Nitartha Digital Library
Tibetan
 
previousརྡོ་རྗེ་སེམས་དཔའི་གསོན་བྱང་གི་ཆོ་ག་གཏན་བདེའི་ལམ་རིམ།next

རྡོ་རྗེ་སེམས་དཔའི་གསོན་བྱང་གི་ཆོ་ག་གཏན་བདེའི་ལམ་རིམ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས། རྡོ་རྗེ་སེམས་དཔའི་གསོན་བྱང་གི་ཆོ་ག་གཏན་བདེའི་ལམ་རིམ་བཞུགས། རྩ་གསུམ་ཀུན་འདུས་རྡོ་རྗེ་སེམས་དཔའ་དང་། །དབྱེར་མེད་བླ་མ་སྐུ་བཞིའི་བདག་ཉིད་ཅན། །དངོས་གྲུབ་ཀུན་གྱི་འབྱུང་གནས་ཡིད་བཞིན་ནོར། །བྱང་ཆུབ་བར་དུ་རིགས་ཀྱི་བདག་པོར་བཞུགས། །དེ་ཡང་རྡོ་རྗེ་སེམས་དཔའ་འདི་ཉིད་ཀྱི་ཆོ་གའི་ཡན་ལག་བཤད་པ་ལ། སྐལ་ལྡན་རྗེས་སུ་འཛིན་པ་གསོན་བྱང་གི་ཆོ་ག་ནི། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཤོག་བུར་གུར་གུམ་གྱིས་དེའི་གཟུགས་བརྙན་འབྲི་བའམ་མ་གྲུབ་ན། མིང་བྱང་ཙམ་གྱིས་ཆོག །སྙུག་མར་འཛུག་པ་དང་། ཁེབས་སོགས་ཚུལ་མཐུན་བྱེད་པ་དང་། ཁྲུས་བུམ། ཁྲུས་རས། སྦྱང་ཆས། བྲབ་རྫས། འདོད་ཡོན་གྱི་ཆས་སོགས་འོག་ཏུ་དགོས་པ་རྣམས་ཚོགས་པར་བྱེད་ཅིང་། དབང་དང་འབྲེལ་ན་བཤམ་བཀོད་དབང་བཞིན་བྱེད་པ་ནི། ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ སངས་རྒྱས་ཀུན་གྱི་གསང་བ་འཛིན༔ རིགས་བདག་རྡོ་རྗེ་སེམས་དཔའ་ཡི༔ སྨིན་བྱེད་སློབ་མ་གྲོལ་བའི་ཐབས༔ དབང་ཆོག་པདྨ་བདག་གིས་བཀོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལ་སྔོན་འགྲོ་དངོས་བཞི་རྗེས་གསུམ་ལས༔ དང་པོ་ཐུན་མོང་གི་སྔོན་འགྲོ་ནི༔ བཀྲ་ཤིས་ཤིང་བྱིན་ཆགས་པའི་སར༔ སྟེགས་བུ་རྐྱང་ནུལ་ལེགས་པར་བྱས་པའི་ཁར་ཚངས་ཐིག་གདབ༔ པདྨ་འདབ་བཞི་མཚམས་ལ་མཛེས་ཚོན་བྱ༔ མུ་ཁྱུད་ལ་རྡོ་རྗེ་དཀར་པོའི་ཕྲེང་བ་དང་འོད་ཟེར་གྱི་དྲྭ་བས་བསྐོར་བ་འབྲི༔ དབུས་སུ་མཉྫིའི་ཁྲིའུ་ཁར་བུམ་པ་མཚན་ལྡན་མགུལ་ཆིངས་དཀར་པོས་བརྒྱན་པ་བཤམས་ལ་བུམ་རྫས་འགོད༔ ཤར་དུ་རྡོ་རྗེ། ལྷོར་པྲོག་ཞུ། ནུབ་ཏུ་དྲིལ་བུ། བྱང་དུ་དུང་ཆོས་དྲི་བཟང་གི་ཆུས་བཀང་བ་བཤམས། འབྲས་སམ་དཀར་མོའི་ནས་ཕྱེ་ལ་དཔལ་གཏོར་ཟླུམ་པོ་རྒྱན་ལྡན་ཙ་ཀླིས་བརྒྱན་པ་འགོད༔ མཐར་མཆོད་པ་སྤྱི་འགྲོས་ལྟར་བཤམས༔ བདག་བསྐྱེད་ཀྱི་མཆོད་གཏོར་གོང་ལྟར་ལ༔ སྔོན་འགྲོ་སྐྱབས་སེམས་ནས་བཟུང་ཆོ་གའི་གཞུང་བསྲང་། བསྙེན་པ་བརྒྱ་སྟོང་གི་མཐར་མཆོད་བསྟོད་སོགས་བྱས་ལ་རྒྱས་པར་བྱེད་ན་དབང་དང་འབྲེལ་བར་བྱ་ཞིང་། བསྡུ་ན་གསོན་བྱང་རྐྱང་པས་འགྲུབ་བོ། །དང་པོ་རྟེན་བསྐྱེད་པ་ནི། དམིགས་རྟེན་བསང་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་མིང་བྱང་ནྲི་ལས་ཚེ་དང་ལྡན་པ། འདི་ཞེས་པའི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར། པར་བསམས། གཉིས་པ་རྣམ་ཤེས་དགུགས་པ་ནི། ལྕགས་ཀྱུའི་ཕྱག་རྒྱ་དང་། སྙིང་ཁའི་ཧཱུྃ་གི་འོད་ཟེར་ཀྱིས་རྣམ་ཤེས་བཀུག་པར་བསམས་ཞིང་༔ ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། ངན་འགྲོ་ཐམས་ཅད་རྣམ་པར་སྦྱོང་བ་དཔལ་རྡོ་རྗེ་སེམས་དཔའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། གསང་སྔགས་རིགས་སྔགས་གཟུང་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས་ཚེ་དང་ལྡན་པ་ཆེ་གེ་མོའི་རྣམ་པར་ཤེས་པ་དེ་ཉིད་ཕུང་ཁམས་སྐྱེ་མཆེད་སྣོད་བཅུད་གང་ན་གནས་ཀྱང་སྐད་ཅིག་གི་འདིར་མཆིས་པར་གྱུར་ཅིག །ཨཱོཾ་བཛྲ་ཨཱ་ཀཪྵ་ཡ་ཛ༔ ཞེས་པས་རྣམ་ཤེས་དང་། སརྦ་པཱ་པཾ་ཨཱ་ན་ཡ་ཧཱུྃ༔ ཞེས་པས་སྡིག་པ་བཀུག་ནས། ཛ་ཧཱུྃ་བཾ་ཧོ༔ རྣམ་ཤེས་ཨཱཿདཀར་པོའི་རྣམ་པ་རྟེན་ལ་བསྟིམས་བགེགས་སྦྱང་བ་ནི། གཏོར་མ་རྟེན་ལ་བསྐོར་ཞིང་། ཨོཾ་སརྦ་བིགྷྣཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ་མུ་ཁེ་བྷྱཿསརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཨེ་མཾ་ག་ག་ན་ཁཾ་གྷྲི་ཧྣ་ཨི་དམ་བྷ་ལིངྟ་སྭཱ་ཧཱ༔ ཞེས་པ་གསུམ་གྱིས་ཞི་བ་ཏིང་ལོ་དང་ཆང་བུ་བསྐོར་ཞིང་ཧཱུྃ་བཞིའི་ལན་གསུམ་གྱིས་ཕྱེད་མ། ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། ངན་འགྲོ་ཐམས་ཅད་རྣམ་པར་སྦྱོང་བ་དཔལ་རྡོ་རྗེ་སེམས་དཔའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། གསང་སྔགས་རིགས་སྔགས་གཟུང་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས་ཚེ་དང་ལྡན་པ་ཆེ་གེའི་གནས་སྐབས་ཚེ་སྲོག་ལ་བར་དུ་གཅོད་ཅིང་མཐར་ཐུག་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་སོངས་ཤིག །གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་རྡོ་རྗེ་མེ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་བརྗོད་ཅིང་གུ་གུལ་བདུག །ཡུངས་དཀར་གྱིས་བྲབ་དྲག་སྔགས་བཟླ་ཞིང་རོལ་མོའི་སྒྲ་དྲག་པོ་དང་བཅས་པས་གཏོར་མ་རྒྱང་རིང་དུ་དོར་བ་སྟེ་དྲག་པོའི་སྦྱང་བའོ། །སྡིག་པ་སྦྱང་བ་ནི། རྟེན་གྱི་མདུན་དུ་ཏིལ་དང་མེ་ཆུ་བཤམ། ཚེ་དང་ལྡན་པ་ཆེ་གེ་མོ་རྣམས་ཀྱི་སྡིག་སྒྲིབ་ཐམས་ཅད་ཀཾ་ནག་པོའི་རྣམ་པས་སྣ་བུག་ནས་ཐོན་སྣ་སྒོར་སྡིག་པའི་རྣམ་པར་གྱུར་ཏེ་ཏིལ་ལ་ཐིམ་པར་བསམ་ཞིང་། ཏིལ་གཡས་གཡོན་གྱི་མེར་བསྲེག་ཆུར་དོར། ཨོཾ་སརྦ་པཱ་པམ་ད་ཧ་ན་བྷསྨི་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པས་སྡིག་པ་ཐམས་ཅད་ཡེ་ཤེས་ཀྱི་མེ་ཆུས་སྦྱངས་བར་བསམ། དེ་ནས་སྒྲིབ་སྦྱོང་གི་སྔགས་བཟླས་པའི་བྱེ་མ་དང་ཡུངས་ཀར་གྱིས་བྲབ་ཅིང་ཡིག་བརྒྱ་དང་། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ཏེ་ཧེ་ཏུ་ཧཱུྃ་ཕཊ༔ ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ཏེ་ཧེ་ཏུ་ཧཱུྃ་ཕཊ༔ ཨོཾ་མ་ཐ་མ་ཐ་སརྦ་ཏཱིཪྻ་ག་ཏེ་ཧེ་ཏུ་ཧཱུྃ་ཕཊ༔ ཅེས་སོགས་དང་། ངན་སོང་སྦྱོང་བའི་སྔགས་མང་དུ་བཟླས་ཏེ་བྱེ་ཡུངས་གིས་བྲབ་པས་སྡིག་སྒྲིབ་ཐམས་ཅད་ཉི་མས་བ་མོ་ཞུ་བ་བཞིན་དག་པར་བསམ་མོ༔ ཁྲུས་བྱ་བ་ནི། ཐོག་མར་དཀྱིལ་འཁོར་སོགས་རྟེན་གྱི་གཟུགས་བརྙན་ཤར་བའི་མེ་ལོང་ལ་ཁྲུས་གསོལ་ཞིང་། ཇི་ལྟར༴ཞེས་ནས། རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་དྲི་མ་མི་མངའ་ཡང་། །སྐལ་ལྡན་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ། ཞེས་དང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀཱ་ཡ་བི་ཤྭ་དྷ་ན་སྭཱ་ཧཱ༔ ཞེས་སྐུ་ཕྱིས་པའི་ཁྲུས་ཆུ་སླར་བུམ་པར་བླུག་པས་མིང་བྱང་སོགས་རྟེན་ལ་བཀྲུ་ཞིང་། རྣམ་དག་གཙང་དྭངས་ལྷ་ཡི་ཆུ། །ཡིད་འོང་དྲི་ཞིམ་གངྒའི་རྒྱུན། །ཕྱག་རྒྱ་ཡེ་ཤེས་བུམ་པའི་ཆུས། །སྐལ་ལྡན་སྒྲིབ་པ་དག་གྱུར་ཅིག །ཅེས་པས་ཡིག་བརྒྱ་བཟླ་ཞིང་བཀྲུ། གཞན་ཡང་། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །འདི་ནི་ཚུལ་ཁྲིམ་རང་བཞིན་ཆུ། ཚུལ་འཆལ་དྲི་མ་སྦྱོང་མཛད་ཅིང་། །སྲུང་བ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །འདི་ནི་བཟོད་པའི་རང་བཞིན་ཆུ། ཁོང་ཁྲོའི་དྲི་མ་སྦྱོང་མཛད་ཅིང་། །བྱམས་པ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང་། །བརྩོན་པ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྦྱོང་མཛད་ཅིང་། །ཏིང་འཛིན་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེས་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཡེ་ཤེས་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཞེས་སོ་སོའི་གཟུང་སྔགས་བཟླ་ཞིང་རོལ་མོ་དང་བཅས་པས་ཁྲུས་བྱའོ། །དུག་སྦྱང་བ་ནི། བུམ་ཆུ་རྟེན་ལ་བྱབ་ཅིང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །སངས་རྒྱས་བཅོམ་ལྡན་དུག་མི་མངའ། །སངས་རྒྱས་བདེན་པས་དུག་སྦྱང་ངོ་། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །དམ་པའི་ཆོས་ལ་དུག་མི་མངའ། །ཆོས་ཀྱི་བདེན་པས་དུག་སྦྱང་ངོ་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། འདི་དག་འཇིག་རྟེན་དུག་གསུམ་སྟེ། །འཕགས་པའི་དགེ་འདུན་དུག་མི་མངའ། །དགེ་འདུན་བདེན་པས་དུག་སྦྱང་ངོ་། །འབྱུང་བ་སོ་སོས་བྱབ་ཅིང་། ས་འདི་དུག་གི་ཕ་ཡིན་ཏེ། །ས་འདི་དུག་གི་མ་ཡང་ཡིན། །སངས་རྒྱས་སྤྱན་མའི་བྱིན་རླབས་ཀྱིས། །སྐལ་ལྡན་ཁྱོད་ལ་དུག་མེད་ཤོག །ཆུ་འདི་དུག་གི་ཕ་ཡིན་ཏེ། །ཆུ་འདི་དུག་གི་མ་ཡང་ཡིན། མཱ་མ་ཀཱི་ཡི་བྱིན་རླབས་ཀྱིས། །སྐལ་ལྡན་ཁྱོད་ལ་དུག་མེད་ཤོག །མེ་འདི་དུག་གི་ཕ་ཡིན་ཏེ། །མེ་འདི་དུག་གི་མ་ཡང་ཡིན། །གོས་དཀར་མོ་ཡི་བྱིན་རླབས་ཀྱིས། །སྐལ་ལྡན་ཁྱོད་ལ་དུག་མེད་ཤོག །རླུང་འདི་དུག་གི་ཕ་ཡིན་ཏེ། །རླུང་འདི་དུག་གི་མ་ཡང་ཡིན། །དམ་ཚིག་སྒྲོལ་མའི་བྱིན་རླབས་ཀྱིས། །སྐལ་ལྡན་ཁྱོད་ལ་དུག་མེད་ཤོག །ཅེས་དུག་སྦྱངས་སྐྱབས་སུ་འགྲོར་འཇུག་པ་ནི། ཚེ་དང་ལྡན་པ་རྣམས་ཀྱི་དཀྱིལ་འཁོར་ལ་ཕྱག་འཚལ་ཞིང་གསོལ་བ་འདེབས་པར་བསམས། སྤྲོ་ན། མཆོག་གསུམ་ཡི་དམ་ཆོས་སྐྱོང་སོགས་ཀྱི་ཕྱག་རྣམས་བརྗོད་པ་དང་། བསྡུ་ན། ཕྱོགས་བཅུར་བཞུགས་པའི་བླ་མ་དང་། །མཆོག་གསུམ་ཞི་ཁྲོ་རབ་འབྱམས་ཀྱི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །དེ་རིང་སྙིང་ནས་བདག་སྐྱབས་མཆི། །མགོན་པོ་ཐུགས་རྗེ་ཅན་རྣམས་ཀྱིས། །འཁོར་བའི་སེམས་ཅན་བདག་ལྟ་བུ། །རིགས་དྲུག་གནས་ན་མགོན་མེད་ཅིང་། །འཇིགས་པས་མནར་བ་བདག་ལ་དགོངས། །ཐོག་མེད་དུས་ནས་སྤྱད་པ་ཡི། །ལས་ངན་སྡིག་པས་བཅིང་བ་བདག །མཐའ་མེད་འཁོར་བའི་སྡུག་བསྔལ་ལས། །བདེ་ཆེན་གནས་སུ་དྲང་དུ་གསོལ། །ངན་འགྲོའི་འཇིགས་པ་གཤིན་རྗེའི་འཕྲང་། །ཉམ་ངའི་གནས་སུ་འཁྱམས་པའི་འགྲོ། །ཉོན་མོངས་གདུང་བས་གཟིར་བ་རྣམས། །བྱམས་པའི་ཐུགས་རྗེས་སྐྱོབ་ཏུ་གསོལ། །ཅེས་ལན་གསུམ་གྱི་རྗེས་སུ་དབང་བསྐུར་བ་ནི། མཎྜལ་འབུལ། སྐྱབས་སུ་འགྲོ་བ་ནི། ཧཱུྃ་ཧྲཱི༔ བདག་དང་འགྲོ་དྲུག་སེམས་ཅན་ཀུན༔ བྱང་ཆུབ་སྙིང་པོ་མ་ཐོབ་བར༔ སྐྱབས་གནས་ཀུན་འདུས་རྡོ་རྗེ་སེམས༔ རྣམ་པ་ཀུན་ཏུ་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི༔ ཧཱུྃ་ཧྲཱི༔ སྟོང་ཉིད་ངང་ལས་མ་གཡོས་ཀྱང་༔ མཛད་པའི་ཆོ་འཕྲུལ་ཏིང་འཛིན་གྱིས༔ འགྲོ་བ་སྒྲོལ་བར་དམ་བཅའ་ཞིང་༔ གཞན་དོན་སྒྲུབ་པར་སེམས་བསྐྱེད་དོ༔ གཉིས་པ་དངོས་གཞིའི་དོན་དུ་གསོལ་བ་གདབ་པ་ནི། འདི་ཡི་རྗེས་ཟློས་མཛོད༔ ཧཱུྃ་ཧེ་རུ་ཀ་དང་དབྱེར་མེད་པའི༔ དཔལ་ལྡན་བླ་མ་དགོངས་སུ་གསོལ༔ རིགས་བདག་རྡོ་རྗེ་སེམས་དཔའ་ཡི༔ དབང་གི་སྨིན་གྲོལ་དངོས་གྲུབ་སྩོལ༔ ལན་གསུམ་བར་དུ་གསོལ་བ་གདབ༔ བླ་མས་དྲི་བ་ནི༔ ཀྱེ་མ་སྐལ་ལྡན་འདིར་ཚོགས་ཀུན༔ སུ་ཡིན་འདོད་དོན་འབྲས་བུ་གང་༔ སྨིན་གྲོལ་ཆོས་ཀྱི་ཕོ་བྲང་འདིར༔ ཞུགས་ནས་དམ་ལ་གནས་ནུས་སམ༔ ཞེས་དྲིས་པའི་ལན་དུ༔ ཀྱེ་རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་སྔོན་ནས་བསོད་ནམས་བསགས༔ སྨིན་གྲོལ་དབང་ལ་འཇུག་སྤྲོ་ཞིང་༔ དམ་ཚིག་སྲོག་ལ་བབ་ཀྱང་བསྲུང་༔ ཞེས་བརྗོད༔ དེ་ནས་སློབ་དཔོན་གྱིས། འོ་རིགས་ཀྱི་བུ་རྣམས་སྐལ་པ་བཟང་༔ སྨིན་བྱེད་དབང་གི་དཀྱིལ་འཁོར་དུ༔ ཚུར་ཤོག་བདག་གིས་སྨིན་པར་བྱའོ༔ ཞེས་བརྗོད༔ བསྡུ་ན༔ བདེ་གཤེགས་སྲས་བཅས་བདག་ལ་དགོངས༔ བདག་མིང་འདི་ཞེས་བགྱི་བ་ཡི༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སོ་སོར་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་སྡོམ་པའི་ཚོགས༔ མ་ལུས་ཡོངས་སུ་བཟུང་བར་བགྱི༔ ཞེས་པས་སྡོམ་པ་བཟུང་ཡེ་ཤེས་པ་དབབ། ཏིཥྛ་བཛྲ་གྱིས་བརྟན་པར་བྱའོ༔ ཁྱད་པར་གྱི་དངོས་གཞིའི་དབང་བསྐུར་བ་ནི་ལྔ་སྟེ༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་དང་ལྔ་ལས༔ དང་པོ་རིགས་བདག་རྡོ་རྗེ་སེམས་དཔའི་སྐུའི་དབང་ནི༔ བུམ་པ་སློབ་མའི་སྤྱིར་བོར་བཞག་ལ། ཨཱོཾ༔ བུམ་པའི་ངོ་བོ་ལྷ་དང་གཉིས་སུ་མེད༔ སྐུ་ཡི་དབང་བསྐུར་ལུས་ལ་སྦྱིན་པར་བྱ༔ སྐལ་ལྡན་ལུས་ཀྱི་སྒྲིབ་པ་དག་ནས་ཀྱང་༔ འབྲས་བུ་ཡེ་ཤེས་སེམས་དཔའ་འགྲུབ་པར་ཤོག༔ ཨཱོཾ་བུདྡྷ་བཛྲ་ས་ཏྭ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨོཾ༔ གཉིས་པ་གསུང་གི་དབང་ནི༔ དྲིལ་བུ་དར་དམར་གྱི་ཅོད་པཎ་དང་བཅས་པ་མགྲིན་པར་བཞག་ལ༔ ཨཱ༔ ཐབས་ཤེས་དབྱེར་མེད་ཤེས་རབ་རང་བྱུང་སྒྲ༔ མ་འགག་རང་གསལ་གསུང་དབྱངས་དྲུག་ཅུའི་དཔལ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ བདེ་གཤེགས་ཀུན་འདུས་གསུང་གི་དབང་ཐོབ་ཤོག༔ ཨཱཾཿཔདྨ་ས་ཏྭ་ཧཱུྃ༔ ཝཱཀྐ་ཨ་བྷི་ཥིཉྩ་ཧྲཱི༔ རྡོ་རྗེ་རྩེ་ལྔ་པ་དར་སྔོན་གྱི་ཅོད་པཎ་དང་བཅས་པ་སྙིང་ཁར་བཞག་ལ༔ ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་སྤྲོས་བྲལ་ངོ་བོ་ཉིད༔ རང་བྱུང་ལྷན་སྐྱེས་སྟོང་ཉིད་རྡོ་རྗེའི་ཐུགས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ བདེ་གཤེགས་ཀུན་གྱི་ཐུགས་ཀྱི་དབང་ཐོབ་ཤོག༔ ཧཱུྃ་བཛྲ་ས་ཏྭ་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ པྲོག་ཞུ་ཅོད་པན་དང་བཅས་པ་སྤྱི་བོར་བསྐོན༔ སྭཱ་སྣ་ཚོགས་ཤེས་བྱའི་ཆོས་རྣམས་མ་འདྲེས་པ༔ རིག་སྟོང་བརྗོད་མེད་ལྷན་སྐྱེས་ཡོན་ཏན་ལྡན༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ བདེ་གཤེགས་ཀུན་གྱི་ཡོན་ཏན་དབང་ཐོབ་ཤོག༔ སྭཱ་རཏྣ་ས་ཏྭ་ཧཱུྃ༔ རཏྣ་ཨ་བྷི་ཥིཉྩ་ཏྲཾ༔ དུང་ཆོས་ལག་ཏུ་བཞག་ཅིང་ངག་ཏུ་བླུད༔ ཧཱ་རབ་འབྱམས་རྒྱལ་དང་རྒྱལ་བའི་ཕྲིན་ལས་རྫོགས༔ སྣ་ཚོགས་སྣང་ལ་ལས་བཞི་ལྷུན་གྱིས་གྲུབ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ འགྲོ་བ་ཀུན་སྒྲོལ་ནུས་ལྡན་དབང་ཐོབ་ཤོག༔ ཧཱ་ཀརྨ་ས་ཏྭ་ཧཱུྃ༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ མཐའ་བརྟེན་གཏོར་མས་བརྒྱུད་པའི་བྱིན་རླབས་བརྗོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་དག་རྣམས་ཀྱིས་རྡོ་རྗེ་སེམས་དཔའ་རིགས་ལྔའི་ངོ་བོ་རྫས་དབང་ལྔ་ལ་བརྟེན་ནས་དབང་བསྐུར་བས༔ བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པ་ལ་དབང་ཞིང་༔ འབྲས་བུ་སྐུ་ལྔའི་གོ་འཕང་འཐོབ་པའི་སྐལ་པ་དང་ལྡན་པར་འགྱུར་རོ༔ ཞེས་བརྗོད༔ མེ་ཏོག་གཏོར༔ མཎྜལ་འབུལ། འདོད་ཡོན་བསྔོ་བ་ནི། དམིགས་ཡུལ་རྡོ་རྗེ་སེམས་པའི་སྐུ་བསྐྱེད་མདུན་དུ་བཟའ་གཏུང་སྣ་ཚོགས་བཤམ༔ རཾ་ཡཾ་ཁཾ༔ འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་བསམས་ལ༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ༔ བི་ཤྭ་མུ་ཁེ་བྷྱཿསརྦ་ཏཏྑཾ་ཨུཏྒ་ཏེ༴ཁཾ་སྭཱ་ཧཱ༔ ཞེས་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ལ༔ ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་རོ་རེག༔ རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་རྣམས༔ རྡོ་རྗེ་སེམས་དཔའི་གནས་ཐོབ་ཁྱོད་ལ་འབུལ༔ ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག༔ ཨཱོཾ་བཛྲ་ས་ཏྭ་པཉྩ་ཀཱ་མ་གུ་ན་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་བརྗོད་བྱང་བུ་བསྲེག་པ་ནི། ཆོ་ག་ཞག་སྦྲེལ་དུ་བྱེད་ན། དུས་ཐ་མའི་ཚེ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ནས་ཡེ་ཤེས་ཀྱི་འོད་ཟེར་བྱུང་བ་སྐལ་ལྡན་ཀྱི་ཕུང་ཁམས་སྐྱེ་མཆེད་འཁོར་བའི་ཆོས་ཐམས་ཅད་དམིགས་མེད་ཀ་དག་གི་དབྱིངས་སུ་སྦྱང་བར་བསམ་ལ་མེ་སྦར་ཞིང་། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །བདག་འཛིན་ཕུང་པོའི་བུད་ཤིང་ལ། །ཤེས་རབ་ཡེ་ཤེས་མེ་སྦར་ཏེ། །སྐལ་ལྡན་ཉོན་མོངས་བག་ཆགས་བསྲེག །འདི་ནི་སྐྱེ་འགག་སྨོན་པ་དང་། །གནས་མེད་མཚན་མ་མེད་པའི་མེ། །འདི་ནི་རང་བྱུང་ཡེ་ཤེས་མེ། །བདག་འཛིན་མཚན་མའི་རྟོག་པ་བསྲེག །དོན་ལ་བསྲེག་བྱ་སྲེག་བྱེད་ཀུན། །བྱ་རྩོལ་མེད་པར་ཡེ་སངས་རྒྱས། །འབད་མེད་ལྷུན་གྲུབ་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་དེར་སྣང་ངོ་། །ཡིག་བརྒྱའི་མཐར། ཨགྣེ་ཡེ་ཛྭ་ལ་རཾ། ཞེས་ཟག་བཅས་ཀྱི་ཕུང་པོ་ཟག་མེད་དུ་བསྒྱུར་བར་བྱའོ། །ཞེས་གསུངས་བཞིན་སྡིག་སྒྲིབ་རྣམ་སྨིན་གྱི་ཕུང་པོར་དམིགས་པ་བསྲེག་སྦྱངས་བྱས་རྗེས་རྣམ་ཤེས་ཚེ་སྲོག་གི་རྟེན་བཅས་ཕུང་ཁམས་སྐྱེ་མཆེད་རྣམས་ལ་བསྟིམ་ནས་ཚེ་འགུགས་བཀྲ་ཤིས་བརྗོད་པ་བྱེད་པ་ནི་འགལ་བ་མེད་དམ་བསམ་པ་དང་། གང་ལྟར་ཡང་ཆོ་གའི་མཇུག་ཆོག་ལ་སོགས་པ་དང་། བྱང་ཐལ་ལ་སྭཙྪ་འདེབས། ཡིག་གེ་བཅུ་པ་བཟླ་བཞིན་ཐུགས་རྗེ་ཆེན་པོའི་ལས་ཚོགས་ཆོས་ལོངས་སྤྲུལ་གསུམ་གྱི་དམིགས་པའི་སྤྲོ་བསྡུ་རབ་གནས་དང་བཅས་པ་སོང་རྗེས། ཆུ་ཀླུང་ཆེན་པོར་དོར་ན་ཕན་ཡོན་ཆེན་པོ་ཡོང་བ་སྦྱོང་རྒྱུད་ལས་གསུངས་པ་བཞིན་བྱ་བར་རིགས་སོ། །དེ་ཡང་རིག་འཛིན་བཞད་པའི་རྡོ་རྗེ་གསང་ཡེའི་གནས་ལུང་མཇུག་ཏུ། འདི་དག་ནི་གཤིན་པོའི་དབང་དུ་བྱས་པ་ཡིན་གྱིས། གསོན་པོ་ལ་བྱེད་པར་སྤྲོ་ན། ཚེ་འདས་ཞེས་པའི་མིང་སྐལ་ལྡན་དུ་བསྒྱུར་ཞིང་། རྟེན་བསྐྱེད་དང་རྣམ་ཤེས་འགུགས་པར་ཡོད་དེ། བགེགས་སྦྱང་བ་མན་ཆད་བཤད་མ་ཐག་པ་ལྟར་ལ། བྱང་བུའི་དོད་དུ་སྐྲ་སེན་བསྲེག །ཡང་ན་ཕུང་པོ་རྙིང་པའི་སྙིགས་མ་ཉིད་བསྲེག་པར་མོས་པ་ཙམ་གྱིས་རུང་ཞིང་། བསྒྲུབ་བྱ་དངོས་སུ་མེད་ན་སྔར་བཤད་པ་ལྟར་མིང་གཟུགས་བྱང་བུའི་རྟེན་མིང་རུས་མཐུན་པ་སོགས་བྱ་ཞིང་གཤིན་པོ་དང་རིགས་འདྲེས། ཡང་དེ་ཉིད་ལས་འདི་དག་ནི་གཤིན་པོ་ཁོ་ནར་བྱེད་པའི་དབང་དུ་བགྱིས་ཏེ་བཤད་མོད། གསོན་པོར་བགྱིས་ན་ཤིན་ཏུ་ལེགས་ཤིང་སྟོབས་ཆ་ེབས་ཚིག་འཕྲད་བསྒྱུར་བ་སོགས་དམིགས་བསལ་བྱེད་འོས་རྣམས་མཁའ་སྤྱོད་སྣང་བའི་ལྷན་ཐབས་སུ་བཤད་པ་ལྟར་བགྱིས་པས་ཆོག་གསུངས་པ་དང་། བཱཻ་རོའི་ཡང་སྲིད་རིག་འཛིན་ཆེན་པོ་གཏེར་བདག་གླིང་པའི། རྡོར་སེམས་གནས་ལུང་ལས། སྐབས་འགའ་ཞིག་ཏུ་གསོན་པོའི་སྒྲིབ་སྦྱོང་ལ་ཡང་གནས་ལུང་གི་ཆོ་ག་འདི་ཉིད་སྦྱར་བར་བྱེད་མོད། ཆོ་ག་དང་སྦྲེལ་བར་སྤྲོ་ན། དམིགས་བྱ་གམ་དུ་ཡོད་པ་ལ་ནི་རྟེན་བསྐྱེད་པ་དང་། རྣམ་ཤེས་དགུགས་པ་དོར་ལ་དེ་ཕྱིན་གྱི་བགེགས་སྦྱང་བ་ནས་ལམ་སྦྱང་བསྟན་གྱི་བར་ཚེ་འདས་ཞེས་པ་རྣམས་སྐལ་ལྡན་དུ་བསྒྱུར་ཅིང་གཞན་སྤྱིར་ནི་གསོན་པོར་དམིགས་ཡུལ་ཉིད་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བ་ཁོ་ན་སྐབས་དེའི་སྒྲིབ་སྦྱོང་གི་ངོ་བོ་ཡིན་པས་དེ་ལྟར་བྱས་པས་འགྲུབ་ལ་འོན་ཀྱང་གནས་ལུང་གི་ཆོ་གའི་ཆིངས་སྔ་མ་ཁོ་ནས་ཤེས་པར་འགྱུར་བ་དང་། བྱང་བུ་སྲེག་པའམ། དམིགས་བྱའི་སྐྲ་སེན་སོགས་སྡིག་སྒྲིབ་རྣམ་སྨིན་གྱི་ཕུང་པོར་དམིགས་པ་བསྲེག་སྦྱང་བྱ། དམིགས་ཡུལ་ས་ཕྱོགས་གཞན་དུ་གནས་པ་ཡིན་ན་ནི་དམིགས་རྟེན་བྱང་བུ་བཤམ་པ་དང་། བསྐྱེད་འགུགས་མཐར་སྲེག་པ་སོགས་ཀྱང་བཤད་མ་ཐག་པ་ལྟར་བྱའོ། །འགའ་ཞིག་གིས་འདི་ལྟར་མ་རུངས་པར་སེམས་པ་དག་མཆིས་མོད་དེ་ལྟ་ན་དགྲ་བོའི་ལིངྒར་རྣམ་ཤེས་བཀུག་ནས་དབྱེ་བ་སོགས། མངོན་སྤྱོད་ཀྱི་ལས་རབ་འབྱམས་རྒྱལ་བས་རྒྱུད་སྡེ་རྣམས་ན་གསུངས་པ་དོན་མེད་དུ་ཐལ། གསོན་པོའི་རྟེན་ཅན་ལ་གནོད་བྱེད་དུ་མི་འགྱུར་བའི་ཕྱིར། དེས་གནོད་བྱེད་དུ་འགྱུར་ན་འདིར་དམིགས་བྱ་གསོན་པོ་དངོས་དང་། དེའི་རྟེན་ལ་རྣམ་ཤེས་བཀུག་ཅིང་སྡིག་སྒྲིབ་སྦྱང་བ་དང་དབང་བསྐུར་བ་སོགས་ཕན་བྱེད་ཀྱི་ཆོ་གས་ཕན་པར་མི་འགྱུར་བའི་ངེས་པ་ཅི་ཞིག་ཡོད། ཕན་གནོད་ཀྱི་བསམ་པ་དང་ཐབས་སོ་སོའི་འབྲས་བུ་ཐམས་ཅད་མཁྱེན་པས་བསྟན་པའི་ཕྱིར། དེས་ན་ཆོ་ག་འདི་ལྟ་བུ་སྒྲུབ་པར་གླན་ཀ་མི་བྱ་སྟེ་ཆོས་དང་མཐུན་པའི་རྒོལ་བ་མི་འཇུག་པའི་ཕྱིར་དང་། གསོན་བྱང་གི་ཆོ་ག་དུ་མ་ཨོ་རྒྱན་ཆེན་པོའི་ཟབ་གཏེར་ལས་ཀྱང་འབྱུང་བ་སོགས། དེ་དང་མཐུན་པར་གྲུབ་ཆེན་ཀརྨ་ཆགས་མེད་ཀྱིས་སྦྱིན་བདག་གི་གཟུགས་འབྲི་མིང་ཡིག་སོགས་མཚན་བྱང་ཇི་ལྟ་བ་ལ་རྣམ་ཤེས་འགུགས་པ་སྦར་བ་མི་བྱེད་པར་སྦྱིན་བདག་གི་སྡིག་སྒྲིབ་ནད་གདོན་འགུགས་བསྟིམ་དང་སྤར་ཆོག་ཟས་གཏད་སོགས་བཞག་ནས་སྡིག་སྒྲིབ་ནད་གདོན་གྱི་ངོ་བོ་ཡེ་ཤེས་ཀྱི་མེར་བསྲེག་པ་དང་། གཞན་མའི་དུག་སྦྱང་བ་དབང་བསྐུར་བ་སོགས་གཤིན་བྱང་ལྟར་བྱེད་ཚུལ་རི་ཆོས་སུ་གསུངས་པ་ལྟར་རོ། །དེ་ལྟར་གཏེར་ཆེན་༧ཉི་གྲགས་སྤྲུལ་སྐུ་༧པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ཉིད་ཀྱིས། ཡུལ་གྲུ་བྱིང་དང་ཁམས་ཕྱོགས་ལ་བླ་མར་འབུལ་བ་རེ་བྱེད་ནས། གསོན་བྱང་རང་ཟེར་མཁན་མང་བ་སོགས་ལ་ཉེར་མཁོ་གལ་ཆེར་འདུག་པས། གསོན་བྱང་འདོན་ཆོག་མ་ཞིག་གྱིས་ཞེས་བཀའ་ཡི་གནང་བ་བསྩལ་བ་སྤྱི་བོར་བཅིངས་ཏེ། རིག་འཛིན་ཆེན་པོ་གཏེར་བདག་གླིང་པའི་གཏེར་བྱོན་རྡོར་སེམས་གནས་ལུང་དང་། གསང་བདག་ཟློས་གར་རྗེ་དྲུང་སྤྲུལ་པའི་སྐུའི་གསང་བའི་གནས་ལུང་ལས་གསུང་བ་སོགས། སྐྱེས་ཆེན་རྣམས་ཀྱི་གསུང་ལ་འགྱུར་བ་མེད་པར་གཞིར་བཞག་སྟེ། སྨིན་གླིང་གཏེར་ཁའི་རྡོར་སེམས་གནས་ལུང་དེ་ཉིད། གཏེར་ཁ་འདི་ཡི་རྡོར་སེམས་སུ་ཚིག་ཕྲད་དང་གསོན་པོར་འབྱིན་འཇུག་བགྱིས་ཏེ་རང་བཟོས་ལྷད་མེད་པར། དམ་པ་དེ་རྣམས་ཀྱི་རྗེས་སུ་བཟུང་བའི་རི་ཁྲོད་པ་སྐལ་བཟང་དབང་ལྡན་གྱིས་ཟིན་བྲིས་སུ་བྱས་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག །མངྒ་ལཾ།། །།


previousརྡོ་རྗེ་སེམས་དཔའི་གསོན་བྱང་གི་ཆོ་ག་གཏན་བདེའི་ལམ་རིམ།next