Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  collapse section
   
མཁའ་སྤྱོད་བདུད་འདུལ་མའི་སྒྲུབ་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousམཁའ་སྤྱོད་བདུད་འདུལ་མའི་སྒྲུབ་ཐབས།next

མཁའ་སྤྱོད་བདུད་འདུལ་མའི་སྒྲུབ་ཐབས།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་ལོ་ལས༔ མཁའ་སྤྱོད་བདུད་འདུལ་མའི་སྒྲུབ་ཐབས་བཞུགས༔ དཔལ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ མ་འོངས་འགྲོ་བ་རྗེས་འཇུག་དོན༔ བདུད་འདུལ་མཁའ་འགྲོའི་སྒྲུབ་ཐབས་ཤིག༔ ཡི་གེར་འདེབས་ནས་གཏེར་དུ་སྦ༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ད་ནས་བཟུང་སྟེ་ལོ་རེ་བཞིན༔ དུས་དང་བསྐལ་བ་མར་མར་འགྲིབ༔ སངས་རྒྱས་བསྟན་པའི་ཐ་མ་ལ༔ བདུད་རྣམས་དགེ་སྦྱོང་ཆས་སུ་འོང་༔ ཕྱི་ཚུལ་སྟོན་པའི་ངུར་སྨྲིག་འཆང་༔ ནང་ཚུལ་མི་དགེ་བཅུ་ལ་སྤྱོད༔ ངན་གསུམ་ཁ་རྒྱས་བཟང་གསུམ་སྤྱུགས༔ ཧོར་སོགས་དུ་རུ་ཀཿརྣམས་དར༔ གངས་ཅན་བོད་ཀྱི་རྒྱལ་ཁམས་འདིར༔ དམག་འཁྲུག་ཁྲལ་སྣ་ཨར་ལས་མང་༔ བསྟན་འགྲོའི་བདེ་བ་ཟད་རྟགས་སུ༔ སློབ་དཔོན་སློབ་མར་གྱུར་ཚད་ཀྱིས༔ དམ་ཚིག་སེལ་ལ་དམར་གཡོས་རྒྱག༔ དམག་གི་རྒྱབ་གནོན་མཐུ་ཡིས་བྱེད༔ དེ་དུས་བསྟན་འཛིན་སྐྱེས་བུ་ཡིས༔ བདུད་ཀྱི་བྱད་མ་ལྷ་བསྲུང་རྣམས༔ རྣམ་པར་གཞོམ་ཞིང་བརླག་པའི་ཕྱིར༔ བདུད་འདུལ་མཁའ་འགྲོ་སེང་གདོང་མའི༔ སྒྲུབ་པ་འདི་བཞིན་ཉམས་སུ་ལོངས༔ བདུད་ཀྱི་གཡུལ་ལས་རྒྱལ་བར་བྱེད༔ དེ་ལ་ཡེ་ཤེས་མཁའ་འགྲོ་སེང་གདོང་མའི་སྒྲུབ་པ་ཉམས་སུ་ལེན་པའི་རིམ་པ་ནི༔ སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ དང་པོ་སྔོན་དུ་འགྲོ་བ་ལ་དོན་གསུམ་སྟེ༔ ཕྱི་གནས་ཀྱི་སྟ་གོན༔ ནང་དཀྱིལ་འཁོར་གྱི་སྟ་གོན༔ གསང་བ་སྒྲུབ་རྫས་ཀྱི་སྟ་གོན་ནོ༔ ས་མ་ཡཱ༔ རྒྱ༔ དང་པོ་གནས་ཀྱི་སྟ་གོན་ནི༔ རྒྱུད་ལུང་ནས་བཤད་པའི་མ་མོ་མཁའ་འགྲོ་འདུ་བའི་གནས་སམ༔ དུར་ཁྲོད་དང་བྲག་ནག་རི་ནག་ཚང་ཚིང་འཁྲིགས་པའི་ཡུལ་ཏེ༔ མདོར་ན་འཇིགས་ཤིང་བརྔམ་པ༔ ལུང་གསུམ་འདུས་པའི་མདོའམ༔ སོག་པོ་ཁྲོས་པ་འདྲ་བའི་རིའམ༔ སྲིན་མོ་རལ་པ་བསིགས་འདྲའི་བྲག་སོགས་ཏེ༔ ཤིན་ཏུ་རྩུབ་པའི་ཡུལ༔ ཕྱིན་པ་ཙམ་གྱིས་སྐྱི་བུང་བྱེད་པའི་སར་ཕྱིན་ཏེ་གཉུག་མར་གནས་པ་ལ་གཏོར་མ་སྦྱིན༔ བདེན་པ་བརྗོད༔ ས་བརྟགས་བླང་སོགས་གཞུང་གང་རིགས་ལྟར་བྱས་ཏེ་བརྟག་པར་བྱའོ༔ ས་མ་ཡཱ༔ རྒྱ༔ གཉིས་པ་ནང་གི་དཀྱིལ་འཁོར་གྱི་སྟ་གོན་ནི༔ ད་ལ་ཆེ་ཆུང་གནས་ཁང་གི་རྒྱར་དཔག་པར་བཟོས་ཏེ༔ སྐྱང་ནུལ་སོགས་ལེགས་པར་བྱས་ཤིང་ནག་ལ་འཇམ་པ་རབ་ཏུ་མཁྲེགས་པར་བྱས་པ་ལ༔ དུག་སྣ་ཚོགས་ཀྱི་ཁུ་བ་དང་ཁྲག་སྣ་ཚོགས་ཀྱིས་ཆག་ཆག་གདབ་བོ༔ དེའི་ཁར་ཞིང་གི་རྒྱུ་མས་ཐིག་སྐུད་བྱ་ཞིང་༔ ཧཱུྃ་ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ༔ ཅེས་བརྗོད་ཐིག་ནས་དྲངས་ཤིང་ལྟེ་བའི་ཆོས་འབྱུང་དམར་ནག་ཟླ་གམ་གསུམ་དང་ལྡན་པའི་མུ་ཁྱུད་ཀྱི་མཐར་འཁོར་ལོ་རྩིབས་བརྒྱད་པ་མཐིང་ནག་ཏུ་བཅད༔ སྒོ་གྲུ་རྟ་བབས་ཐོད་ར་མེ་རི་སོགས་སྤྱི་འགྲོས་ལྟར་བྲི་ཞིང་༔ དུར་ཁྲོད་རྡོ་ཚོན་གྱིས་ཁ་དོག་བསྒྱུར༔ ལྷག་ཆད་མེད་པར་བྲི་ཞིང་ཚུལ་དང་མཐུན་པར་བྱའོ༔ ས་མ་ཡཱ༔ རྒྱ༔ གསུམ་པ་གསང་སྒྲུབ་རྫས་ཀྱི་སྟ་གོན་ནི༔ དཀྱིལ་འཁོར་དེའི་དབུས་སུ་བདུད་འདུལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྐུ༔ རབ་རིན་པོ་ཆེ་ལས་གྲུབ་པ༔ འབྲིང་དུར་ཁྲོད་ཀྱི་ས་རྡོ་ལ་བཟོས་པ༔ ཐ་ནའང་མཐིང་ནག་གི་དར་རམ་རས་ལ་ལྷ་བཟོ་མཁས་པས་མངོན་རྟོགས་ལྟར་བཞེངས་པ་ལ༔ རབ་ཏུ་གནས་ཤིང་བསྙེན་བསྒྲུབ་བསྲུང་བཟློག་བསད་པ་སོགས་ཀྱི་སྔགས་རྣམས་སིན་དྷུ་རའི་ཁུ་བས་བྲིས་པ་དར་ཚོན་ལྔའི་ན་བཟའ་དང་བཅས་པ་དབུས་སུ་འགོད༔ སྐུ་གཟུགས་དེའི་མདུན་དུ་སྦ་ལྕགས་ཚིགས་གསུམ་ལ་བུ་མོ་མགོ་གཙང་གི་ལྕང་ལོ་ལ་མགྲོན་བུ་དང་མེ་ལོང་གིས་བརྒྱན་པ༔ དར་སྣ་ལྔའི་ཅོད་པན་དང་བཅས་པ་བཏགས༔ ཟ་འོག་གི་ཁུག་མའི་ནང་དུ་སྨན་སྣ་ལྔ༔ འབྲུ་སྣ་ལྔ༔ རིན་ཆེན་ལྔ༔ དྲི་བཟང་གི་སྤོས་སྣ་ལྔ༔ སྙིང་པོ་ལྔ༔ གཙང་མའི་རཀྟ༔ གནས་ཆེན་ཙ་རི་ཏྲའི་སིནྡྷུ་ར༔ བླ་རྡོའི་ཙཀྲ་རྣམས་གཞུག་པའི་ཁུག་མ་སྦ་ལྕགས་གི་མགུལ་དུ་བཏགས་པ་གཟུགས༔ སྐུ་དེའི་རྒྱབ་ཏུ་ཁ་ཊྭཱྃ་ག་མཚན་ཉིད་དང་ལྡན་པ་ཞིག་ལ༔ ཟངས་ཀྱི་གྲི་གུག༔ ཐོད་པའི་ཌཱ་མ་རུ༔ མི་རྐང་གི་གླིང་བུ༔ མི་མགོའི་ཕྲེང་བ༔ མི་ལྤགས་ཀྱི་གཡབ་མོ༔ ལྕང་ལོ་ཅན་གྱི་བྷནྡྷ་རྣམས་ཀྱིས་བརྒྱན་པ་འགོད༔ སྐུ་དེའི་གཡས་སུ་སྨན་མཆོད༔ གཡོན་དུ་རཀྟ༔ མདུན་དུ་བྷནྡྷའི་སྣོད་དུ་བཤོས་བུ་གཙོ་འཁོར་དགུ་པ་ལ་ཤ་སྣ་སྙིང་སྣ་བསམ་གྱིས་མི་ཁྱབ་པས་བརྒྱན་པ་བཤམས༔ གཞན་ཡང་མཐའ་སྐོར་རྣམས་སུ་དབང་པོའི་མེ་ཏོག༔ ཞུན་ཆེན་གྱི་མར་མེ༔ གསུར་ཆེན་གྱི་བདུག་སྤོས༔ རཀྟའི་ཡོན་ཆབ༔ དྲི་ཆུའི་བྱུག་པ༔ དྲི་ཆེན་གྱི་ཞལ་ཟས༔ རྐང་གླིང་གི་རོལ་མོ༔ བསད་པའི་ཚོགས་ཤཿ མྱོས་པའི་ཚོགས་ཆང་༔ མདོར་ན་དབང་དྲག་ལས་ཀྱི་མཆོད་རྫས་ཅི་འབྱོར་ཚད་དུ་བསག་གོ༔ ས་མ་ཡཱ༔ རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ལ་གསུམ་སྟེ༔ ལྷ་པསྒོམ་པ་དང་༔ སྔགས་བཟླ་བ་དང་༔ ལས་ལ་སྦྱོར་བའོ༔ ས་མ་ཡཱ༔ རྒྱ༔ དང་པོ་ལྷ་སྒོམ་པ་ལ༔ དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ ཆོས་ཐམས་ཅད་རྣམ་པར་དག་པ་སྐྱེ་བ་མེད་པའི་དབྱིངས་སྟོང་པ་ཉིད་དུ་བསྒོམ༔ དེ་ནས་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི༔ སྐྱེ་བ་མེད་པའི་དབྱིངས་ལས༔ འགག་མེད་ཀྱི་རོལ་པ་ཁམས་གསུམ་གྱི་སེམས་ཅན་ལ་ཁྱབ་པའི་སྙིང་རྗེ་ཆེན་པོ་བསྒོམ༔ དེ་ནས་རྒྱུ་ཡི་ཏིང་ངེ་འཛིན་ནི༔ འགག་མེད་ཀྱི་རང་གདངས་གང་འདུལ་གྱི་འགྲོ་བ་སྒྲོལ་བའི་ཕྱིར་དུ༔ རང་གི་སེམས་ཉིད་ཀྱི་ངོ་བོ་གནམ་ལྕགས་ལས་གྲུབ་པའི་གྲི་གུག་གི་ལྟེ་བར་ས་བོན་ཡི་གེ་ཧཱུྃ་མཐིང་ནག་གཟི་བརྗིད་དང་ལྡན་པ་ཞིག་ཏུ་བསྒོམ༔ དེ་ནས་འབྱུང་བ་རིམ་བརྩེགས་སྒོམ་པ་ནི༔ ཐུགས་ཀྱི་ས་བོན་ཡི་གེ་ཧཱུྃ་མཐིང་ནག་ལས༔ འོག་གི་ཕྱོགས་སུ་ཨེ་མཐིང་ནག་ཞིག་ཆད་པས༔ ནམ་མཁའ་མཐའ་དབུས་མེད་པར་ཁྱབ་པར་བསྒོམ༔ ནམ་མཁའ་ཀུན་ཏུ་བཟང་མོའི་མཁའ་ཀློང་གྲུ་གསུམ་པའི་རྣམ་པ་ཤིན་ཏུ་རྒྱ་ཁྱོན་གྱིས་བརྒྱན་པའི་སྟེང་དུ༔ ཧཱུྃ་ལས་ནམ་མཁའི་སྟེང་དུ་ཡཾ་འཕྲོས་པ་ལས༔ རླུང་གི་ད་ལ་ལྗང་ནག་ཡུམ་དམ་ཚིག་སྒྲོལ་མའི་མཁའ་ཀློང་གི་རང་བཞིན་དུ་བསྒོམ༔ ཧཱུྃ་ལས་ར་འཕྲོས་པས་རླུང་གི་སྟེང་དུ་ཁྲག་གི་རྒྱ་མཚོ་དམར་པོ་ཟླུམ་པོ་ཆགས་པ་མེད་པར་ཡུམ་མཱ་མ་ཀིའི་མཁའ་ཀློང་གི་རང་བཞིན་དུ་བསྒོམ༔ ཧཱུྃ་ལས་སུྂ་འཕྲོས་པས་ཁྲག་གི་རྒྱ་མཚོའི་སྟེང་དུ་ཞིང་ཆེན་གྱི་ས་གཞི་སྲ་ལ་རབ་ཏུ་བརྟན་པ་ཡུམ་སངས་རྒྱས་སྤྱན་མའི་མཁའ་ཀློང་གི་རང་བཞིན་དུ་བསྒོམ༔ ཧཱུྃ་ལས་རཾ་འཕྲོས་པས་མེའི་ད་ལ་དམར་ནག་གྲུ་གསུམ་རབ་ཏུ་འཁྱིལ་བ་ཡུམ་གོས་དཀར་མོའི་མཁའ་ཀློང་གི་རང་བཞིན་དུ་བསྒོམ༔ ཧཱུྃ་ལས་ཀེཾ་འཕྲོས་པས་ཀེང་རུས་ཀྱི་རི་རབ་སོགས་ཁ་གྱེན་དུ་བསྟན་པ༔ ཁྲག་གི་རྒྱ་མཚོའི་ནང་དུ་རྩ་བ་ནུབ་པ༔ རྐེད་པ་ལས་ཡེ་ཤེས་ཀྱི་ཉི་ཟླ་འཆར་བར་བསྒོམ་མོ༔ དེ་ནས་གཞལ་ཡས་ཁང་བསྒོམ་པ་ནི༔ ཧཱུྃ་ལས་རི་རབ་གྱི་སྟེང་དུ་བྷྲཱུྃ་འཕྲོས་པས་བྷནྡྷ་འབར་བའི་གཞལ་ཡས་ཁང་༔ ཐོད་རློན་གྱི་རྩིགས་པ་ལ་ཐོད་སྐམ་གྱིས་ཁ་བད་བྱས་པ༔ རྙིད་བ་མང་པོས་དྲ་བ་དྲ་ཕྱེད་བྱས་པ༔ རོའི་ཀ་བ་ལ་ཞིང་ལྤགས་ཀྱིས་ཐོག་ཕུབ་པ་མི་རོ་མང་པོའི་རྒྱལ་མཚན་དང་མི་ལྤགས་ཀྱི་བ་དན་ལ་མི་སྐྲའི་ལན་ཕྲན་མི་མགོ་སྐམ་པོའི་ཏོག་གིས་བརྒྱན་པ་མང་པོ་ཕྱོགས་ཕྱོགས་སུ་བཙུགས་པ༔ གྲུ་བཞི་སྒོ་བཞི་རྟ་བབས་བཞི་བཞི་དང་ལྡན་ཞིང་ཚད་མེད་པའི་བཀོད་པས་ཡོངས་སུ་བརྒྱན་པ༔ ནང་རོལ་དབང་པོ་སྣ་ཚོགས་ཀྱིས་ལྡ་ལྡི་དང་འཕན་གདུགས་དྲ་བ་ར་བར་བྲེས་པ། དེའི་ཕྱི་རོལ་དུ་ཐོད་ཕྲེང་མེ་རིས་བསྐོར་བ༔ དེའི་ཕྱི་རོལ་དུ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བར་བསྒོམ་མོ༔ གཞལ་ཡས་ཁང་དེའི་དབུས་སུ་ཆོས་འབྱུང་དམར་ནག་ཟླ་གམ་གསུམ་ལྡན་མུ་ཁྱུད་ཀྱིས་མཚན་པའི་མཐར་འཁོར་ལོ་རྩིབས་བརྒྱད་པའི་མཐར་ཐོད་རས་བསྐོར་བར་བསྒོམ༔ དེ་ནས་གདན་བསྐྱེད་པ་ནི༔ ཧཱུྃ་ལས་འོད་འཕྲོས་པས་ཆོས་འབྱུང་གི་དབུས་སུ་དྲེགས་པ་ཕོ་མོའི་སྟེང་དུ་ཉི་ཟླ་པད་གདན་བསམ༔ རྩིབས་བརྒྱད་ལ་རོ་གདན་བརྒྱད༔ སྒོ་བཞི་ལ་རོ་གདན་བཞི་བསྒོམ་མོ༔ དེ་ནས་ལྷ་བསྐྱེད་པ་ནི༔ གཞལ་ཡས་ཁང་གི་དབུས་ཆོས་འབྱུང་འབར་བའི་ཀློང་རུམ་དུ་གདན་གྱི་ཁར་རང་གི་སེམས་ཉིད་ཀྱི་ངོ་བོ་ཡི་གེ་ཧཱུྃ་མཐིང་ནག་གཟི་བརྗིད་དང་ལྡན་པ་དེ་ཁྲ་ཐབས་སུ་བབས་པ་ལས་འོད་ཟེར་འཕྲོས༔ འཕགས་པ་མཆོད༔ སེམས་ཅན་ཐམས་ཅད་ཀྱི་དོན་བྱས༔ དུས་གསུམ་གྱི་སངས་རྒྱས་ཁྲོ་བོ་ཁྲོ་མོ་མ་མོ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་རྗེ་དང་གཟི་བརྗིད་ནུས་སྟོབས་ཡོན་ཏན་ཐམས་ཅད་ཚུར་བསྡུས༔ ཡི་གེ་ཧཱུྃ་ལ་ཐིམ་པ་ལས་གཟི་བརྗིད་ཆེས་ཆེར་འབར་ཞིང་དེ་ལས་འོད་འཕྲོས་ཚུར་འདུས་པས་བདུད་བདུལ་མཁའ་འགྲོ་སེང་གེའི་གདོང་པ་ཅན་ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་ནག་ཏུ་འབར་བ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ༔ མཆེ་བ་རབ་ཏུ་གཙིགས་པ༔ རལ་བ་ཁམས་ནག་སྤྲིན་ལྟར་དུ་གཏིབས་པ༔ སྤྱན་གསུམ་སྡང་མིག་ཏུ་བལྟ་བ༔ སྨ་ར་དང་སྨིན་མ་ལས་མེ་སྟག་ཏུ་འཕྲོ་བ༔ ཕྱག་གཡས་འཁོར་ལོས་མཚན་པའི་གྲི་གུག་ནམ་མཁའ་ལ་འཕྱར་བ༔ གཡོན་ལྕང་ལོས་མཚན་པའི་ཐོད་ཁྲག་ཐུགས་ཀར་བསྣམས་པ༔ ཞབས་གཡས་བསྐུམ་པའི་རྟིང་པ་བྷ་ག་ལ་གཏད་ཅིང་གཡོན་བརྐྱང་བ༔ གྲུ་མོ་གཡོན་དུ་ཡབ་ཧེ་རུ་ཀཿསྦས་པའི་ངོ་བོ་རྡོ་རྗེ་ཁ་ཊྭཱཾ་ག་ལ་བདེ་བར་འཁྱུད་པ༔ བཅུ་དྲུག་ལང་ཚོ་རབ་ཏུ་རྒྱས་པའི་ཉམས་བག་ཅན༔ ནུ་མ་འབུར་ཞིང་བྷ་ག་རབ་ཏུ་རྒྱས་པ༔ ཁྲོ་ལ་གཏུམ་པ༔ དཔའ་ལ་སྒེག་པའི་ཉམས་དང་ལྡན་པ་ལ་དུར་ཁྲོད་ཀྱི་རུས་རྒྱན༔ མི་ལྤགས་ཀྱི་གཡང་གཞི༔ གླང་ཆེན་གྱི་ཀོ་རློན༔ གཟིག་ལྤགས་ཀྱི་ཤམ་ཐབས༔ སྦྲུལ་རིགས་ལྔའི་ཆུན་པོ༔ ཁྲག་གི་ཐིག་ལེ༔ ཞག་གི་སོ་རིས༔ ཐལ་ཆེན་གྱི་ཚོམ་བུ༔ མི་མགོའི་ཕྲེང་བ༔ དར་སྣ་ཚོགས་ཀྱི་ཅོད་པན་འཕུར་ཞིང་མེ་རི་དམར་ནག་འབར་བའི་ཀློང་དཀྱིལ་དུ་བཞུགས་པར་བསྒོམ་མོ༔ རིགས་བདག་བསྐྱེད་པ་ནི༔ དེའི་སྤྱི་གཙུག་ཏུ་རྡོ་རྗེ་དྲག་པོ་རྩལ་མཐིང་ནག་རབ་ཏུ་ཁྲོས་པ༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་སྡིག་མཛུབ་ཅན༔ ཡུམ་རྡོ་རྗེ་ཕག་མོ་དམར་མོ་དང་འཁྲིལ་བ༔ དུར་ཁྲོད་ཀྱི་ཆས་དང་ལྡན་ཞིང་རྟ་ཕག་གི་ངུར་སྒྲ་སྒྲོགས་པ༔ མེ་རི་འབར་བའི་ཀློང་དུ་དོར་སྟབས་ཀྱི་ཞབས་གཉིས་པད་ཉི་དང་རོ་གདན་ལ་བཞུགས་པར་བསྒོམ་མོ༔ དེ་ནས་འཁོར་བསྐྱེད་པ་ནི༔ གཙོ་མོའི་ཐུགས་ཀའི་ཕྱག་མཚན་དང་ས་བོན་བཅས་པ་ལས་འོད་ཟེར་འཕྲོས་པའི་ཆ་ལས༔ ཆོས་འབྱུང་དམར་ནག་ཟླ་གམ་གསུམ་ལྡན་གྱི་ཕྱི་རོལ་འཁོར་ལོ་རྩིབས་བརྒྱད་པའི་སྟེང་དུ༔ ཧ་རི་ནི་སའི་ཡིག་འབྲུ་རྣམས་འཕྲོས༔ གནས་གྱུར་པ་ལས་ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར་མོ་གཡས་པས་གནམ་ལྕགས་ཀྱི་འཁོར་ལོ་ནམ་མཁར་འཕྱར་བ༔ ལྷོར་རིན་ཆེན་མཁའ་འགྲོ་སེར་མོ་གཡས་གནམ་ལྕགས་འབར་བའི་ཁ་ཊྭཱྃ་ག་བསྣམས་པ༔ ནུབ་ཏུ་པདྨ་མཁའ་འགྲོ་དམར་མོ་གཡས་བསྐལ་པའི་མེ་དཔུང་བསྣམས་པ༔ བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་མོ་གཡས་གནམ་ལྕགས་ཀྱི་རལ་གྲི་བསྣམས་པ༔ གཡོན་ཐམས་ཅད་ཐོད་པ་ཁྲག་གིས་བཀང་བ་ཐུགས་ཀར་བསྣམས་པ༔ ཀུན་ཀྱང་གར་སྟབས་འགྱིང་བག་དང་ལྡན་ཞིང་༔ རལ་པའི་ཐོར་ཅོག་ལ་ཐོད་སྐམ་དང་རིན་པོ་ཆེའི་རྩེ་བྲན་གྱིས་བརྒྱན་ཞིང་དུར་ཁྲོད་ཀྱི་ཆས་ཐམས་ཅད་རྫོགས་པ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ་མཆེ་བ་རབ་ཏུ་གཙིགས་ཤིང་སྨ་ར་དང་སྨིན་མ་གློག་ལྟར་འཁྱུག་པ༔ སྤྱན་གསུམ་སྡང་མིག་ཏུ་བགྲད་དེ་ཁམས་གསུམ་དབང་དུ་བསྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ་དྲག་ཏུ་ཁྲོས་པའི་སྐུ་རུ་བསྒོམ་མོ༔ མཚམས་ཀྱི་རྩིབས་བཞིའི་སྟེང་དུ་རིམ་བཞིན་ས་བོན་ཡི་གེ་མ་བཞི་ཧཱུྃ་ལས་འཕྲོས་པ་ལས༔ ཤར་ལྷོར་དམ་ཚིག་མཁའ་འགྲོ་དཀར་ནག་ཕྱེད་མ་ཕྱག་གཉིས་ན་ཉི་ཟླ་ཆ་ལང་རྡེབ་པ༔ ལྷོ་ནུབ་ཏུ་སྣ་ཚོགས་མཁའ་འགྲོ་སེར་ནག་ཕྱག་གཉིས་ན་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་རྡེབ་པ༔ ནུབ་བྱང་ཤ་ཟ་མཁའ་འགྲོ་དམར་ནག་ཕྱག་གཉིས་ན་ཟངས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་རྡེབ་པ༔ བྱང་ཤར་དུ་འཇིག་རྟེན་མཁའ་འགྲོ་ལྗང་ནག་ཕྱག་གཉིས་ན་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་ཆ་ལང་དུ་རྡེབ་པ༔ ཀུན་ཀྱང་ཕྱེད་གཟུགས་ཅན་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ༔ ཞབས་གཉིས་གར་སྟབས་སུ་བཞུགས་པ༔ རྒྱན་དང་ཆ་ལུགས་རིགས་བཞིའི་མཁའ་འགྲོ་ལྟར་ལ་རབ་ཏུ་ཁྲོས་པར་བསྒོམ་མོ༔ སྒོ་མ་བསྐྱེད་པ་ནི༔ ཛཿཧཱུྃ་བཾ་ཧོཿབཞིའི་ཡིག་འབྲུའི་འཕྲོ་འདུ་ལས༔ ཤར་སྒོ་ཁ་གདོང་མ་དཀར་མོ་གཡས་ཤེལ་གྱི་ཅང་ཏེའུ་དང་གཡོན་ཤེལ་གྱི་ལྕགས་ཀྱུ་བསྣམས་པ༔ ལྷོ་སྒོར་ཕག་གདོང་མ་སེར་མོ་གཡས་གསེར་གྱི་ཅང་ཏེའུ་དང་གཡོན་གསེར་གྱི་ཞགས་པ་བསྣམས་པ༔ ནུབ་སྒོར་ཁྱི་གདོང་མ་དམར་མོ་གཡས་ཟངས་ཀྱི་ཅང་ཏེའུ་དང་གཡོན་ཟངས་ཀྱི་ལྕགས་སྒྲོག་བསྣམས་པ༔ བྱང་སྒོ་འུག་གདོང་མ་ལྗང་མོ་གཡས་གཡུའི་ཅང་ཏེའུ་དང་གཡོན་དངུལ་གྱི་དྲིལ་བུ་བསྣམས་པ༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་དོར་སྟབས་སུ་འགྱིང་པ་གནས་ལྔར་རུས་པའི་རྒྱན་གྱིས་བརྒྱན་ཞིང་ཁ་ཊྭཱྃ་ག་མཆན་དུ་བཅུག་པ༔ གཅེར་བུ་ནུ་མ་དང་བྷ་ག་རྒྱས་ཤིང་རལ་པ་བསིགས་པར་བསྒོམ་མོ༔ དེ་ཡན་དམ་ཚིག་གི་ལྷ་བསྐྱེད་པའོ༔ དེ་ནས་སྤྱན་འདྲེན་པ་ནི༔ བདུད་འདུལ་དཔལ་གྱི་མཁའ་འགྲོའི་ལྷ་ཚོགས་ཐམས་ཅད་ཀྱི་གནས་གསུམ་ལ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས༔ འོད་ཟེར་འཕྲོས་པས་འོག་མིན་དང་མཁའ་སྤྱོད་དུར་ཁྲོད་གནས་ཡུལ༔ ཁྱད་པར་ཨོ་རྒྱན་མཁའ་འགྲོའི་གླིང་ནས་བདུད་འདུལ་དཔལ་གྱི་མཁའ་འགྲོའི་ལྷ་ཚོགས་ཐམས་ཅད་སྤྲིན་འཁྲིགས་པ་ལྟར་རམ་ཁ་ཆར་བུ་ཡུག་འཚུབ་པ་ལྟར་བྱོན་པར་བསམ་མོ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ དམ་ཚིག་གི་ལྷ་ཚོགས་དང་ཡེ་ཤེས་ཀྱི་ལྷ་ཚོགས་གཉིས་ཆུ་དང་འོ་མ་འདྲེས་པ་ལྟར་གཉིས་སུ་མེད་པར་ཐིམ་པ་ལས༔ མཆོག་ཐུན་གྱི་དངོས་གྲུབ་མ་ཐོབ་བར་བརྟན་པར་བཞུགས་སུ་གསོལ་བར་བསམ་མོ༔ དེ་ནས་ཕྱག་འཚལ་བས་གཞལ་ཡས་ཁང་གི་སྒོ་བཞི་ནས་མཁའ་འགྲོ་མ་བཞིས་གར་དང་ཕྱག་རྒྱས་ཕྱག་འཚལ་ཏེ་ཡེ་ཤེས་དང་དམ་ཚིག་པ་འདུ་འབྲལ་མེད་པར་ཕྱག་འཚལ་ལོ༔ དེ་ནས་མཆོད་པ་འབུལ་ཏེ༔ གཟུགས་ཀྱི་ལྷ་མོས་མེ་ལོང་༔ སྒྲ་ཡི་ལྷ་མོས་པི་ཝང་༔ དྲི་ཡི་ལྷ་མོས་སྤོས་ཁང་༔ རོ་ཡི་ལྷ་མོས་ཞལ་ཟས༔ རེག་བྱའི་ལྷ་མོས་ན་བཟའ་སྟེ་ཕྱིའི་འདོད་ཡོན་ལྔ་དང་༔ གཟུགས་དང་༔ ཚོར་བ་དང་༔ འདུ་ཤེས་དང་༔ འདུ་བྱེད་དང་༔ རྣམ་པར་ཤེས་པ་ལ་སོགས་ཏེ་ཕུང་པོ་ལྔ་དང་༔ སེམས་དང་ནམ་མཁའ༔ ཤ་དང་རུས་པ༔ དྲོད་དང་མེ༔ ཁྲག་དང་ཆུ་སེར༔ དབུགས་དང་རླུང་སྟེ་འབྱུང་བ་ལྔ་དང་༔ བྱང་སེམས་དྲི་ཆེན་ཤ་ཆེན་རཀྟ་དྲི་ཆུ་སྟེ་བདུད་རྩི་ལྔ་དང་༔ མི་ཤ་རྟ་ཤ་གླང་ཆེན་ཤ་ཁྱི་ཤ་བ་ལང་གི་ཤ་སྟེ་ཤ་ལྔ་དང་༔ གཏི་མུག་གི་རང་བཞིན་ཤ་ཆེན༔ ཞེ་སྡང་གི་རང་བཞིན་རུས་པ༔ འདོད་ཆགས་ཀྱི་རང་བཞིན་ཁྲག༔ ང་རྒྱལ་གྱི་རང་བཞིན་ཀླད་པ༔ ཕྲག་དོག་གི་རང་བཞིན་མཁྲིས་པ་སྟེ་དུག་ལྔ་དབྱིངས་སུ་བསྒྲལ་བའི་མཆོད་པ་དང་༔ གཟུགས་སྣང་སྐུ༔ སྒྲ་གྲག་གསུང་༔ དྲན་རྟོག་ཐུགས་ཏེ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྒོ་གསུམ་གྱི་རང་མདངས་ལས་རང་ཤར་གྱི་ངང་ནས་རང་གྲོལ་དུ་བདུད་འདུལ་མཁའ་འགྲོའི་ལྷ་ཚོགས་ལ་མཆོད་དོ༔ དེ་ནས་བསྟོད་པ་བྱས་པས༔ ཡེ་ཤེས་མཁའ་འགྲོ་བདུད་འདུལ་མའི་ལྷ་ཚོགས་ཐམས་ཅད་རབ་ཏུ་དགྱེས་ཤིང་རང་དང་གཉིས་སུ་མེད་པར་བསམ་མོ༔ ས་མ་ཡཱ༔ རྒྱཿ གཉིས་པ་སྔགས་བཟླ་བ་ནི༔ བདག་དང་མདུན་བསྐྱེད་གཉིས་སུ་མེད་པར་སྐད་ཅིག་གི་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ༔ དམ་ཚིག་ལས་ཀྱི་དྷཀྐི་བདུད་འདུལ་སེང་གེའི་གདོང་ཅན་གྱི་ལྷ་ཚོགས་སུ་ལྷམ་མེ་ལྷན་ནེ༔ མེ་ལོང་གི་གཟུགས་བརྙན་དང་ཆུའི་ཟླ་བ་ལྟར་སྟོང་ལ་གསལ་བ༔ གསལ་ལ་སྟོང་པ༔ སྟོང་གསལ་གཉིས་སུ་མེད་པ༔ མཚན་མར་འཛིན་པའི་དྲི་མ་ངོ་བོ་ཉིད་དུ་ཡེ་དག་ཏུ་གསལ་བའི་ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་གཙུག་ཏུ་འཁོར་ལོ་རྩིབས་བཞིའི་སྟེང་དུ་ཨཱོཾཿ མགྲིན་པར་པདྨ་འདབ་བཞིའི་སྟེང་དུ་ཨཱཿདམར་པོ༔ སྙིང་གར་རྡོ་རྗེ་རྒྱ་གྲམ༔ དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར༔ དེའི་སྟེང་དུ་གཙོ་མོ་ལ་འཁོར་ལོས་མཚན་པའི་གྲི་གུག༔ འཁོར་བཞི་ལ་རང་རྟགས་ཀྱིས་མཚན་པའི་གྲི་གུག་གི་ལྟེ་བར་གཙོ་མོ་ལ་ཧཱུྃ༔ འཁོར་བཞི་ལ་ཧ་རི་ནི་ས་བཞིས་མཚན་པར་བསམ་མོ༔ རིགས་བདག་བླ་མ་དབང་གི་ཐུགས་ཀར་ཧཱུྃ༔ ཡུམ་མཆོག་རྡོ་རྗེ་ཕག་མོ་དང་ཤུགས་འགྲོ་བཞིའི་ཐུགས་ཀར་མ༔ སྙིང་པོ་དེ་རྣམས་ཀྱི་མཐར་ཉི་དཀྱིལ་གྱི་སྟེང་དུ་གཡས་བསྐོར་དུ༔ ཧཱུྃ་བཛྲ་དྷཀྐི་ནི་སིདྷ་མུ་ཥ་ཧ་རི་ནི་ས་སརྦ་ས་མ་ཡ་ཙིཏྟ་ཧྲིང་ཛཿསིདྡྷི་ཧཱུྃ༔ ཅེས་བཟླས་པས་འོད་ཟེར་དམར་པོ་རེག་བྱ་ཚ་བའི་ཕྲེང་ཐག་གཅིག་ལ་བརྟེན་ཏེ་སྔགས་ཕྲེང་རྣམས་གཡས་སུ་འཁོར༔ ཕྲེང་ཐག་གཡོན་དུ་འཁོར་བས༔ རིགས་བདག་རྟ་ཕག་ཡབ་ཡུམ་གྱིས་འབུམ་ཕྲག་མཁའ་འགྲོ་ཐམས་ཅད་དབང་དུ་བསྡུས༔ ཡེ་ཤེས་བདུད་འདུལ་ནག་མོས་མཁའ་འགྲོ་ལས་ལ་བཀོལ༔ དྷཀྐིའི་སྲོག་ཡིག་རྣམས་ཀྱིས་སྲོག་རྒྱུད་བསྐུལ་ཏེ༔ བྱ་ནག་ཁྱུ་འགྲོག་པའམ་གཅན་སྤྱང་ཤ་ལ་རུབ་པ་ལྟར་བདག་གི་དབང་དུ་འདུས་ནས༔ ཅི་བཅོལ་བའི་ལས་བྱེད་ཅིང་དངོས་གྲུབ་དགོས་དགུ་སྟེར་བར་བསམ་མོ༔ གསང་བའི་སྙིང་པོ་ཡིག་འབྲུ་ཉེར་ལྔ་པ་འདི༔ མི་ཚིག་གིས་བར་མཆོད་པར་འབུམ་ཚོ་གསུམ་བཟླ་བར་བྱའོ༔ ཐུན་སྐབས་རྣམས་སུ་གཏོར་མས་མཆོད༔ བསྟོད་པས་བསྟོད་པར་བྱའོ༔ ས་མ་ཡཱ༔ རྒྱ༔ གསུམ་པ་ལས་ལ་སྦྱར་བ་ནི་གཞན་དུ་གསལ་ལོ༔ ས་མ་ཡཱ༔ རྒྱ༔ དོན་གསུམ་རྗེས་ཀྱི་རིམ་པ་ལ་གསུམ་སྟེ༔ སྒྲུབ་པའི་རྟགས་བསྟན་པ༔ དམ་ཚིག་བསྟན་པ༔ དགོས་ཆེད་བསྟན་པའོ༔ ས་མ་ཡཱ༔ རྒྱ༔ དང་པོ་རྟགས་ཀྱི་རིམ་པ་ནི༔ དད་བརྩོན་ལྡན་པའི་རྣལ་འབྱོར་པས་ཚུལ་བཞིན་ཉམས་སུ་བླངས་ཚེ༔ ཕྱི་རྟགས་ཀྱི་རིམ་པ་ཉམས་དྭངས་པ༔ རིག་པ་བརྟན་པ༔ བསྐྱེད་རིམ་གསལ་བ༔ ཐོག་འཚེག་པ༔ སྒོ་བརྡུང་བ༔ སྡེག་ཆོམ་སྣ་ཚོགས་དང་༔ སྒྲུབ་རྫས་ལ་འོད་འཁྱུག་པ༔ མེ་འབར་བ་དུད་པ་འཐུལ་བ༔ དབྱར་མི་རུལ་པ༔ དགུན་མི་འཁྱགས་པ་སོགས་འབྱུང་ངོ་༔ ནང་རྟགས་ཀྱི་རིམ་པ་རྨི་ལམ་དུ་ཉི་ཟླ་ཤར་བ༔ ཆུ་བོར་བརྒལ་པ༔ བྲག་གཤགས་པ༔ ལིངས་བཏབ་པ༔ དམག་དྲངས་པ༔ མཚོན་དང་གོ་གྱོན་པ༔ ལུས་ལས་མེ་འབར་བ༔ གཡུལ་ལས་རྒྱལ་བ༔ བན་བོན་དང་ཁྱི་སྤྱང་བརྡུང་བ༔ ལྡེར་བཟོ་བཅོམ་པ༔ ཤོ་དང་རྒྱན་རྒྱལ་བ་སོགས་ཀྱི་རྨི་ལམ་འབྱུང་ངོ་༔ གསང་བའི་རྟགས་ནི་རབ་དངོས་འབྲིང་ཉམས་ཐ་ནའང་རྨི་ལམ་དུ་ཞལ་མཇལ་བ༔ ལུང་སྟོན་པ༔ བུད་མེད་བཟང་མོས་ཁ་ཟས་དང་༔ ཁྱད་པར་ཆང་འདྲེན་པ༔ ཚོགས་ཀྱི་འཁོར་ལོ་བསྐོར་བ༔ བྱིན་པ༔ ཐོད་རྔ་རྐང་གླིང་གྲི་གུག་ཁ་ཊྭཱྃ་ག་བྷན་དྷ་མཚན་བཟང་རྡོ་རྗེ་སོགས་བྱིན་པའམ་རྙེད་པ༔ ཁྱད་པར་རིག་པ་གར་གཏད་ལ་ཆགས་ཤིང་བསྐྱེད་རྫོགས་ལ་བརྩོན་སྙིང་འདོད་པ་སོགས་འབྱུང་ངོ་༔ ཡང་ཉམས་ང་བ་བག་ཚ་བ༔ སྒྱིད་ལུག་པ༔ སྒྲུབ་ལ་བརྩོན་སྙིང་མི་འདོད་ཅིང་མཛེ་སྤྲང་མང་པོ་དང་ཡུགས་སའི་རིགས་ཀྱི་བུད་མེད་ངུད་མོ་ལྡིར་བ༔ མཚན་མ་སྟོན་པ༔ མུན་ནག་ཏུ་ཕྱིན་པ༔ སྒྲུབ་རྫས་བཀྲག་མདངས་ཞན་པ་སོགས་བྱུང་ན༔ བསྐང་བཤགས་དང་ཚོགས་འཁོར་བྱ༔ གུ་གུལ་བདུག༔ ཐུན་གྱིས་བྲབ༔ བསྐྱེད་རྫོགས་ལ་གསལ་ཡང་ཡང་དུ་གདབ༔ བཟླས་པར་བུང་བས་ཚང་འཚོལ་བ་ལྟར་འབད་པར་བྱའོ༔ བསྙེན་གྲངས་མ་རྫོགས་པ་ལ་གྲུབ་རྟགས་ཐོན་ན་གང་ཟག་སྒྲིབ་བ་བསྲབས་པའི་རིགས་སོ༔ བསྙེན་གྲངས་སོང་ཡང་རྟགས་མེད་འགྱངས་ན་སྒྲིབ་པ་མཐུག་པའི་རིགས་སོ༔ སླར་སྤོག་པའམ་ནན་ཏན་དུ་འབད་དོ༔ དེ་ལྟར་སྒྲུབ་པའི་རྟགས་རྣམས་རྫོགས་པ་དང་༔ ཐུགས་དམ་བསྐུལ༔ དབང་བཞིན་ལེན༔ དངོས་གྲུབ་ཞུའོ༔ ས་མ་ཡཱ༔ རྒྱ༔ གཉིས་པ་དམ་ཚིག་བསྟན་པ་ནི༔ མཁའ་འགྲོའི་སྐུའི་དམ་ཚིག་ཏུ་སྐུ་གཟུགས་འཆང་བ་དང་བསྐྱེད་རིམ་བསྒོམ་པ༔ གསུང་གི་དམ་ཚིག་ཏུ་སྙིང་པོ་བགྲང་བ་དང་སྒྲུབ་ཡིག་འཆང་བ༔ ཐུགས་ཀྱི་དམ་ཚིག་ཏུ་རྫོགས་རིམ་བསྒོམ་པ་དང་བླ་རྡོ་བཅང་བ༔ ཡོན་ཏན་གྱི་དམ་ཚིག་ཏུ་སྒྲུབ་རྫས་འཛོམ་པ་དང་བུད་མེད་ལ་མི་དམོད་པ༔ འཕྲིན་ལས་ཀྱི་དམ་ཚིག་ཏུ་སྦྱོར་སྒྲོལ་གསང་སྤྱོད་དང་ལྟ་སྒོམ་གསང་བའོ༔ ས་མ་ཡཱ༔ རྒྱ༔ གསུམ་པ་དགོས་ཆེད་བསྟན་པ་ནི༔ མ་འོངས་པ་ན་བོད་ཀྱི་རྒྱལ་ཁམས་འདིར༔ དགེ་བཅུའི་ཁྲིམས་ནུབ་ཅིང་མི་དགེ་བཅུ་ལ་སྤྱོད་དེ༔ མནའ་ཆད་དཔང་གསུམ་ཁྲེལ་དང་ངོ་ཚ་བཏང་ནས་མཚམས་མེད་ལས་ལ་ཆེས་ཆེར་སྤྱོད་པའི་དུས་ངན་ཞིག་འོང་ངོ་༔ དེའི་ཚེ་སྔགས་པས་མཐུ་བྱེད་ཅིང་སྐྱེ་བོས་བཟློག་པ་སློབ༔ དམག་གི་ལས་བྱེད་རྒྱབ་གནོན་མཐུ་གཏད་ལ་བརྩོན་ཞིང་༔ ཤཱཀྱའི་བསྟན་པ་འདི་ཡང་རྟགས་ཀྱིས་འཛིན༔ བདུད་དང་འགོང་པོ་ཁ་རྒྱས་པས་སློབ་དཔོན་དང་སློབ་མར་གྱུར་ཚད་དམ་སེལ་དུ་གཡོ༔ བོད་རུ་བཞིའི་གཙུག་ལག་ཁང་རྣམས་བཤིགས་ཏེ་རྫོང་ལ་འགེབས༔ ཚོང་དུས་དང་སྡེ་དགོན་བཙུན་པས་འགང་ཞིང་དད་ཟས་ཁྲལ་དུ་རྒྱུག༔ མཁན་ཆེན་བརྒྱ་རྩས་ཡུལ་སྡེ་ཁྲིམས་ཀྱིས་མནར་ཞིང་གཡོ་རྒྱུ་སུ་མཁས་ཆེ༔ དེ་དུས་བུད་མེད་མོ་ལུས་ཐོབ་ཚད་གསོན་འདྲེར་ལྡང་༔ སྐྱེས་པ་ཤི་ཚད་ཟ་འདྲེར་སྐྱེ༔ བུད་མེད་ཤི་ཚད་བསེན་མོར་སྐྱེ༔ བན་བཙུན་ཤི་ཚད་དཀོར་བདག་ཏུ་སྐྱེ༔ སྟོན་ཆེན་མཁན་ཆེན་ཕལ་ཆེར་དམ་སྲི་དང་རྒྱལ་འགོང་དུ་འགྱུར་ནས༔ ཆོས་བཞིན་སྤྱོད་པའི་སྐལ་ལྡན་ཕོ་མོ་ལ་བར་ཆད་སྣ་ཚོགས་སུ་བརྩོམ་ཞིང་ཚེ་སྲོག་འཕྲོག་པར་བྱེད་དོ༔ མི་དགེ་བ་ལ་སྤྱོད་པ་རྣམས་ཀྱི་ཁ་འཛིན་བྱེད་ཅིང་ཐ་མར་དབུགས་འགམ་བྲན་དུ་བསྐོར་རོ༔ དེའི་ཚེ་ཆོས་བཞིན་སྤྱོད་པའི་སྐལ་ལྡན་འགའི་དོན་དུ༔ བྱ་སླ་ཚེགས་ཆུང་བྱིན་རླབས་མྱུར་བའི་གདམས་པ་མང་པོ༔ ཤར་ལྷོ་ནུབ་བྱང་གི་གནས་འགའ་ལ་སྦས་པ་ཟབ་རྒྱ་འཁྲོལ་ཞིང་༔ སྐལ་ལྡན་འགའ་རེས་དངོས་གྲུབ་སྣ་རེ་འཐོབ་པར་བྱེད་ཅིང་༔ ཁྱད་པར་གསང་བ་བླ་མེད་ཀྱི་གདམས་པ་ཟབ་མོ་འདི་ནི༔ སྙིགས་མ་རྩོད་ལྡན་གྱི་དུས་ངན་དེ་ལྟ་བུ་ཤར་བའི་ཚེ༔ ཆོས་བཞིན་སྤྱོད་པའི་སྐལ་ལྡན་འགའི་རྐྱེན་སེལ་དངོས་གྲུབ་འཐོབ་ཕྱིར་ད་ལྟ་མཚོ་རྒྱལ་ཁྱོད་ལ་གདམས་ཤིང་༔ མ་འོངས་ཀྱི་དོན་དུ་སེང་གདོང་མཁའ་འགྲོའི་སྐུའི་གནས་མཆོག༔ ཏེ་སེ་གངས་ཀྱི་ཕོ་བྲང་དུ་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ ས་མ་ཡཱ༔ རྒྱ༔ ཨེ་མ་གསང་བའི་སྙིང་པོ་ཟབ་པའི་མཐར་ཐུག་འདི༔ པདྨ་བདག་གི་སྙིང་གི་བརྣག་པ་སྟེ༔ བོད་འདིར་ཟབ་གཏེར་ཇི་སྙེད་སྦས་ནའང་༔ གཏེར་ཁ་འདི་མིན་གཏེར་ཁ་གཞན་དག་ཏུ༔ བདུད་འདུལ་མཁའ་འགྲོའི་བསྙེན་སྒྲུབ་བསྟན་པ་མེད༔ ཅི་ཕྱིར་འདི་ནི་ཤིན་ཏུ་ཟབ་པའི་ཆོས༔ བདག་སྔོན་རྒྱ་གར་འཕགས་པའི་ཡུལ་གནས་ཚེ༔ མུ་སྟེགས་སྟོན་པ་ལང་ཀའི་བདག་པོ་ཡིས༔ སངས་རྒྱས་བསྟན་པ་འཇིག་ལ་ཉེ་བའི་དུས༔ ཐུབ་པའི་བཞུགས་གནས་རྡོ་རྗེ་གདན་གྱི་ལྷོ༔ ཕ་བོང་རུས་སྦལ་འདྲ་བའི་གསང་མཛོད་ནས༔ མཁའ་འགྲོས་ལུང་བསྟན་བདག་ཉིད་པདྨས་ཕྱུངས༔ མུ་སྟེགས་སྟོན་པ་ལྔ་བརྒྱའི་རྩོད་པ་ཟློག༔ ངན་སྔགས་བདག་པོ་མུ་སྟེགས་ཐོག་གིས་བསྒྲལ༔ སངས་རྒྱས་བསྟན་པའི་བ་དན་ཕྱོགས་བཅུར་བསྒྲེངས༔ དེ་ཕྱིར་ཟབ་པའི་མཐར་ཐུག་གདམས་པ་འདི༔ སྨོན་ལམ་སྟོབས་ཀྱིས་ང་སྤྲུལ་བུས་རྙེད་ཅིང་༔ སངས་རྒྱས་བསྟན་པའི་བཙས་སུ་འདི་གྱུར་ཅིག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་གངས་ཏེ་སེ་ནས་གདན་དྲངས་པའོ། མངྒ་ལཾ། །


previousམཁའ་སྤྱོད་བདུད་འདུལ་མའི་སྒྲུབ་ཐབས།next