Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བརྒྱད་པ།


   
   
  expand section
  expand section
  expand section
  expand section
  collapse section
   
   
   
   
   
   
   
   
   
   
   
འཇམ་དབྱངས་དཀར་པོའི་དབང་ཆོག་ཁྲིགས་སུ་སྡེབ་པ་བློ་གསལ་མགུལ་རྒྱན།
   


 
previousའཇམ་དབྱངས་དཀར་པོའི་དབང་ཆོག་ཁྲིགས་སུ་སྡེབ་པ་བློ་གསལ་མགུལ་རྒྱན།next

འཇམ་དབྱངས་དཀར་པོའི་དབང་ཆོག་ཁྲིགས་སུ་སྡེབ་པ་བློ་གསལ་མགུལ་རྒྱན།

འཇམ་དབྱངས་དཀར་པོའི་དབང་ཆོག་ཁྲིགས་སུ་སྡེབས་པ་བློ་གསལ་མགུལ་རྒྱན་ཞེས་བྱ་བ་བཞུགས། མཐའ་ཀླས་རྒྱལ་བའི་ཡེ་ཤེས་ཅིག་ཆར་དུ། །འགྲོ་བློའི་རྨོངས་པའི་མུན་པ་ཀུན་ཟ་བའི། །མཁྱེན་རབ་ཉི་མ་འབར་བའི་གདེངས་ཀ་ཅན། །བླ་མ་འཇམ་དཔལ་དབྱངས་དེར་གུས་བཏུད་ནས། །གང་གི་སྒོ་ནས་སློབ་བུ་རྗེས་འཛིན་པའི། །སྨིན་བྱེད་གདམས་ཟབ་ལག་ལེན་དུ་བསྟར་བ། །ལེགས་བཤད་རིན་པོ་ཆེ་ཡི་མགུལ་རྒྱན་གང་། །བསྐལ་བཟང་དགའ་བའི་སྐྱེས་སུ་འདིར་བྱའོ། །འདིར་རྗེ་བཙུན་འཇམ་དཔལ་དབྱངས་དཀར་པོའི་བྱིན་རླབས་དབང་གི་རིམ་པ་ཇི་ལྟར་བྱ་བའི་ཚུལ་གཏེར་གཞུང་རྩ་བ་ལ། །མཚམས་སྦྱོར་ཁ་བསྐང་དང་། ལག་ལེན་ཁྲིགས་སུ་སྡེབས་ཏེ་འཇུག་བདེར་བཀོད་པ་ལ། དེ་ཡང་གཏེར་གཞུང་རྩ་བར། བཀའ་རྫོགས་པ་ཆེན་བོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ འཇམ་དབྱངས་དཀར་པོའི་དབང་ཆོག་ཡོད། ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ མ་འོངས་བསྐལ་པའི་ཡང་མཐའ་ལ༔ ཆོས་སྒོར་ཞུགས་པའི་གང་ཟག་དང་༔ ལྷ་འདྲེ་མི་གསུམ་མི་དགེར་སྦྱོད༔ དེ་ཡི་དབང་གི་གྲིབ་ཀྱིས་ནོན༔ ཆོས་དང་གང་ཟག་ཡ་བྲལ་ཏེ༔ རྒྱལ་བའི་བཀའ་ལ་གོ་བ་མེད༔ གསར་རྙིང་ཟེར་ཞིང་སྒྲུབ་མཐའ་རྩོད༔ བཀའ་གཏེར་ཟེར་ཏེ་ཁྱད་དུ་གསོད༔ ཤཱཀྱའི་བསྟན་པ་རྟགས་ཀྱིས་འཛིན༔ བཀའ་ལ་རིས་གཅོད་གཟུ་ལུམ་བྱེད༔ གང་ཟག་བདག་འཛིན་ཆོས་དང་བསྲེ༔ ས་མིང་ཆོས་ཀྱི་གྲུབ་མཐའ་འཛིན༔ བྱང་སེམས་སྤྲུལ་པ་མང་འབྱུང་ཡང་༔ བདུད་སྤྲུལ་རྣམས་ཀྱིས་ཕོང་དཀྲུག་རྩོམ༔ དམ་སེལ་སློབ་དཔོན་སློབ་མས་བཀྲོང་༔ མི་དགེའི་ལྟས་ངན་བོད་དུ་སྡང་༔ ཀྱེ་མ་བསྐལ་པའི་ཡང་མཐའ་ལ༔ ཆོས་དང་གང་ཟག་རྒྱལ་བསྟན་དོན༔ བཀའ་བསྟན་གོ་བས་ཉམས་ལེན་ཕྱིར༔ འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་དང་༔ ལག་ལེན་དབང་དང་གསུམ་དུ་ཕྱེ༔ བདག་གཞན་དོན་གཉིས་སྒྲུབ་པའི་ཕྱིར༔ ལས་སྦྱོར་དག་དང་རྣམ་པ་བཞི༔ གནས་ཆེན་ཏེ་སེའི་གངས་ལ་སྦས༔ བདག་གཞན་དོན་གཉིས་མཐར་ཕྱིན་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་དེ་ནས་དབང་གི་རིམ་པ་ནི༔ སྔོོན་འགྲོ་དངོས་གཞི་རྗེས་གསུམ་སྟེ༔ སྔོན་འགྲོར་སྟ་གོན་རྣམ་པ་གསུམ༔ དངོས་གཞི་སྨིན་གྲོལ་དབང་ལྔ་དང་༔ རྗེས་ནི་བསྔོ་སྨོན་དབང་དམ་བསྲུང་༔ ལས་རིམ་གསུམ་གྱིས་དབང་ཆོག་སྟོན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དབེན་ཞིང་དྭངས་ལ་མཐོ་བའི་སར༔ སྟེགས་བུ་དཀར་འཇམ་མཁྲེགས་པར་བཟོ༔ ཚངས་པའི་ཐིག་གདབ་པད་འདབ་བཞི༔ རྡུལ་ཚོན་དཀར་པོ་དག་གིས་བརྒྱན༔ པད་ཚབ་བཞི་ལ་མཛེས་ཚོན་བྱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ བཀྲ་ཤིས་རྟགས་བརྒྱད་མཛེས་པར་བྲི༔ ཕྱི་རིམ་འོད་ལྔའི་ཕྲེང་བས་བསྐོར༔ སྒོ་རྫོགས་གྲུབ་ན་ཐིག་ཚོན་རྣམས༔ ཁྱམས་ཆེན་མན་ཆད་སྤྱི་དང་མཐུན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་དབུས་བུམ་པ་མཚན་ལྡན་ནང་༔ སྨན་བཏབ་མགུལ་ཆིངས་དཀར་པོས་བརྒྱན༔ ཁ་རྒྱན་གཟུངས་ཐག་རྡོ་རྗེས་སྤྲས༔ མདུན་དུ་དུང་དང་རྒྱབ་ཏུ་ནི༔ མེ་ལོང་དར་སྣ་ལྔས་བརྒྱན་དགོད༔ གཡས་སུ་མཚན་བརྗོད་སྒྲུབ་ཡིག་དང་༔ གཡོན་དུ་རལ་གྲི་ཅོད་པན་བཅས༔ ཞི་བའི་ཟླུམ་གཏོར་དཀར་པོ་དང་༔ རྣམ་ལྔའི་མཆོད་པ་དག་ཀྱང་བཤམས༔ དེ་ནི་དཀྱིལ་འཁོར་དབང་རྫས་ཀྱི༔ སྟ་གོན་ལག་ལེན་རིམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་སྟེགས་ཀྱི་ཁར་རས་བྲིས་སམ་ཚོམ་བུ་གང་ཡིན་ཡང་དབང་རྫས་གཞུང་ལྟར་ཚང་བར་བྱས་ལ་མཐའ་བརྟེན་བཀྲ་ཤིས་རྟགས་བརྒྱད་ཀྱི་ཙཀ་ལི་ཡང་བཀོད། གཞན་ཡང་སློབ་དཔོན་མདུན་དུ་ནས་ཟེ། སྤོས་ཐུན་སྣོད། ཌ་དྲིལ། ལས་བུམ། བགེགས་གཏོར། མཎྜལ་སོགས་ཚོགས་པར་བྱས་ལ། དེ་ཡང་གཞུང་ལས༔ བདག་མདུན་སྐད་ཅིག་དྲན་རྫོགས་དང་༔ སྒྲུབ་གཞུང་བཞིན་དུ་ཉམས་སུ་བླངས༔ ཁྲི་འབུམ་བསྙེན་པ་སྐབས་དང་སྦྱར༔ སློབ་དཔོན་དབང་བསྒྲུབ་སྟ་གོན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཆོས་ལ་མོས་ཤིང་དམ་ཚིག་གཙང་༔ བརྩོན་འགྲུས་ཆེ་ཞིང་བསྒྲུབ་ལ་བརྩོན༔ ཚེ་འདི་བློས་བཏང་སྐྱེས་བུ་ལ༔ ཁྲུས་བྱས་བགེགས་བསྐྲད་བསྲུང་འཁོར་བསྒོམ༔ མཎྜལ་དབུལ་ཞིང་སྐྱབས་སེམས་དང་༔ སྤྱི་འགྲོས་ཡན་ལག་བདུན་པ་འབོགས༔ སློབ་མ་འཇུག་པའི་སྟ་གོན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་པ་ལྟར། བདག་མདུན་ཆོ་ག་གཅིག་གི་ཁོང་ནས་བསྐྱེད་སྒྲུབ་བཟླས་པ་བྱས་ཤིང་བདག་འཇུག་བླངས་ནས། ལས་བུམ་ནང་དུ་དྲི་བཟང་གི་ཆུ་དང་བཅས་པ་འགོད། །སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུྃ་ལས་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ་པད་ཉིའི་གདན་ལ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་སྔོན་ཕྱག་གཡས་སྣ་ཚོགས་རྡོ་རྗེ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཞབ་གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པའི་སྤྱི་བོར་ཨཱོཾ་མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ་གིས་མཚན་པ་ཧཱུྃ་ལས་འོད་ཟེར་འཕྲོས་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། ཛ་ཧཱུྃ་བཾ་ཧོ༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར༔ དབང་གི་ལྷས་དབང་བསྐུར་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཨོཾ་ཨརྒྷཾ་པ་དྱཾ་པུཥྤེ་སོགས་ནས་ཤཔྟ་པྲ་ཏིཙྪ་སྭཱ་ཧཱ། ཡིས་མཆོད། ཧཱུྃ་འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་ལོ། །བདུད་རྩི་འཁྱིལ་བའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས་གནོད་བྱེད་ཐམས་ཅད་ཚར་བཅད་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་བཀུག་ནས་བུམ་པའི་ཆུ་ལ་ཐིམ་པར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ༔ གང་འགྲུབ་བཟླས་ཤིང་མཐར། ཁྲོ་བོ་འོད་དུ་ཞུ་ནས་བུམ་ཆུའི་རྣམ་པར་གྱུར། ཞེས་བསྐྱེད་བཟླས་གྲུབ་ནས། བཀའ་གཏེར་མཆོད། སློབ་མ་རྣམས་ཁྲུས་ནས་ཕྱུངས། གྲལ་དུ་འཁོད། བགེགས་གཏོར་གཏོང་ཞིང་བགེགས་བསྐྲད། བསྲུང་འཁོར་བསྒོམ་པ་རྣམས་སོང་ནས། སློབ་དཔོན་གྱིས་སྤྱི་དང་བྱེ་བྲག་གི། ཆོས་བཤད་ཇི་ལྟར་རིག་པ་བྱས་ཆོག་ལ། མདོར་བསྡུས་གཏེར་སྟོན་གྱིས་མཛད་པའི་དབང་བཤད་ནི། ད་ལམ་ཁྱེད་རྣམས་ལ་མགོན་པོ་འཇམ་དབྱངས་དཀར་པོའི་དབང་བསྐུར་བའི་ཐོག་མར་ལོ་རྒྱུས་ཀྱི་རྣམ་པ་མདོ་ཙམ་ཞིག་བརྗོད་པར་བྱ་སྟེ། དེ་ཡང་ལྷག་པའི་ལྷ་ཆེན་པོ་འདི་ནི་སྐུ་གསུམ་གྱི་སངས་རྒྱས་རྣམས་དང་དབྱེར་མེད་པ་ཞིག་ཡིན་ཀྱང་། ཐུགས་བསྐྱེད་ཀྱི་སྨོན་ལམ་རྒྱ་ཆེ་བས། ཁམས་གསུམ་གྱི་འཁོར་བ་དོང་ནས་མ་སྤྲུགས་ཀྱི་བར་དུ་ས་བཅུའི་མགོན་པོ་ཚུལ་དུ་བཞུགས་ནས་གང་འདུལ་གྱི་ཕྲིན་ལས་བསམ་གྱིས་མི་ཁྱབ་པར་འགྲོ་བའི་སྐྱབས་དང་མགོན་མཛད་པའི་ཆེ་བའི་ཡོན་ཏན་ནི་རྡོ་རྗེའི་ལྗགས་དང་ལྡན་པས་ཀྱང་བརྗོད་པར་དཀའ་སྟེ། ཇི་སྐད་དུ། སངས་རྒྱས་ཀུན་ལས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །མགོན་པོ་ས་བཅུའི་དབང་ཕྱུག་ཆེ། །ནམ་མཁའ་ཁྱབ་པར་གར་བྱེད་པ། །སྲིད་པའི་དྲ་བ་མ་ལུས་གཅོད། །ཅེས་སོ། །དེ་ལྟ་བུའི་ལྷག་པའི་ལྷ་དེའི་དབང་སྒྲུབ་ཐབས་ཀྱི་རིམ་པ་འདི་ཡང་། རྟོག་གེ་མཁན་སོགས་ཀྱི་འདོད་ཆོས་ཀྱིས་བསླད་པ་མ་ཡིན་ཞིང་། ཆེ་བའི་ཡོན་ཏན་འདི་ལྟ་བུ་དང་ལྡན་པའི་སློབ་དཔོན་ཆེན་པོས་མཛད་པ་ཡིན་ཏེ། ཇི་སྐད་དུ། ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་པོ་དང་༔ སྟུག་པོ་བཀོད་པར་རྡོ་རྗེ་འཆང་ཆེན་པོ༔ རྡོ་རྗེ་གདན་དུ་ཐུབ་པ་ཆེན་པོ་ཉིད༔ དབྱེར་མེད་པདྨ་ང་རུ་ལྷུན་གྱིས་གྲུབ༔ བདེ་བ་ཅན་ན་བདེ་གཤེགས་འོད་དཔག་མེད༔ རི་བོ་ཏ་ལར་མགོན་པོ་སྤྱན་རས་གཟིགས༔ དྷ་ན་ཀོ་ཤར་བརྫུས་སྐྱེས་པདྨ་འབྱུང་༔ མཚོན་ཚུལ་ཙམ་ལ་གསུམ་དུ་སྣང་གྱུར་ཀྱང་༔ དོན་ལ་དབྱེར་མེད་སོ་སོ་ཐ་མི་དད༔ ཅེས་གསུངས་པའི་རྒྱལ་བ་ཀུན་འདུས་ཀྱི་ངོ་བོ་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཀྱིས་ཆོས་འཁོར་དཔལ་གྱི་བསམ་ཡས་མཆིམས་ཕུའི་དགེ་གོང་དུ༔ བླ་མ་བདེ་མཆོག་དབང་གི་འཁོར་ལོའི་སྨིན་གྲོལ་རྣམས་ལས་ལྡན་བོད་ཀྱི་རྗེ་འབངས་རྣམས་ལ་བཀའ་སྩལ་བའི་ཆ་ལག་ཏུ་གདམས་པ་ཟབ་མོ་འདི་མ་འོངས་དུས་ངན་གྱི་ཐ་མ་ལ་ཆོས་བཞིན་སྤྱོད་པའི་གང་ཟག་ཏུ་དགོངས་ལུང་འདི་ལྟར་གསུངས་ནས་གནང་བ་སྟེ། ཇི་སྐད་དུ། མ་འོངས་བསྐལ་པའི་ཡང་མཐའ་ལ༔ ཆོས་སྒོར་ཞུགས་པའི་གང་ཟག་དང་༔ ལྷ་འདྲེ་མི་གསུམ་མི་དགེ་སྤྱོད༔ དེ་ཡི་དབང་གིས་གྲིབ་ཀྱིས་ནོན༔ ཆོས་དང་གང་ཟག་ཡ་བྲལ་སྟེ༔ རྒྱལ་བའི་བཀའ་ལ་གོ་བ་མེད༔ གསར་རྙིང་ཟེར་ཏེ་གྲུབ་མཐའ་རྩོད༔ བཀའ་གཏེར་ཟེར་ཏེ་ཁྱད་དུ་གསོད༔ ཤཱཀྱའི་བསྟན་པ་རྟགས་ཀྱིས་འཛིན༔ བཀའ་ལ་རིས་གཅོད་གཟུ་ལུམ་བྱེད༔ གང་ཟག་བདག་འཛིན་ཆོས་དང་བསྲེ༔ ས་མིང་ཆོས་ཀྱི་གྲུབ་མཐའ་འཛིན༔ བྱང་སེམས་སྤྲུལ་པ་མང་འབྱུང་ཡང་༔ བདུད་སྤྲུལ་རྣམས་ཀྱིས་ཕོང་དཀྲུག་རྩོམ༔ དམ་སེལ་སློབ་དཔོན་སློབ་མས་བཀྲོང་༔ མི་དགེའི་ལྟས་ངན་བོད་དུ་སྡང་༔ ཀྱེ་མ་བསྐལ་པའི་ཡང་མཐའ་ལ༔ ཆོས་དང་གང་ཟག་རྒྱལ་བསྟན་དོན༔ བཀའ་བསྟན་གོ་བས་ཉམས་ལེན་ཕྱིར༔ འཇམ་དཔལ་དཀར་པོའི་སྒྲུབ་ཐབས་དང་༔ ལག་ལེན་དབང་དང་གསུམ་དུ་ཕྱེ༔ བདག་གཞན་དོན་གཉིས་བསྒྲུབ་པའི་ཕྱིར༔ ལས་སྦྱོར་དག་དང་རྣམ་པ་བཞི༔ གནས་ཆེན་ཏེ་སེའི་གངས་ལ་སྦས༔ ཅེས་དང་༔ གཏེར་དེ་འབྱིན་པའི་དུས་དང་གང་ཟག་གི་ལུང་ཡང་། ཇི་སྐད་དུ། མ་འོངས་རྩོད་ལྡན་ཡང་མཐའ་ལ༔ མི་རྣམས་བཞི་བཅུ་ཁ་རལ་ཏེ༔ སུམ་ཅུར་ཉེ་བའི་དུས་དག་ཏུ༔ གར་དབང་འགྲོ་འདུལ་གླིང་པ་ཞེས༔ ཐུགས་ཀྱི་སྲས་ཤིག་ཁམས་ནས་འོང་༔ འགྲོ་བ་འདྲེན་པའི་སྐྱེས་བུ་དེས༔ ཏེ་སེའི་གངས་ནས་གཏེར་འདི་འདོན༔ འགྲོ་དོན་སྟོད་ཀྱི་ཕྱོགས་སུ་འབྱུང་༔ ཆོས་བདག་བུ་ལ་འཕྲོད་གྱུར་ན༔ བསྟན་པ་ཉི་མ་ཤར་བ་འདྲ༔ ཅེས་གསུངས་པ་རྣམས་མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་མཁའ་འགྲོའི་ཡི་གེར་བཏབ་ནས་གནས་མཆོག་ཆེན་པོ་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ཏུ་མཁའ་འགྲོའི་གསང་མཛོད་དུ་སྦས་པ༔ གུ་རུ་སངས་རྒྱས་གཉིས་པའི་ལུང་བསྟན་དུས་བབས་ལྟར་དུ་ཁམས་པ་ཉི་མ་གྲགས་པ་ཞེས་ཐུགས་རྗེ་ཆེན་པོའི་རྣམ་འཕྲུལ་རྡོ་རྗེ་ཕུར་པའི་གྲུབ་ཐོབ་ཀླུའི་དབང་པོའི་སྐྱེ་མཐའ་སངས་རྒྱས་སོ་བདུན་པ་དྲག་པོ་ཆེན་པོ་ཞེས་རྫོགས་པའི་སངས་རྒྱས་སུམ་ཅུ་རྩ་བདུན་གྱི་སྐུ་ཚེ་དང་མཛད་འཕྲིན་གཅིག་ཏུ་བསྡོམས་པའི་ཚད་ཀྱིས། མཁའ་མཉམ་གྱི་འགྲོ་བའི་དོན་མཛད་པར་ལུང་བསྟན་པའི་སྤྲུལ་པའི་གཏེར་སྟོན་ཆེན་པོ་དེ་ཉིད་ཀྱིས་སྤྱན་དྲངས་པའི་འཕགས་པ་འཇམ་དབྱངས་དཀར་པོའི་དབང་བསྐུར་བ་སྐབས་སུ་བབ་པ་སྟེ་སྔོན་འགྲོ་སློབ་དཔོན་གྱི་བགྱི་འོས་རྣམས་ལེགས་པར་གྲུབ་ནས། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ་ཞེས་བརྡ་སྦྱར། དེ་ནས་ཁྱེད་རང་རྣམས་དམིགས་པ་འདི་བཞིན་དུ་གྱིས། ས་ཕྱོགས་འདི་ཉིད་ཀྱང་ཐ་མལ་གྱི་སྣང་བ་འདི་ལྟ་བུ་མ་ཡིན་པའི་དྭངས་གསལ་གཉིས་སུ་མེད་པའི་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཞིང་ཁམས་ཀྱི་དབུས་སུ་འཕགས་མཆོག་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པར་གསལ་བཏབ་ནས་དེ་དག་གི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པ་དང་ལུས་ཅན་ཐམས་ཅད་ཀྱི་གཏི་མུག་གི་མུན་པ་བསལ་ནས་བདག་འཛིན་གྱི་སྤྲོས་པ་གཅོད་པའི་ཤེས་རབ་ཕུན་སུམ་ཚོགས་པ་ཐོབ་ནས་སེམས་ཅན་རྣམས་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པར་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧཱུྃ་ཧྲཱི༔ སྐྱབས་གྱུར་ངོ་བོ་བླ་མེད་དཀོན་མཆོག་གསུམ༔ འགྲོ་བའི་དོན་དུ་གུས་པས་སྐྱབས་སུ་མཆི༔ འགྲོ་དྲུག་མ་རིག་སྒྲིབ་པ་བསལ་བའི་ཕྱིར༔ འཇམ་དབྱངས་དཀར་པོའི་བསྒོམ་བཟླས་ཉམས་སུ་ལེན༔ ལན་གསུམ༔ ཡན་ལག་བདུན་པ་ཡང་རྒྱས་བསྡུས་གང་རུང་བྱས་ཆོག་མོད། འདིར་འཇུག་པ་བདེ་ཕྱིར་ཐུགས་རྗེ་ཆེན་པོ་ལྟར་འདིའི་རྗེས་ཟློས་གྱིས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྡིག་སྒྲིབ་ཉེས་ལྟུང་མཐོལ་ལོ་བཤགས༔ བདག་གཞན་དགེ་ལ་རྗེས་ཡི་རང་༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདར་གསོལ་བ་འདེབས༔ དགེ་བ་བྱང་ཆུབ་ཐོབ་ཕྱིར་བསྔོ༔ ཐམས་ཅད་སངས་རྒྱས་ཐོབ་པར་ཤོག༔ ཅེས་བྱས་པས་འཐུས་སམ་སྙམ། ཡང་གཞུང་ལས། དངོས་གཞི་སྨིན་གྲོལ་དབང་ལྔའི་དོན༔ གསོལ་བ་འདེབས་པའི་རིམ་པ་ནི༔ བླ་མ་དབང་རྫས་ལྷ་དང་ཞིང་༔ མངོན་སུམ་ལྟ་བུར་གསལ་གདབ་ལ༔ རྩེ་གཅིག་ངང་ནས་གསོལ་འདེབས་ནི༔ ཞེས་པ་ལྟར། བླ་མ་མགོན་པོ་འཇམ་དཔལ་དབྱངས་མངོན་སུམ་དུ་མོས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་བླ་མ་ཆོས་ཀྱི་རྗེ༔ འགྲོ་བའི་མགོན་པོ་འཇམ་དཔལ་དབྱངས༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི༔ དབང་དང་བྱིན་རླབས་སྩལ་དུ་གསོལ༔ ལན་གསུམ་བར་དུ་གསོལ་བ་གདབ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ སློབ་མ་ལྷར་བསྐྱེད་ཡེ་ཤེས་དབབ༔ མེ་ཏོག་འཐོར་ཞིང་བརྟན་པར་བསམ༔ ཏིཥྛ་བཛྲ་བརྗོད་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་པ་ལྟར་ཡེ་ཤེས་དབབ་ཆོག་མཆོག་སྤྲུལ་རིན་པོ་ཆེ་ཉིད་ཀྱིས་སྩལ་བ་འདི་ལྟར། ལས་བུམ་གྱི་ཆུ་འཐོར་ལ། ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ༔ ཁྱེད་རང་རྣམས་ཀྱི་སེམས་ཉིད་ཀྱི་ངོ་བོ་ཡི་གེ་ཨཱ༔ དཀར་པོ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྗེ་བཙུན་འཇམ་དབྱངས་སྐུ་མདོག་དཀར་པོ་དུང་གི་རི་བོ་ལ་ཉི་མ་ཤར་བ་ལྟ་བུ་ཞལ་གཅིག་འཛུམ་ཉམས་བཞད་མདངས་ཅན་ཕྱག་གཡས་མཆོག་སྦྱིན་དང་གཡོན་ཨུཏྤལ་མེ་ཏོག་བསྣམས་ཤིང་རྡོ་རྗེའི་སྐྱིལ་ཀྲུང་འོད་ཉམས་འཁྲུག་པ་དབུ་སྐྲ་ཐོར་ཚུག་རིན་ཆེན་རྒྱན་གྱིས་བརྒྱན་ཞིང་ལོངས་སྤྱོད་རྫོགས་སྐུའི་ཆས་ཡོངས་སུ་རྫོགས་པ་འོད་དཀར་ཟླ་བའི་རྒྱབ་ཡོལ་ཅན་དུ་གསལ་བར་བསྒོམ། དེ་ལྟར་དུ་གསལ་བའི་སྤྱི་བོར་ཨཱོཾ་མགྲིན་པར་མཱུྃ་ཐུགས་ཀར་ཨཱཿས་མཚན་པ་ལས་འཕྲོས་པའི་འོད་ཟེར་དང་བླ་མ་དང་མདུན་བསྐྱེད་ཀྱི་སྐུ་ལས་ཀྱང་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པས། འོག་མིན་ཡོན་ཏན་བརྩེགས་པའི་ཞིང་ཁམས་དང་རྒྱ་ནག་རི་བོ་རྩེ་ལྔ་ལ་སོགས་དག་པའི་ཞིང་ཁམས་རབ་འབྱམས་ཐམས་ཅད་ནས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་འཕགས་པ་འཇམ་དཔལ་དབྱངས་རྟེན་བརྟེན་པ་དང་བཅས་པའི་རྣམ་པར་ཁ་ཆར་བུ་ཡུག་འཚུབ་པ་ལྟར་སྤྱན་དྲངས་ནས། ཁྱེད་རང་ལྷར་གསལ་བ་ལ་མཚོ་ཆེན་པོ་ལ་ཆར་པ་བབས་པ་ལྟར་སིབ་སིབ་ཐིམ་བྱུང་སྙམ་པའི་མོས་པ་རྩེ་གཅིག་ཏུ་མཛོད། ཅེས་བརྗོད་སྤོས་རོལ་བཅས། ཧཱུྃ་ཧྲཱི༔ རང་བཞིན་དབྱིངས་དང་གཞལ་ཡས་ནས༔ སྐུ་མཆོག་འཇམ་དཔལ་གཤེགས་སུ་གསོལ༔ ཁྱད་པར་རི་བོ་རྩེ་ལྔ་ནས༔ ཐུགས་བསྐྱེད་སྨོན་ལམ་མཐར་ཕྱིན་ཞིང་༔ འགྲོ་བའི་སྐྱབས་དང་མགོན་མཆོག་ཆེ༔ བདག་གིས་དད་པས་སྤྱན་འདྲེན་ན༔ ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ༔ ཨཱོཾ་མཉྫུ་ཤྲཱི་བཛྲ་ས་མ་ཡཱ་ཛ༔ ཞེས་དང་རྩ་སྔགས་མཐར་བཛྲ་ས་མ་ཡ་ཨ་ཝེ་ཤ་ཡ་ཨ་ཨཱ༔ དྲག་ཏུ་བརྗོད་པས་བྱིན་དབབ། ཞེས་བྱོན་པའི་ཡེ་ཤེས་པ་རྣམས་བརྟན་པའི་མོས་པ་མཛོད། ཅེས་རྡོ་རྗེས་སྤྱི་བོར་རྒྱས་གདབ་ལ། ཏིཥྛ་བཛྲ་སོགས་བརྗོད་ལ་བརྟན་པར་བྱ༔ དེ་ནས་དབང་རྣམས་རིམ་པར་གཞུང་ལྟར་བསྐུར་བར་བྱ་སྟེ་གཞུང་ལས། དཀྱིལ་འཁོར་དབུས་ནས་བུམ་པ་བླངས༔ སློབ་མའི་མགོར་བཞག་བུམ་དབང་སྦྱིན༔ ཧཱུྃ་ཧྲཱི༔ མཚན་ལྡན་བུམ་པ་བཀྲ་ཤིས་ལྷ་ཡི་སྐུ༔ རིགས་བདག་འཇམ་དཔལ་དབྱངས་དང་གཉིས་སུ་མེད༔ སྐལ་ལྡན་ཁྱོད་ཀྱི་ལུས་ལ་དབང་བསྐུར་བས༔ སྨིན་གྲོལ་སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་ཝཱཀྱེ་དྷེ་ཝི་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ་ཨཱོཾ༔ དཀྱིལ་འཁོར་ཤར་ནས་དུང་དཀར་བླངས༔ མགྲིན་པར་བཞག་ལ་གསུང་དབང་སྦྱིན༔ ཧཱུྃ་ཧྲཱི༔ བཀྲ་ཤིས་མཛེས་ལྡན་གཡས་འཁྱིལ་ཆོས་ཀྱི་དུང་༔ མགོན་པོ་འཇམ་དབྱངས་གསུང་དང་གཉིས་སུ་མེད༔ སྐལ་ལྡན་ཁྱོད་ཀྱི་ངག་ལ་དབང་བསྐུར་བས༔ སྨིན་གྲོལ་གསུང་གི་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་ཝཱ་ཀྱེ་དྷེ་ཝི་ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿཨཱ༔ དཀྱིལ་འཁོར་ལྷོ་ནས་པོ་ཏི་བླངས༔ སྙིང་གར་བཞག་ལ་ཐུགས་དབང་བསྐུར༔ ཧཱུྃ་ཧྲཱི༔ ཞི་བ་ཆགས་བྲལ་བཀྲ་ཤིས་པོ་ཏི་འདི༔ རྗེ་བཙུན་འཇམ་དབྱངས་ཐུགས་དང་གཉིས་སུ་མེད༔ སྐལ་ལྡན་ཁྱོད་ཀྱི་སེམས་ལ་དབང་བསྐུར་བས༔ སྨིན་གྲོལ་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་ཝཱ་ཀྱེ་དྷེ་ཝི་ཙིཏྟ་ཨབྷིི་ཥིཉྩ་ཧཱུྃ་ཧཱུྃ༔ དཀྱིལ་འཁོར་ནུབ་ནས་མེ་ལོང་བླངས༔ ཡོན་ཏན་དབང་བསྐུར་ལྟེ་བར་བཞག༔ ཧཱུྃ་ཧྲཱི༔ བཀྲ་ཤིས་མེ་ལོང་དུས་གསུམ་གསལ་འགྲིབ་མེད༔ བྱང་སེམས་ཆོས་དབྱིངས་ཡོན་ཏན་གཉིས་མེད་དཔལ༔ སྐལ་ལྡན་ཁྱོད་ཀྱི་ལྟེ་བར་དབང་བསྐུར་བས༔ སྨིན་གྲོལ་ཡོན་ཏན་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་ཝཱ་ཀྱེ་དྷེ་ཝི་ཙིཏྟ་ཨ་བྷི་ཥིཉྩ་ཏྲཾ་ཏྲཾ༔ དཀྱིལ་འཁོར་བྱང་ནས་རལ་གྲི་བླངས༔ འཕྲིན་ལས་དབང་བསྐུར་ལག་ཏུ་གཏད༔ ཧཱུྃ་ཧྲཱི༔ ཤེས་རབ་རལ་གྲི་མཁྱེན་བརྩེ་ནུས་མཐུ་ལྡན༔ ཀུན་སྒྲོལ་རྒྱལ་བའི་འཕྲིན་ལས་གཉིས་སུ་མེད༔ སྐལ་ལྡན་ཁྱོད་ཀྱི་ལག་ཏུ་འདི་སྦྱིན་པས༔ སྨིན་གྲོལ་འཕྲིན་ལས་དབང་མཆོག་ཐོབ་པར་ཤོག༔ ཨཱོཾ་ཝཱ་ཀྱེ་དྷེ་ཝི་ཀརྨ་ཨ་དྷི་ཥིཉྩ་ཧཱ་ཧཱ༔ ཟླུམ་གཏོར་ལྷར་གསལ་སྤྱི་བོར་བཞག༔ བརྒྱུད་པའི་བྱིན་རླབས་བཀའ་གཏད་བྱ༔ བཀྲ་ཤིས་རྟགས་བརྒྱད་མཐའ་བརྟན་སྦྱིན༔ དངོས་གཞི་དབང་གི་ལས་རིམ་མོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་པའི་དོན་གཏོར་མ་ཐོགས་ཏེ། ཨཱོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་མགོན་པོ་འཇམ་དཔལ་དབྱངས། ཚངས་སྲས་ལྷ་མོ་དབྱངས་ཅན་མ། སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན། ཐམས་ཅད་མཁྱེན་པ་བློ་ལྡན་མཆོག་སྲེད། མཁའ་འགྲོ་བདེ་ཆེན་རྒྱ་མཚོ། སྐད་གཉིས་སྨྲ་བ་ལོ་ཆེན་ཀླུ་དབང་། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཉི་མ་གྲགས་པ། རྒྱས་སྲས་ཨོ་རྒྱན་བསྟན་འཛིན། ཐེག་མཆོག་བསྟན་པའི་རྒྱལ་མཚན། རིག་རྩལ་ཐོགས་མེད་གླིང་བ། ངེས་དོན་བསྟན་འཛིན་བཟང་པོ། ཨོ་རྒྱན་བསྟན་པའི་ཉི་མ། མི་འགྱུར་ནམ་མཁའི་རྡོ་རྗེ། འཇིགས་མེད་ཆོས་དབྱིངས་རྡོ་རྗེ། ཀུན་བཟང་ཐེག་མཆོག་རྡོ་རྗེ། ཨོ་རྒྱན་འགྲོ་འདུལ་རྡོ་རྗེ། ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལ་སོགས་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང་། ཁྱད་པར་དུ་བཅོམ་ལྡན་འདས་མགོན་པོ་འཇམ་དཔལ་དབྱངས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོས་རྡོ་རྗེའི་སློབ་མ་འདིའི་ལུས་ངག་ཡིད་གསུམ་བྱིན་གྱིས་རློབས་ཤིག །མཆོག་དང་ཐུན་མོང་གི་དངོས་གྲུབ་སྩོལ་ཅིག །ཁྱད་པར་དུ་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་པའི་བློ་གྲོས་དང་སྤོབས་པ་ཕུན་སུམ་ཚོགས་པ་བསྐྱེད་དུ་གསོལ། མཆོག་གི་ཤེས་རབ་བསྐྱེད་དུ་གསོལ། ཡང་དག་པའི་ཤེས་རབ་བསྐྱེད་དུ་གསོལ། བློ་མྱུར་བའི་ཤེས་རབ་བསྐྱེད་དུ་གསོལ། ཡིད་བརྟན་པའི་ཤེས་རབ་བསྐྱེད་དུ་གསོལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་སྩལ་དུ་གསོལ། ཨཱོཾ་ཝཱ་གི་ཤྭ་ར་མཉྫུ་ཤྲཱི་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་བྷ་ལིངྟ་ཨ་ངྷིཥྛ་ན་ཨ་བྷི་ཥིཉྩ་ཧཱུྃ། ཅེས་གཏོར་མ་སྤྱི་བོར་བཞག་ལ་བྱིན་རླབས་བྱ། གཏོར་དབང་གི་མཚམས་སྦྱོར་འདི་ཁོ་བོས་གསར་དུ་བྲིས་པ་ཡིན། དེ་ནས་མཐའ་བརྟན་རྟགས་བརྒྱད་སྦྱིན་པ་ནི། ཙཀ་ལི་རྣམས་རིམ་པར་སྦྱིན་ཞིང་། ཧཱུྃ༔ རིན་ཆེན་གདུགས་མཆོག་རཏྣའི་ཡུ་བ་ཅན༔ འཁོར་བའི་ཚ་གདུང་འཇིགས་པ་སྐྱབས་སྦྱིན་དབང་༔ བཀྲ་ཤིས་དཔལ་འབར་མི་ནུབ་རྟགས་ཀྱི་རྒྱ༔ རྟགས་མཆོག་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ཨཱོཾ་མངྒ་ལ་ཚ་ཏྲཾ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རིན་ཆེན་བུམ་བཟང་དཔག་བསམ་ནོར་བུའི་མཆོག༔ མཆོག་ཐུན་དངོས་གྲུབ་དགོས་འདོད་སྩོལ་བའི་དབང་༔ བཀྲ་ཤིས་དཔལ་འབར༴རྟགས་མཆོག་དེས་ཀྱང་༴ཨཱོཾ་མངྒ་ལ་མ་ནི་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རིན་ཆེན་གསེར་གྱི་ཉ་མོ་འོད་བྱེད་འཁྱུག༔ སྒྲིབ་པ་ཀུན་བསལ་ཡེ་ཤེས་སྤྱན་ལྡན་དབང་༔ བཀྲ་ཤིས་དཔལ་འབར༴རྟགས་མཆོག་༴ཨཱོཾ་མངྒ་ལ་ལཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དྲི་མེད་ཡིད་འོང་མདངས་ལྡན་དྲི་བསུང་འཆང་༔ གསུང་དབྱངས་ཆོས་ཀྱིས་འགྲོ་བ་སྒྲོལ་བའི་དབང་༔ བཀྲ་ཤིས་དཔལ་འབར༴རྟགས་མཆོག༴ཨཱོཾ་མངྒ་ལ་པདྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དྲི་མེད་རབ་དཀར་གཡས་འཁྱིལ་བཀྲ་ཤིས་དུང་༔ ཆོས་ཀྱི་སྒྲ་སྒྲོགས་ཆོས་ཀྱི་དོན་སྟོན་དབང་༔ བཀྲ་ཤིས་དཔལ་འབར༴རྟགས་མཆོག༴ཨཱོཾ་མངྒ་ལ་ཤམ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དཔལ་གྱི་བེའུ་དཔལ་གྱི་ཐུགས་ཀྱི་མཆོག༔ ཐམས་ཅད་མཁྱེན་ལྡན་ཐོས་བསམ་མཐར་ཕྱིན་དབང་༔ བཀྲ་ཤིས་དཔལ་འབར༴རྟགས་མཆོག༴ཨཱོཾ་མངྒ་ལ་དཔལ་བེའུ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་ཀྱི་རྒྱལ་མཚན་བདུད་ཀྱི་གཡུལ་ལས་རྒྱལ༔ བསྟན་པ་མི་ནུབ་རྒྱས་པར་བྱེད་པའི་དབང་༔ བཀྲ་ཤིས་དཔལ་འབར༴རྟགས་མཆོག༴ཨཱོཾ་མངྒ་ལ་དྷྭ་ཛ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འཁོར་ལོ་རིན་ཆེན་རྣམ་བཅུའི་དཔལ་དང་ལྡན༔ ཆོས་ཀྱི་འཁོར་ལོ་ཡང་དག་བསྐོར་བའི་དབང་༔ བཀྲ་ཤིས་དཔལ་འབར༴རྟགས་མཆོག༴ཨཱོཾ་མངྒ་ལ་ཙཀྲ་ཨི་བྷི་ཥིཉྩ་ཧཱུྃ༔ ཞེས་དང་། གཞན་ཡང་ཤིས་བརྗོད་མེ་ཏོག་འཐོར་ཞིང་། ཨཱ༔ ཤེས་པས་སྲིད་ལ་མི་གནས་ཤིང་༔ སྙིང་རྗེས་ཞི་ལ་མི་གནས་པས༔ མྱ་ངན་འདས་དང་འཁོར་མི་གནས༔ འཇམ་དཔལ་དབྱངས་ཀྱི་བཀྲ་ཤིས་ཤོག༔ ཞེས་དང་། གཞོན་ནུའི་སྐུ་ལུས་འཆང་བ་པོ༔ ཡེ་ཤེས་སྒྲོན་མེ་རབ་ཏུ་གསལ༔ འཇིག་རྟེན་གསུམ་གྱི་མུན་སེལ་བ༔ འཇམ་དཔལ་དབྱངས་ཀྱི་བཀྲ་ཤིས་ཤོག །ཞེས་དང་གཞན་ཡང་ཤིས་བརྗོད་ཅི་རིགས་པར་བྱའོ། །ཡང་གཞུང་ལས། བསྐྱེད་རིམ་སྐུ་དང་བཟླས་པ་སྔགས༔ རྫོགས་རིམ་དམིགས་མེད་ཁྱབ་བརྡལ་གསུམ༔ ནམ་ལངས་ཞི་བའི་དུས་དག་ཏུ༔ བརྒྱ་སྟོང་བསྙེན་པ་ཆགས་མེད་བྱ༔ དམ་ཚིག་གསང་བའི་རིམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་དམ་ཚིག་གཞུང་ལྟར་ཕོག་ནས་གཞན་ཡང་སྤྱི་དང་བྱེ་བྲག་གི་བསྲུང་མཚམས་ལས་ནམ་ཡང་མི་འདའ་བར་བསྲུང་ངོ་སྙམ་པས་འདིའི་རྗེས་ཟློས་གྱིས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །དེ་ཡང་གཞུང་ལས། བསྔོ་སྨོན་ལ་སོགས་གཞུང་བཞིན་བརྗོད༔ དབང་ཡོན་ལུས་ངག་བླ་མའི་བྲན༔ བུ་དང་ཆུང་མ་ནོར་གྱི་དབྱིག༔ རབ་དུ་གཅེས་དང་ཡིད་འཐད་འབུལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་པ་ལྟར་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་དང་བཅས་པ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་བ་ལྟར་སྤྲུལ་ཏེ་འབུལ་སྙམ་པས་འདིའི་རྗེས་ཟློས་གྱིས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་འཛིན་པ་དང་། །ཆ་ཤས་ཀྱང་ནི་སྤྱད་དུ་གསོལ། །དེ་ལྟར་དབང་བསྐུར་ཐོབ་པའི་དགེ་རྩ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བར་གྱིས། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུག་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །རིན་ཆེན་དགེ་ཚོགས་འདི་ཡིས་འགྲོ་བ་ཀུན། །རྟག་པར་དམ་པའི་ཆོས་དང་མི་འབྲལ་ཞིང་། །རང་གཞན་དོན་གཉིས་རྫོགས་པར་མཐར་ཕྱིན་ནས། །ཆོས་རྔ་སྒྲོག་པས་འཇིག་རྟེན་མཛེས་པར་ཤོག །སོགས་བརྗོད་ཅིང་བསྔོ་བ་སྨོན་ལམ་གདབ། བཀའ་གཏེར་བསྐུལ་ཞིང་དཀྱིལ་འཁོར་གྱི་རྗེས་ཆོག་རྣམས་བྱའོ། །མ་འོངས་ང་བུ་ལས་འཕྲོ་ཅན༔ དབང་འདི་ཐོབ་པའི་སྐྱེས་བུ་དེས༔ བདེ་གཤེགས་ཀུན་གྱི་བྱིན་རླབས་འཐོབ༔ སྨིན་ཅིང་གྲོལ་བས་དོན་གཉིས་འགྲུབ༔ སྐལ་ལྡན་རྣམས་ལ་སྤེལ་མཁས་བྱ༔ སྐལ་མེད་རྣམས་ལ་ས་མ་ཡཱ༔ རྡོ་རྗེ་ལེགས་པས་བཀའ་འདི་སྲུངས༔ ལྷ་བཙན་ཁྱོད་ཀྱིས་གཏེར་འདི་འཚོས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་འགྲོ་འདུལ་གླིང་པས་གནས་མཆོག་ཆེན་པོ་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་ཏེ། ཁམས་སྲིང་མོ་རྫོང་ཕག་མོ་ནག་མོའི་ཐུགས་ཀྱི་སྒྲུབ་གནས་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ། འཇམ་མགོན་བླ་མའི་བྱིན་རླབས་ཉིན་མོར་བྱེད། །གང་ལ་ལྷུང་གང་རྨོངས་མུན་ཆ་ཙམ་ཡང་། །གནས་པའི་གོ་སྐབས་ལྟ་ཅི་ཀུན་ཤེས་ཀྱི། །འོད་བརྒྱའི་སྣང་བྱེད་ཅིག་ཆར་སྦྱིན་མིན་ནམ། །དེ་ཕྱིར་ལམ་འདིར་དོན་གཉེར་ལྡན་གང་འགས། །འཁྲུལ་མེད་འཇུག་བདེའི་ལེགས་བཤད་རིན་ཆེན་སྐྱེས། །བློ་གསལ་མགུལ་བའི་རྒྱན་དུ་ལེགས་སྤེལ་བ། །བྱིན་རླབས་བདུད་རྩིའི་འབབ་སྟེགས་མཚོན་ཕྱིར་བྱས། །འདིར་འབད་དགེ་བས་ཉི་གཞོན་གསར་པ་དག །ལེགས་བཤད་ཤིང་རྟས་དྲངས་པའི་ལུས་ཅན་གྱི། །མ་རིག་སྒྲིབ་གསུམ་མུན་པ་ཀུན་བཅོམ་ནས། །ཀུན་མཁྱེན་པད་ཚལ་རྒྱས་པའི་རྒྱུར་གྱུར་ཅིག །ཅེས་པ་འདི་ཡང་རྣམ་འདྲེན་བླ་མ་དམ་པ་འགྱུར་མེད་བློ་ལྡན་གྱིས་རིང་མོ་ཞིག་ནས་ཡང་ཡང་བསྐུལ་བ་དང་། ཉེ་ཆར་ཁྱབ་བདག་འཁོར་ལོའི་མགོན་པོ་གྲུབ་དབང་བསྟན་འཛིན་སྙིང་པོ་ནས་ཀྱང་འདི་ལྟར་གྱིས་ཤིག་ཅེས་སྐྱེས་དང་བཅས་བསྐུལ་བའི་བཀའ་ཕེབས་སྤྱི་བོར་བཅིངས་ཏེ། དུས་མཐའི་སྤྲང་བན་ངག་དབང་བློ་གྲོས་སམ་འཇིགས་མེད་དབྱངས་ཅན་དགའ་བའི་སྡེས་ལག་ལེན་འཇུག་བདེར་སྤེལ་བ་དགེ་ཞིང་ཤེས་པར་གྱུར་ཅིག །སརྦ་མངྒ་ལཾ། །


previousའཇམ་དབྱངས་དཀར་པོའི་དབང་ཆོག་ཁྲིགས་སུ་སྡེབ་པ་བློ་གསལ་མགུལ་རྒྱན།next