃ་ཕཊ༔ ཞེས་བདུན་བཟླས་ཕྲེང་བར་ཕུས་བཏབ། དེ་ནས་གཙོ་བོའི་ཐུགས་ཀར་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཧྲཱི༔ དཀར་པོ་གསལ་ཞིང་འབར་བ་དེའི་མཐར་བཟླ་བྱའི་སྔགས། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཛྙཱ་ན་བཛྲ་ཨ་ཡུ་ཥེ་ཚེ་བྷྲཱུཾ་སརྦ་སིདྷི་ཧཱུྃ་ཧྲཱི༔ ཞེས་པ་རྣམས་འོད་ཟེར་འཕྲོ་ཞིང་རང་སྒྲ་སྒྲོགས་པས་བསྐོར་བར་བསམ་ལ་སྤྲོ་བསྡུའི་དམིགས་པ་དང་བཅས་གུས་པས་གསོལ་བ་བཏབ་པའི་ཚུལ་གྱིས་བསྙེན་པ་བགྲངས་ཏེ་དེ་ཡང་གཏེར་གཞུང་ལས། བསྙེན་དུས་གསོལ་བ་འདེབས་པའི་ཚུལ༔ མ་ཡེངས་ངང་ནས་འཛབ་འདི་བཟླ༔ ཞེས་གསུངས་པ་ལྟར་ཏེ། འདིར་སྤྲོ་བསྡུའི་དམིགས་པ་དོན་མེད་དམ་སྙམ་ན་སྐྱོན་མེད་དེ། རྗེ་བླ་མས་བདེ་མཆོག་བསྙེན་ཡིག་ཏུ་རིག་པའི་རྩལ་སྦྱོང་ལ་འགལ་བ་མེད་གཤིས་སྤྲོ་བསྡུ་བྱེད་པར་གསུངས་པ་འདིར་ཡང་མཚུངས་སོ། དེས་ན་རང་གི་ཐུགས་ཀའི་ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་མཉེས་པའི་མཆོད་པ་ཕུལ། བྱིན་རླབས་ནུས་མཐུ་ཚེའི་དངོས་གྲུབ་ཐམས་ཅད་རང་ལ་ཐིམ་པར་བསམ་ཞིང་། ཁྱད་པར་དུ་རང་དང་བསྲུང་བྱའི་བླ་ཚེ་ཆད་ཉམས་ཡར་བ་གུད་པ་སོགས་དང་འཁོར་འདས་ཀྱི་ཚེ་བཅུད་འབྱུང་བཞིའི་དྭངས་མ་ཐམས་ཅད་བསྡུས་ནས་རང་ལ་ཐིམ་པར་སྒོམ། ཡང་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་པས་གནས་སྐབས་སུ་ཚེའི་བར་ཆད་དང་། མཐར་ཐུག་སྡིག་སྒྲིབ་ཐམས་ཅད་སྤོང་ནས་ཚེ་དཔག་མེད་ཀྱི་གོ་འཕང་ལ་བཀོད་པར་བསམ་ཞིང་། སྣང་གྲག་རིག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་དགོངས་པ་ལས་མི་འདའ་བའི་ངང་ནས་འཁོར་འདས་ཀྱི་ཚེ་བཅུད་རང་ལ་བསྡུ་བའི་དམིགས་པ་ཡང་ཡང་བྱ་ཞིང་སྔགས་བཟླ། ཐུན་མཐར་ཡིག་བརྒྱ་དབྱངས་གསལ་སྤེལ་ཚིག་ཅན་བདུན་རེ་བཟླས་རྗེས་མཆོད་བསྟོད་དང་། མདའ་དར་གཡབ་ཅིང་། འོད་ཟེར་འཕྲོས་པས་རང་ཉིད་ཀྱི༔ སོགས་དམིགས་པ་དང་བཅས་ཏེ། ཧཱུྃ་ཧྲཱི༔ མ་གཡེལ་ཐུགས་བསྐྱེད་སྨོན་ལམ་མཐུ༔ སོགས་ཚེ་འགུགས་འདོན་ཞིང་དངོས་གྲུབ་ལེན་དམིགས་བྱ། དེ་ནས་སྐབས་འདིར་བཀའ་གཏེར་སོགས་ཆོས་སྐྱོང་སྤྱི་སྒོས་ཀྱི་གསོལ་མཆོད་གཏོར་བསྔོ་དགོས་རིགས་དང་ཚོགས་ཀྱི་འཁོར་ལོ་ཐོག་མཐའ་བར་གསུམ་དང་། ལྷག་མ་ཆད་བསྟན་སོགས་ལས་བྱང་གི་མཇུག་སྐྱོང་དེ་ཡང་ཐུན་མ་བསྡུས་པར་ཚོགས་གཏོར་བྱེད་ན་གཙོ་བོའི་ཐུགས་ཀ་ནས་གཙོ་བོ་གཉིས་པ་ཞིག་འཕྲོས་ནས་དཀྱིལ་འཁོར་གྱི་མཐར་ཚོགས་གཏོར་སོགས་བྱེད་པར་མོས་ལ། ཐུན་མཚམས་ནས་བྱེད་ན་ཐུན་མཚམས་ཀྱི་ལྷ་ཉིད་ཀྱི་གཏོང་བར་གསུངས་སོ། །དེ་ནས་སྣོད་བཅུད་དཀྱིལ་འཁོར་གྱི་འཁོར་ལོ་འོད་གསལ་དུ་བསྡུ་ཞིང་། ལྡང་ན་ཆུ་ལས་ཉ་ལྡང་བའི་ཚུལ་གྱིས་ལྷར་ལངས་ནས་བསྔོོ་སྨོན་བྱ། དེ་ནས་སྲོད་ཐུན་ལ་སྐྱབས་འགྲོ་སེམས་བསྐྱེད་དང་སྲུང་འཁོར་གསལ་འདེབས་ཙམ་བྱས་ལ། ཏིང་འཛིན་རྣམ་གསུམ་གྱི་ངང་ནས་བཟླས་པའི་བར་སྔར་བཞིན་ལ་འདིའི་ཐུན་མཐར་ཚོགས་འཁོར་བྱ་བར་གསུངས་མོད། འོན་ཀྱང་དགོང་ཐུན་གྱི་མཇུག་ཏུ་འཇུག་པ་བདེ་བས་དེང་སང་ཕྱག་ལེན་ཕལ་ཆེར་དེ་ལྟར་མཛད་པ་མང་བས་གོང་དུ་སྨོས་པ་ལྟར་བྱས་པས་འཐུས་པར་སྣང་ངོ་། །འདི་སྐབས་དཀྱིལ་འཁོར་མ་བསྡུས་ན་གཉིད་འོད་གསལ་ལ་བཅུག་ལ་ཉལ་བའི་རྣལ་འབྱོར་བྱ། བསྡུ་ན་ཐུན་མཚམས་ཀྱི་ལྷ་ཡང་མེ་ལོང་ལ་ཧས་བཏབ་པ་བཞིན་བསྡུས་ནས་ཉལ་བའི་རྣལ་འབྱོར་བྱ། སང་ཞོགས་ཐོར་ཐུན་ལ་ལྡང་དུས་དཔའ་བོ་རྣལ་འབྱོར་མའི་ཌཱ་དྲིལ་དང་སྔགས་ཀྱི་སྒྲས་སད་པར་བྱས་ལ་ཐུན་མཚམས་ཀྱི་ལྷར་ལངས་ནས་ཐུན་ལ་འཇུག་སྟེ། སྔོན་འགྲོ་བརྒྱུད་འདེབས་སོགས་རྒྱས་པར་བྱ། སྔ་ཐུན་དགོང་ཐུན་སྲོད་ཐུན་གསུམ་ལ་སྐྱབས་སེམས་སྲུང་འཁོར་གསལ་འདེབས་ཚུལ་ཙམ་བྱ། ཁྱད་པར་ཐོར་ཐུན་གྱི་རྗེས་སུ་དགེ་སྦྱོར་ཆགས་མེད་རིགས་ཡོད་ན་བྱ། གཞན་ཡང་བསང་དང་ཆུ་གཏོར་སོགས་ཐུན་མཚམས་ཀྱི་ལྷར་ལངས་པས་ཐུན་མཚམས་གང་བདེར་བྱ། སྔ་ཐུན་གྲོལ་མཚམས་སུ་ཟས་ཀྱི་རྣལ་འབྱོར་དང་ལྡན་པས་གུང་ཚིག་བྱ་ཞིང་ངག་གཏོང་དགོས་རིགས་སོགས་སྐབས་འདིར་བྱ། ཐུན་གཞན་རྣམས་ལ་ངག་བཅད་ཤིན་ཏུ་དམ་པར་བྱ། ངག་གི་དུབ་པ་བསལ་ཕྱིར་ཇ་ཐང་ཕྲན་བུ་ལས་ཟས་སྐོམ་རྒྱུན་བཅད། དམིགས་པ་རྩེ་གཅིག་པས་མ་ཡེངས་པར་བྱ་ཞིང་། ཐུན་སྒངས་སུ་འགྲོ་འདུག་སྒུལ་སྐྱོད་སོགས་ཀྱང་སྤངས་ནས་སྟན་གྱི་དྲོད་མ་ཡལ་བ་གནད་ཡིན། ལྡང་ཚེ་ཕྲེང་བ་རྡོར་མདུད་བྱས་པ་ཁྲོ་ཞལ་དུ་བསྒོམ་པས་མལ་སྲུང་། དེ་ལྟ་བུའི་ཐུན་ཁྲིགས་སུ་བཅད་པ་ཉིན་གཅིག་ལྟ་བུ་ཁོ་ན་ལས་དལ་ཁོམ་དང་བསྟུན་པའི་ཐུན་རིང་ཐུང་སོགས་གཏན་ནས་མི་བྱ། འདི་ལ་དུས་གྲངས་རྟགས་སོགས་ཞིབ་པར་མ་གསུངས་པས་མཚན་མ་མཐོ་བ་དེ་རྣམས་གྲངས་བསྙེན་ཇི་ཙམ་འོས་པ་སོང་ནས་སྒྲུབ་པ་ལ་འཇུག་སྟེ་དུས་རིང་ཐུང་ཇི་ཙམ་བྱེད་ཀྱང་བསྙེན་པ་དང་། ཕྱེད་སྒྲུབ་པ་བྱེད་དགོས་ཤིང་མཆོད་པ་རྣམས་བརྗེ་བའམ་ཁ་གསོ་ཙམ་བྱས་ལ་བསྙེན་པ་རྫོགས་མ་ཐག་ནས་བྱ་བ་གཞན་གྱིས་བར་མ་ཆོད་པར་ཐོར་ཐུན་ལྟ་བུ་ནས་བཟུང་སྟེ་ལས་བྱང་གཞུང་བསྲང་བ་སོགས་མི་འདྲ་བ་མེད་དོ། །བཟླས་པའི་སྐབས། བསྒྲུབ་དུས་མཆོད་དང་བསྟོད་པའི་ཚུལ༔ འོད་ཟེར་སྤྲོ་བསྡུའི་ངང་ནས་བཟླ༔ ཞེས་པའི་དོན་རང་ཉིད་དམ་ཚིག་གི་འཁོར་ལོ་བདག་མདུན་དབྱེར་མེད་དུ་གསལ་བཏབ་སྤྱན་འདྲེན་ནས་བཟུང་བསྟོད་པའི་བར་སོང་ནས་བཟླས་པའི་ཚེ་འཛབ་ཁང་དབྱེ་བ་ནི། དམ་ཚིག་གི་འཁོར་ལོ་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཕཊ་ཛ༔ ཞེས་ལོགས་སུ་ཕྱེ་ནས་མེ་རི་འདབ་འབྱར་གྱི་ཚུལ་དུ་བཞུགས་པར་བསམ་ལ། བདག་མདུན་གྱི་གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་པདྨ་ཉི་ཟླའི་གདན་ལ་ཧྲཱིཿཡིག་དཀར་པོའི་མཐར་སྒྲུབ་སྔགས་ཀྱིས་བསྐོར་བར་དམིགས་ལ། སྔགས་བཟླས་པའི་ཚེ་བདག་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས་ནས་མདུན་བསྐྱེད་ལྷའི་ཐུགས་བརྒྱུད་བསྐུལ་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་འཁོར་འདས་ཀྱི་དྭངས་བཅུད་ཚེ་དཔལ་སྟོབས་འབྱོར་བྱིན་རླབས་ནུས་པ་ཐམས་ཅད་བསྡུས་ནས་རང་དང་མདུན་བསྐྱེད་ལ་ཐིམ་ཁྱད་པར་དུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་དང་རང་དང་བསྲུང་བྱའི་བླ་ཚེ་ཡར་བ་འཁྱམས་པ་ཐམས་ཅད་ཡི་གེ་ཨ་ནྲི་ཧྲཱིཿསོགས་འོད་དང་འོད་ཟེར་གྱི་རྣམ་པར་བསྡུས་ནས་བདག་ལ་ཐིམ་པར་བསྒོམས་ཤིང་། དམ་ཡེ་འཕྲོ་འདུའི་གསལ་བ་གསུམ་ལྡན་གྱི་ངང་ནས་བཟླས་པ་ལ་འབད། ཐུན་བསྡུ་བ་ན་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་མཆོད་བསྟོད་སོགས་བསྙེན་པའི་དུས་ལྟར་བྱ། དམ་ཡེ་དཀྱིལ་འཁོར་གདོད་ནས་དབྱེར་མེད་རྟོགས་པའི་ཚུལ་གྱིས་ཧཱུྃ་ཞེས་བརྗོད་པས་རང་བཞིན་ཀྱི་དཀྱིལ་འཁོར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་དབྱེར་མེད་དུ་བསྟིམ་ནས་གསལ་ཞིང་བརྟན་པར་བྱའོ། །རྗེས་ཀྱི་བྱ་བ་ཚོགས་མཆོད་སོགས་སྔར་བསྙེན་པའི་དུས་ལྟར་བྱ་བ་ཉིད་དེ། དེ་ནས་ལས་སྦྱོར་འཕྲིན་ལས་བཞི་སྒྲུབ་ནི། གཞུང་ལས་ལས་སྦྱོར་བཞི་ལ་རང་གསལ་ཞིང་༔ བདག་གཞན་ཕྲིན་ལས་ཨེ་མ་ཧོ༔ ཞེས་པའི་དོན་སྒྲུབ་པ་ཇི་ཙམ་བྱེད་པའི་ཡུན་དང་བསྟུན་ཏེ། དཔེར་ན་བསྙེན་སྒྲུབ་ཟླ་གཅིག་ཙམ་བྱེད་ཚེ་ཞག་བཅུ་བཞིར་སྒྲུབ་པ་བྱས་པ་ཞག་ཉེར་བརྒྱད་སོང་ནས་ལྷག་མ་ཞག་བཞི་ཡོད་པའི་ཞག་གསུམ་ལས་བཞི་ཞག་གཅིག་སྒྲུབ་པ་ཆེན་པོ་དངོས་གྲུབ་ལེན་པ་མཛད་ན་འགྲིགས་ཤིང་དེ་ལས་མཚམས་རྒྱུན་རིང་ཐུང་ཇི་ལྟར་བྱེད་ཀྱང་དེས་འགྲོས་ཀྱིས་ཤེས་པར་བྱས་ལ། དེ་ཡང་འཕྲིན་ལས་བཞི་རེ་རེ་ལ་ཞག་གསུམ་ལྔ་བདུན་སོགས་གྲངས་བགོས་ནས་བྱེད་པའམ་ཡང་ན་ཐོ་རང་རྒྱས་པ། སྔ་ཐུན་ལ་ཞི་བ། དགོང་ཐུན་ལ་དབང་། སྲོད་ལ་དྲག་པོ་རྣམས་བཟླས་པ་དང་སྐུ་མདོག་ལས་བཞིའི་སྔགས་བདེ་མཆོག་ལྟར་རམ་ཡང་ན་ཟབ་ལམ་ཐུགས་རྗེ་ཆེན་པོ་ལྟར་ཞི་བ་ལ་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱ༔ རྒྱས་པ་ལ་པུཥྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དབང་ལ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དྲག་པོ་ལ་མཱ་ར་ཡ་ཕཊ༔ ཅེས་བཏགས་ཏེ་བཟླ། ཐུན་བཞི་ཐུན་མཚམས་ཀྱི་བྱ་བ་སོགས་སྔར་བསྙེན་པའི་དུས་དེ་ཉིད་གཞིར་བཞག་ལས་གསར་སྤྲོས་གཞན་མེད། དེ་ལྟར་བསྙེན་སྒྲུབ་ལས་སྦྱོར་གྲུབ་ནས། གསུམ་པ་སྒྲུབ་པ་ཆེན་པོ་དངོས་གྲུབ་ལེན་པའི་ཚུལ་ནི། སངས་གྲོལ་རྒྱུའི་ཉིན་མཆོད་གཏོར་གསར་པ་རྒྱ་ཆེར་བཤམས་ཤིང་ཚེ་འབྲང་ཚེ་རིལ་བདུད་རྩི་སོགས་དངོས་གྲུབ་ཀྱི་རྫས་གཞན་དག་ཀྱང་ཅི་འབྱོར་བཀོད། བཟླས་པའི་འཛབ་ཁང་ཕྱེ་བའི་བདག་མདུན་ལས། འཕྲོ་འདུའི་སྐབས་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་སེར་ལྗང་སོགས་འཕྲོས་ནས་རང་གི་གནས་ལྔར་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་དང་ཁྱད་པར་འཆི་མེད་ཚེའི་བྱིན་བཅུད་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ཞིང་བསྙེན་སྔགས་ཀྱི་ཤམ་བུར་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྷི་ཕ་ལ་ཧཱུྃ༔ ཞེས་བཏགས་ཏེ་བཟླས་པ་དང་དམིགས་པ་ནན་གྱིས་བྱ། དེ་ནས་སང་གྲོལ་རྒྱུའི་ཐོར་ཐུན་ལ་ཚེ་བཅུད་བསྡུ་བའི་དམིགས་པ་དང་འཛབ་བཅས་སྔོན་ལྟར་བགྱིས་པའི་ཐུན་མཇུག་ཏུ་མཆོད་བསྟོད་ཙམ་བྱས་ལ་ཚེ་འགུགས་མི་འདོན་བཀའ་གཏེར་ཚོགས་ཀྱི་ལྷག་མ་ཡན་དཀྱུས་ལྟར་བྱས་ལ་རྒྱས་པར་གྲུབ་ན་བདག་འཇུག་ལེན་ཏེ་དབང་ཆོག་ལྟར་ལ་དམིགས་པ་ནི་བདག་ཉིད་དམ་ཚིག་པ་དབང་ལེན་པ་པོ་སློབ་མའི་ཚུལ་དང་དཀྱིལ་འཁོར་གྱི་ལྷ་ཡེ་ཤེས་པ་དབང་བསྐུར་བ་པོ་རྡོ་རྗེ་སློབ་དཔོན་གྱི་ཚུལ་ལྟར་ཤེས་པར་བྱས་ལ་དབང་རྫས་རྣམས་རང་གི་གནས་ལྔར་གཏུག །བདག་འཇུག་མི་ལེན་ན་ཚེ་འགུགས་འདོན་ལ་བསྙེན་སྔགས་ཤམ་བུ་བཅས་བཟླ་བཞིན་པས་སྒྲུབ་རྫས་རྣམས་རང་གི་གནས་ལྔར་གཏུག་ལ་བྱིན་རླབས་དངོས་གྲུབ་ཐམས་ཅད་དང་ཁྱད་པར་འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་དམིགས་འདུན་རྩེ་གཅིག་བྱ་ཞིང་སྒྲུབ་རྫས་བུམ་ཆུ་འཐུང་ཞིང་ཚེ་རྫས་གཏོར་ཟན་དང་དངོས་གྲུབ་ཀྱི་རྫས་ལ་རོལ། ཚོགས་ལ་རོལ། ལྷག་མ་རྒྱ་ཆེར་བཏང་། བཀའ་གཏེར་བསྐུལ། ཆད་བསྟན་བཏང་། གཏོར་གཞོང་བྲོ་བརྡུང་བཅས་པ་དང་དབྱངས་གསལ་ཡིག་བརྒྱ་རྣམས་ལན་གསུམ་བརྗོད་ལ། ཏིང་འཛིན་ཉམས་དང་སོགས་ཅེས་པས་ནོངས་པ་བཤགས། འདིར་ནི་གཟུགས་དང་སོགས་ཀྱིས་ཡེ་ཤེས་པ་རྟེན་ལ་བསྟིམ་སྟེ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱས་བརྟན་པར་བྱ། རྟེན་མེད་ན་ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ་ཞིང་བསྡུ་རིམ་བྱ། དཀྱིལ་འཁོར་རྡུལ་ཚོན་ཡིན་ན་ཆུར་གཤེགས། མཐའ་རྟེན་བསྔོ་སྨོན་གྱིས་རྒྱས་གདབ་ཅིང་ཤིས་པ་བརྗོད་པ་སོགས་རྒྱས་པར་བྱའོ། །སླར་ཡང་རྗེས་ཆོག་ཚོགས་འཁོར་རྒྱས་པར་བྱ་ཞིང་རྒྱལ་པོ་བཞིར་གཏོར་མ་ཕུལ་ནས་གཤེགས་སུ་གསོལ་ཞིང་ཐོ་ལེན་པ་སོགས་དང་མཚམས་གྲོལ་ནས་བག་གསེང་བ་སོགས་གསང་བ་སྤྱིའི་འགྲོས་བཞིན་ཤེས་པར་བྱའོ། །སངས་རྒྱས་གཉིས་པའི་ཐུགས་བཅུད་གདམས་པའི་ཕུལ། །འཆི་མེད་སྒྲུབ་པའི་ལམ་བཟང་རྨད་བྱུང་བ། །མི་ཤིག་ཕྱག་རྒྱས་བཏབ་པའི་ཟབ་གཏེར་སྒོ། །འབྱེད་མཁས་གཏེར་ཆེན་མཆོག་དེ་སྙིང་ནས་དྲན། །གང་གི་ཐུགས་བསྐྱེད་ཀྱིས་དྲངས་གདམས་པའི་མཛོད། །ཟབ་ཅིང་རྒྱ་ཆེའི་ཆོས་ཚུལ་རྒྱ་མཚོ་ལས། །ཉེར་ཐོན་དངོས་གྲུབ་འདོད་པ་ཀུན་འཇོ་བའི། །ཟབ་མོའི་གདམས་པ་འདི་མཚུངས་གཞན་ན་མེད། །དེ་ཕྱིར་དང་པོའི་ལས་ཅན་འཇུག་བདེའི་སྐྱེས། །བསྙེན་ཡིག་འཆི་མེད་གྲུབ་པའི་ལམ་བཟང་འདི། །རིག་འཛིན་བླ་མའི་བཀའ་བཞིན་རྒྱལ་ཁམས་པ། །ངག་བློ་རྒན་པོའི་བློ་མཚོ་ལས་བྱུང་མོད། །ཚུལ་འདིར་འབད་པ་ལས་བྱུང་ལེགས་བྱས་དེས། །མགོན་ཁྱོད་བསྐལ་བརྒྱར་ཞབས་པད་བརྟན་པ་དང་། འགྲོ་ཀུན་འཆི་བདག་གཡུལ་ལས་རྣམ་རྒྱལ་ནས། །འཆི་མེད་གདོད་མའི་མགོན་པོ་ཉིད་གྱུར་ཅིག །ཅེས་པ་འདི་མཆོག་སྤྲུལ་རིན་པོ་ཆེའི་བཀས་བསྐུལ་བ་བཞིན་རིག་འཛིན་གོང་མ་རྣམས་ཀྱི་ཕྱག་བཞེས་དང་མི་འགལ་བར་རང་བློས་གང་དཔོག་ཙམ་ཞིག་བྲིས་ཏེ་ཕུལ་བས་ཞབས་པད་བསྐལ་བརྒྱར་བརྟན་པའི་རྒྱུར་གྱུར་ཅིག །ཨ་ཡུ་སིདྡྷི་མངྒཾ་ལ་བྷ་ཝནྟུ།། །།


previousབསྙེན་ཡིག་འཆི་མེད་གྲུབ་པའི་ལམ་བཟང་།next