Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  collapse section
   
   
བདུད་འདུལ་མཁའ་འགྲོའི་ལས་བྱང་གི་རིམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousབདུད་འདུལ་མཁའ་འགྲོའི་ལས་བྱང་གི་རིམ་པ།next

བདུད་འདུལ་མཁའ་འགྲོའི་ལས་བྱང་གི་རིམ་པ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ བདུད་འདུལ་མཁའ་འགྲོའི་ལས་བྱང་གི་རིམ་པ་བཞུགས་སོ༔ དཔལ་ཆེན་མཁའ་འགྲོའི་དབང་ཕྱུག་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ སྔགས་པ་པདྨ་དྲག་རྩལ་གྱི༔ མ་འོངས་འགྲོ་ལ་ཕན་པའི་ཕྱིར༔ བདུད་འདུལ་ནག་མོ་སེང་གདོང་མའི༔ ལས་བྱང་ཆོ་ག་ཁྲིགས་སུ་འདེབས༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་ས་བཅད་རྣམ་པ་གསུམ༔ སྔོན་དུ་འགྲོ་དང་དངོས་གཞི་དང་༔ རྗེས་ཀྱི་རིམ་པ་རྣམ་གསུམ་གྱི༔ རིམ་པ་ཕྱེ་སྟེ་གསལ་བར་བྱ༔ རྡ་ཡིག་ཡོད༔ དང་པོ་སྔོན་འགྲོའི་ལས་རིམ་དགུ༔ གནས་ཁང་ཡོ་བྱད་སྟ་གོན་དང་༔ སྐྱབས་སེམས་བཀའ་བསྒོ་བགེགས་མཚམས་གཅོད༔ མཆོད་པ་བྱིན་རླབས་ཏིང་འཛིན་གསུམ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་གནས་ཁང་སྟ་གོན་ནི༔ གཞུང་ལྟར་རམ་ནི་ཡིད་མཐུན་ནོ༔ གཉིས་པ་ཡོ་བྱད་སྟ་གོན་ནི༔ སྒྲུབ་པ་ལས་སྦྱོར་དབང་ལ་སོགས༔ གང་འདོན་གཙོར་འདོད་ཁྱད་པར་དུ༔ བྷནྡྷར་དཔལ་བཤོས་ཤ་ཁྲག་བརྒྱན༔ སྨན་རག་ཚོགས་འཁོར་ཅི་འབྱོར་བཤམས༔ བཞི་པ་བཀའ་བསྒོ་བ་ནི༔ ཧཱུྃ༔ བདག་ཉིད་དག་པའི་གནས་མཆོག་འདིར༔ དུར་ཁྲོད་མཁའ་འགྲོ་ཡེ་ཤེས་གཙོ༔ ཆོས་ཀྱི་དབྱིངས་ནས་སྐུ་སྤྱོད་ལ༔ གསང་བ་སྒྲུབ་ལ་མི་དབང་བགེགས༔ ལོག་པར་ལྟ་བ་རྡུལ་དུ་རློག༔ ཧཱུྃ་བཛྲ་ཌཱཀྐཱི་ནི་སིངྷ་མུ་ཥ་ཧ་རི་ནི་ས་ཧཱུྃ་ཕཊ༔ ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུྃ༔ སོགས་བརྗོད༔ ལྔ་པ་མཚམས་གཅོད་པ་ནི༔ ཧཱུྃ༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ གནམ་ལྕགས་འཁོར་ལོ་རྡོ་རྗེ་དང་༔ གྲི་གུག་ཕུར་པ་དགྲ་སྟྭ་འབར༔ ཁ་ཊྭཱྃ་རལ་གྲི་མེ་རླུང་འཁྲུགས༔ རིམ་པ་དགུ་ཡི་གུར་ཁང་གི༔ དྲ་མིག་ཁྲོ་མོ་སྟོང་གིས་གཏམས༔ བྱད་མ་ལྷ་སྲུང་རྡུལ་དུ་བརླག༔ སྲིད་པའི་རླུང་ཡང་མི་ཐར་ན༔ གནོད་བྱེད་འབྱུང་པོ་སྨོས་ཅི་དགོས༔ མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ ཧཱུྃ་བཛྲ་ཌཱཀྐི་ནི་སིངྷ་མུ་ཥ་ཧ་རི་ནི་ས་སརྦ་རཀྵ་རཀྵ་ཧཱུྃ་ཕཊ༔ གསུམ་པ་སྐྱབས་འགྲོ་སེམས་བསྐྱེད་ནི༔ ཧཱུྃ༔ བདག་ནི་དེང་ནས་བྱང་ཆུབ་བར༔ བླ་མ་དཀོན་མཆོག་དཀྱིལ་འཁོར་ལྷ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་ལ༔ རྣམ་པ་ཀུན་ཏུ་སྐྱབས་སུ་མཆི༔ དབང་དྲག་ལས་ཀྱི་བྱང་ཆུབ་སེམས༔ དམ་པ་མཆོག་ནི་བསྐྱེད་པར་བགྱི༔ དྲུག་པ་མཆོད་པ་བྱིན་གྱིས་བརླབས་པ་ནི༔ ཧཱུྃ༔ དུར་ཁྲོད་འབར་བའི་ཕོ་བྲང་འདིར༔ སྨན་གཏོར་རཀྟ་མཆོད་པའི་ཚོགས༔ དགྲ་བོའི་ཤ་རུས་དོན་སྙིང་བཅས༔ འདོད་ཡོན་ལོངས་སྤྱོད་བདུད་རྩིར་བསྒྱུར༔ རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀ་ཏ་བྷ་ལིངྟ་མ་ཧཱ་རཀྟ་ཀེང་ནི་རི་ཏི་བྷ་སུ་ར་ཏ༔ བཛྲ་པུཥྤེ་དྷུ་པེ་ཨ་ལོ་ཀེ་གནྡྷཻ་ནཻ་ཝི་ཏེ་ཤཔྟ་ཨཱཿཧཱུྃ་སྭཱ་ཧཱ༔ བདུན་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ ཧཱུྃ༔ འཁོར་འདས་ཆོས་རྣམས་གདོད་ནས་སྟོང་༔ མ་སྐྱེས་སྤྲོས་བྲལ་བློ་ལས་འདས༔ བརྗོད་མེད་ཡང་དག་དེ་བཞིན་ཉིད༔ རང་བྱུང་ཡེ་ཤེས་ཏིང་འཛིན་བསྒོམས༔ ཨོཾ་ཛྙཱ་ན་སྭ་བྷཱ་ཝ་ཤུདྡྷོ྅ཧཾ༔ བརྒྱད་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན༔ ཧཱུྃ༔ སྐྱེ་བ་མེད་པའི་ངང་ཉིད་ལས༔ རྒྱུ་དྲུག་ལོག་ལྟ་དབྱིངས་སྦྱོར་བའི༔ ཀུན་ཁྱབ་བརྩེ་བའི་སྙིང་རྗེ་ནི༔ ཁམས་གསུམ་སེམས་ཅན་ཀུན་ལ་བསྒོམ༔ ཨོཾ་དྷརྨ་དྷརྟུ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ༔ དགུ་པ་རྒྱུའི་ཏིང་ངེ་འཛིན་ནི༔ ཧཱུྃ༔ སྟོང་དང་སྙིང་རྗེའི་ཡེ་ཤེས་ཀྱིས༔ ལོག་རྟོགས་ཚར་གཅོད་རྗེས་འཛིན་ཕྱིར༔ གནམ་ལྕགས་ཞུན་མའི་གྲི་གུག་གྲིར༔ རང་རིག་སེམས་ཉིད་ཧཱུྃ་གིས་གཏམས༔ ཧཱུྃ་ཙིཏྟ་ཛྙཱ་ན་བཛྲ་ཧཱུྃ༔ གཉིས་པ་དངོས་གཞིའི་ལས་རིམ་བཅུ༔ འབྱུང་བ་རིམ་བརྩེགས་གཞལ་ཡས་གསལ༔ གདན་སྤྲོ་དམ་ཚིག་ལྷ་བསྐྱེད་ཅིང་༔ ཡེ་ཤེས་སྤྱན་འདྲེན་བཞུགས་སུ་གསོལ༔ ཕྱག་འཚལ་མཆོད་པ་རྣམས་ཀྱིས་མཆོད༔ བསྟོད་པས་བསྟོད་ཅིང་བསྙེན་སྒྲུབ་པ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་འབྱུང་བ་རིམ་བརྩེགས་ནི༔ ཧཱུྃ༔ སྙིང་པོ་ཧཱུྃ་གི་འཕྲོ་འདུ་ལས༔ ཨེ་ལས་ནམ་མཁའ་ཀུན་བཟང་ཀློང་༔ ཡཾ་འཕྲོས་རླུང་དཀྱིལ་སྒྲོལ་མའི་མཁའ༔ ར་ལས་རཀྟ་མཱ་ཀིའི་ཀློང་༔ སུམ་ལས་ཞིང་ཆེན་ས་གཞི་སྤྱན༔ རཾ་ལས་མེ་འབར་གོས་དཀར་མཁའ༔ ཀེང་ལས་རུས་པའི་རི་རབ་བརྗིད༔ རྩ་བར་འདོད་ཆགས་ཁྲག་མཚོ་ཁོལ༔ སྐེད་པར་ཐབས་ཤེས་ཉི་ཟླ་འཆར༔ རྩེ་མོ་མི་མངོན་དབྱིངས་ན་མཐོ༔ ཧཱུྃ་ཨེ་ཡྃ་ར་སུྃ་ཀེཾ་རཾ་ཧཱུྃ༔ གཉིས་པ་གཞལ་ཡས་ཁང་གསལ་བ་ནི༔ ཧཱུྃ༔ ཧཱུྃ་ལས་བྷྲཱུྃ་འཕྲོས་རི་རབ་སྟེང་༔ བྷནྡྷ་རློན་པའི་རྩིག་པ་ལ༔ ཐོད་པ་སྐམ་པོའི་ཁ་བད་བརྒྱན༔ རྙིད་པས་དྲ་བ་དྲ་ཕྱེད་སྤྲས༔ རོ་ཡི་ཀ་བ་ཞིང་ལྤགས་ཐོག༔ ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད༔ ཀ་གཞུ་ཡ་ཐེམ་མ་ཐེམ་དང་༔ གཟའ་བརྒྱད་རྒྱུ་སྐར་སྡེ་བརྒྱད་འབུམ༔ ཐོད་མཁར་འབར་བའི་ཟ་ར་ཚགས༔ གྲུ་བཞི་སྒོ་བཞི་རྟ་བབས་བཞི༔ དྲེགས་ཆེན་བསྒྲལ་བའི་དབང་པོ་དང་༔ ནང་རོལ་རྣམ་ལྔས་ལྡ་ལྡི་འཕན༔ བཾ་གྱི་རྒྱལ་མཚན་མང་པོས་བརྒྱན༔ ཞིང་ལྤགས་བ་དན་ལན་ཚར་ཅན༔ དུར་ཁྲོད་བརྒྱད་ཀྱི་འཁོར་ཡུག་གསལ༔ ཧཱུྃ་བྷྲཱུྃ་ཛྙཱ་ན་ཏིཥྛ་བྷྲཱུྃ༔ གསུམ་པ་གདན་སྤྲོ་བ་ནི༔ ཧཱུྃ༔ དཀྱིལ་འཁོར་ཕོ་བྲང་གཞལ་ཡས་དབུས༔ ཆོས་འབྱུང་དམར་ནག་ཟླ་གམ་ཀློང་༔ དབུས་སུ་དྲེགས་བྱེད་ཕོ་མོའི་སྟེང་༔ ཐབས་ཤེས་ཉི་ཟླ་པདྨས་བརྒྱན༔ རྩིབས་བརྒྱད་ཏི་ར་པདྨས་སྤྲས༔ སྒོ་བཞིར་ཞིང་ཆེན་མི་རོའི་གདན༔ བཾ་རཱུ་ཊ་ཀྲོ་ཏི་ཨ་ཙནྜ་མ་སཱུརྱ་པཾ་པདྨ་མཎྜལ་ཧཱུྃ༔ བཞི་པ་དམ་ཚིག་གི་ལྷ་བསྐྱེད་པ་ནི༔ ཧཱུྃ༔ ཐུགས་སྲོག་ཧཱུྃ་ཡིག་འཕྲོ་འདུ་ལས༔ བྱད་མ་དགྲ་བགེགས་ཚར་བཅད་ཅིང་༔ རྒྱལ་བ་རྣམས་ལ་མཉེས་མཆོད་འབུལ༔ དུས་གསུམ་སངས་རྒྱས་བྱིན་རླབས་དང་༔ ཁྲོ་བོ་ཁྲོ་མོའི་ནུས་མཐུས་སྡུས༔ ཧཱུྃ༔ ལ་ཐིམ་པས་གཟི་བརྗིད་འབར༔ སྐད་ཅིག་གནས་གྱུར་དྲན་རྫོགས་སུ༔ བདུད་འདུལ་མཁའ་འགྲོ་སེང་གདོང་མ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ རལ་པ་ཁམ་ནག་སྤྲིན་ལྟར་གཏིབས༔ སྤྱན་གསུམ་སྡང་མིག་རབ་ཏུ་བསྒྲད༔ སྨ་ར་སྨིན་མ་དམར་སེར་འབར༔ འཁོར་ལོས་མཚན་པའི་གྲི་གུག་གཡས༔ ལྕང་ལོས་མཚན་པའི་ཐོད་ཁྲག་གཡོན༔ གཡས་བསྐུམ་གཡོན་བརྐྱང་གར་ཐབས་འགྱིང་༔ དུར་ཁྲོད་འཇིགས་པའི་ཆས་བརྒྱད་དང་༔ དཔལ་གྱི་ཆས་བཅུ་འབར་བས་བརྒྱན༔ ནུ་མ་འབུར་ཞིང་བྷ་ག་རྒྱས༔ དཔའ་སྒེག་ཁྲོ་གཏུམ་གཟི་བརྗིད་འབར༔ ཁ་ཊྭཱྃ་ག་ལ་བདེ་བར་འཁྱུད༔ མེ་དཔུང་དམར་ནག་ཀློང་དུ་བསྐྱེད༔ རིགས་བདག་བསྐྱེད་པ་ནི༔ ཧཱུྃ༔ དེ་ཡི་སྤྱི་གཙུག་ཉི་ཟླའི་སྟེང་༔ བདག་ཉིད་རྡོ་རྗེ་དྲག་པོ་རྩལ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་གསུམ་སྡང་མིག་མཆེ་བ་གཙིགས༔ དབུ་སྐྲ་ཁམས་ནག་ཐོད་པར་བཅིངས༔ རལ་ཁྲོད་དབང་གི་རྟ་སྐད་འཚེར༔ རྡོ་རྗེ་གཡས་ལ་སྡིག་མཛུབ་གཡོན༔ ཞབས་གཉིས་འདོར་ཐབས་འགྱིང་བག་ལྡན༔ ཧཱུྃ༔ སྐུ་ལ་དགྱེས་པའི་སྦྱོར་ཡུམ་ནི༔ རྡོ་རྗེ་ཕག་མོ་སྐུ་མདོག་དམར༔ ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་འཁྲིལ༔ ཕྱག་གཉིས་གྲི་ཐོད་མགུལ་ནས་འཁྱུད༔ ནུ་མ་བྷ་ག་ལང་ཚོ་དར༔ སྤྱན་གསུམ་སྡང་མིག་དབུ་སྐྲ་གྲོལ༔ ཕག་ཞལ་ནག་མོས་ངུར་སྒྲ་སྒྲོགས༔ ཡབ་ཡུམ་དུར་ཁྲོད་ཆས་རྣམས་རྫོགས༔ མེ་དཔུང་དམར་ནག་ཀློང་དཀྱིལ་དུ༔ ཟུང་འཇུག་བདག་ཉིད་ཆེན་པོར་བསྒོམ༔ འཁོར་བསྐྱེད་པ་ནི༔ ཧཱུྃ༔ ཆོས་དབྱིངས་འཁོར་ལོ་རྩིབས་བརྒྱད་ཀྱི༔ ཤར་ཕྱོགས་ཏི་ར་པདྨའི་སྟེང་༔ རྡོ་རྗེ་མཁའ་འགྲོ་སྐུ་མདོག་དཀར༔ ཕྱག་གཡས་གནམ་ལྕགས་འཁོར་ལོ་ཕྱར༔ ལྷོ་ཕྱོགས་ཏི་ར་པདྨའི་སྟེང་༔ རིན་ཆེན་མཁའ་འགྲོ་སྐུ་མདོག་སེར༔ ཕྱག་གཡས་ཁ་ཊྭཱྃ་འབར་བ་བསྣམས༔ ནུབ་ཕྱོགས་ཏི་ར་པདྨའི་སྟེང་༔ པདྨ་མཁའ་འགྲོ་སྐུ་མདོག་དམར༔ ཕྱག་གཡས་མེ་ཡི་འཁོར་ལོ་བསྣམས༔ བྱང་ཕྱོགས་ཏི་ར་པདྨའི་སྟེང་༔ ལས་ཀྱི་མཁའ་འགྲོ་སྐུ་མདོག་ལྗང་༔ ཕྱག་གཡས་གནམ་ལྕགས་རལ་གྲི་འཕྱར༔ གཡོན་རྣམས་ཐོད་ཁྲག་ཐུགས་ཀར་བསྣམས༔ ཀུན་ཀྱང་གར་ཐབས་འགྱིང་བག་ཅན༔ དུར་ཁྲོད་འབར་བའི་ཆས་བརྒྱད་བརྒྱན༔ རལ་བའི་ཐོར་ཅོག་ཐོད་པར་བཅིངས༔ ཞལ་གདངས་མཆེ་གཙིགས་སྤྱན་གསུམ་བསྒྲད༔ རབ་ཏུ་ཁྲོས་པའི་སྐུ་རུ་བསྒོམས༔ ཧཱུྃ༔ ཤར་ལྷོར་ཏི་ར་པདྨའི་སྟེང་༔ དམ་ཚིག་མཁའ་འགྲོ་དཀར་ནག་ཞལ༔ ཕྱག་གཉིས་ཉི་ཟླ་ཆ་ལང་བརྡེབ༔ ལྷོ་ནུབ་ཏི་ར་པདྨའི་སྟེང་༔ སྣ་ཚོགས་མཁའ་འགྲོ་སེར་ནག་ཞལ༔ ཕྱག་གཉིས་གསེར་གྱི་རྩིབས་སྟོང་བརྡེབ༔ ནུབ་བྱང་ཏི་ར་པདྨའི་སྟེང་༔ ཤ་ཟ་མཁའ་འགྲོ་དམར་ནག་ཞལ༔ ཕྱག་གཉིས་ཟངས་ཀྱི་རྩིབས་སྟོང་བརྡེབ༔ བྱང་ཤར་ཏི་ར་པདྨའི་སྟེང་༔ འཇིག་རྟེན་མཁའ་འགྲོ་ལྗང་ནག་ཞལ༔ ཕྱག་གཉིས་གནམ་ལྕགས་རྩིབས་སྟོང་བརྡེབ༔ ཀུན་ཀྱང་འབར་འཁྲོ་སྒེག་འཇོམས་ལྡན༔ ཞལ་མདངས་ལྗགས་འདྲིལ་སྤྱན་གསུམ་འཁྲུགས༔ དུར་ཁྲོད་ཆས་རྫོགས་གར་སྟབས་འགྱིང་༔ མེ་རླུང་འཁྲུགས་པའི་ཀློང་དུ་བསྐྱེད༔ སྒོ་མ་བསྐྱེད་པ་ནི༔ ཧཱུྃ༔ ཕོ་བྲང་ཤར་སྒོའི་གཞལ་ཡས་སུ༔ ཁྭ་གདོང་མཁའ་འགྲོ་སྐུ་མདོག་དཀར༔ གཡས་པས་ཤེལ་གྱི་ཅང་ཏེའུ་བརྡུང་༔ གཡོན་པས་ཤེལ་གྱི་ལྕགས་ཀྱུ་འཛིན༔ ཕོ་བྲང་ལྷོ་སྒོའི་གཞལ་ཡས་སུ༔ ཕག་གདོང་མཁའ་འགྲོ་སྐུ་མདོག་སེར༔ གཡས་པས་གསེར་གྱི་ཅང་ཏེའུ་བརྡུང་༔ གཡོན་པས་གསེར་གྱི་ཞགས་པ་འདེབས༔ ཕོ་བྲང་ནུབ་སྒོའི་གཞལ་ཡས་སུ༔ ཁྱི་གདོང་མཁའ་འགྲོ་སྐུ་མདོག་དམར༔ གཡས་པས་ཟངས་ཀྱི་ཅང་ཏེའུ་བརྡུང་༔ གཡོན་པས་ཟངས་ཀྱི་ལྕགས་སྒྲོག་སྡོམ༔ ཕོ་བྲང་བྱང་སྒོའི་གཞལ་ཡས་སུ༔ འུག་གདོང་མཁའ་འགྲོ་སྐུ་མདོག་ལྗང་༔ གཡས་པས་གཡུ་ཡི་ཅང་ཏེའི་བརྡུང་༔ གཡོན་པས་དངུལ་གྱི་དྲིལ་བུ་འཁྲོལ༔ ཀུན་ཀྱང་གཅེར་བུ་སྐྲ་གྲོལ་ཅིང་༔ གནས་ལྔར་རུས་པའི་རྒྱན་གྱིས་བརྒྱན༔ ཁ་ཊྭཱཾ་ཀ་ནི་མཆན་དུ་བཅུག༔ བརྐྱང་བསྐུམ་མི་རོའི་གདན་ལ་འགྱིང་༔ གཞན་ཡང་རྩ་གསུམ་ཆོས་སྐྱོང་གིང་༔ གནས་ཡུལ་དུར་ཁྲོད་ཞིང་སྐྱོང་བདག༔ འབུམ་ཕྲག་དཔའ་བོ་དཔའ་མོ་རྣམས༔ གཙོ་འཁོར་ལྷ་མིའི་ཁྲོམ་ལྟར་བསྐྱེད༔ ལྔ་པ་སྤྱན་འདྲེན་ནི༔ ཧཱུྃ༔ ཆོས་དབྱིངས་མཁའ་འགྲོའི་ཕོ་བྲང་དང་༔ ནུབ་ཕྱོགས་ཨོ་རྒྱན་དུར་ཁྲོད་ནས༔ མ་མོ་མཁའ་འགྲོ་ཀུན་གྱི་གཙོ༔ བདུད་འདུལ་མཁའ་འགྲོ་སེང་གདོང་མ༔ ཡེ་ཤེས་མཁའ་འགྲོ་འཁོར་དང་བཅས༔ རིགས་བཞི་མཁའ་འགྲོའི་དཔུང་དང་བཅས༔ ལས་བྱེད་མཁའ་འགྲོ་འབུམ་གྱིས་བསྐོར༔ སིངྷ་མུ་ཥ་འཁོར་བཅས་རྣམས༔ གདུང་བའི་ཡིད་ཀྱིས་སྤྱན་འདྲེན་ན༔ ཐུགས་རྗེའི་ཤུགས་ཀྱིས་གཤེགས་སུ་གསོལ༔ དབང་ཆེན་འབར་བའི་དུར་ཁྲོད་ནས༔ རིགས་ཀྱི་བདག་པོ་གཤེགས་སུ་གསོལ༔ ནུབ་ཕྱོགས་ཨོ་རྒྱན་ཕོ་བྲང་ནས༔ རྡོ་རྗེ་ཕག་མོ་གཤེགས་སུ་གསོལ༔ ཤར་གྱི་ཕྱོགས་ཀྱི་དུར་ཁྲོད་ནས༔ རྡོ་རྗེ་མཁའ་འགྲོ་གཤེགས་སུ་གསོལ༔ ལྷོ་ཡི་ཕྱོགས་ཀྱི་དུར་ཁྲོད་ནས༔ རིན་ཆེན་མཁའ་འགྲོ་གཤེགས་སུ་གསོལ༔ ནུབ་ཀྱི་ཕྱོགས་ཀྱི་དུར་ཁྲོད་ནས༔ པདྨ་མཁའ་འགྲོ་གཤེགས་སུ་གསོལ༔ བྱང་གི་ཕྱོགས་ཀྱི་དུར་ཁྲོད་ནས༔ ལས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ༔ ཧཱུྃ༔ གཞན་ཡང་གནས་ཡུལ་དུར་ཁྲོད་ནས༔ སྐུ་སྤྲུལ་དཀར་མོ་ཉི་ཁྲི་འབུམ༔ ཐུགས་སྤྲུལ་ནག་མོ་ཉི་ཁྲི་འབུམ༔ གསུང་སྤྲུལ་དམར་མོ་ཉི་ཁྲི་འབུམ༔ ཡོན་ཏན་སྤྲུལ་པ་སེར་མོ་ཉི་ཁྲི་འབུམ༔ ཕྲིན་ལས་སྤྲུལ་པ་ལྗང་མོ་ཉི་ཁྲི་འབུམ༔ གནས་ཡུལ་དུར་ཁྲོད་དཔའ་བོ་དཔའ་མོ་དང་༔ རྩ་གསུམ་ཆོས་སྐྱོང་སྲུང་མ་སྒོ་མའི་ཚོགས༔ མ་ལུས་འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ བསྐལ་པའི་མེ་དཔུང་དམར་ནག་ལྷབས་སེ་ལྷབ༔ རཀྟ་ཁྲག་གི་རྒྱ་མཚོ་མེ་རེ་རེ༔ མཾ་ས་ཤ་ཆེན་དྲི་ངད་སངས་སེ་སང་༔ ཁྲོ་ཆུ་མེ་དཔུང་ཚ་ཚ་ཐོ་རོ་རོ༔ རྐང་གླིང་ཐོད་པའི་རྔ་སྒྲ་དི་རི་རི༔ ཧཱུྃ་ཕཊ་བྷྱོ་ཟློག་སྒྲ་སྐད་ཆེམས་སེ་ཆེམ༔ བར་ཆད་ཟློག་ཕྱིར་གཤེགས་སུ་གསོལ༔ བྱད་ཀ་ཟློག་ཕྱིར་གཤེགས་སུ་གསོལ༔ ཕུར་ཀ་ཟློག་ཕྱིར་གཤེགས་སུ་གསོལ༔ གཏད་ཁ་བཟློག་ཕྱིར་གཤེགས་སུ་གསོལ༔ ཁྲམ་ཁ་ཟློག་ཕྱིར་གཤེགས་སུ་གསོལ༔ ཡམས་ཁ་ཟློག་ཕྱིར་གཤེགས་སུ་གསོལ༔ ནད་ཁ་ཟློག་ཕྱིར་གཤེགས་སུ་གསོལ༔ རྦད་འདྲེ་ཟློག་ཕྱིར་གཤེགས་སུ་གསོལ༔ རྦོད་གཏོང་ཟློག་ཕྱིར་གཤེགས་སུ་གསོལ༔ ཆགས་ཆེ་ཟློག་ཕྱིར་གཤེགས་སུ་གསོལ༔ ཉམ་ང་ཟློག་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་བཛྲ་ཌཱཀྐི་ནི་སིངྷ་མུ་ཥ་ཧ་རི་ནི་ས་སརྦ་ས་མ་ཡ་ཛ་ཛཿ དྲུག་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ཐོད་མཁར་འབར་བའི་ཕོ་བྲང་དབུས༔ ཟླ་གམ་ཆོས་འབྱུང་དམར་ནག་ཀློང་༔ ཏི་ར་ཉི་ཟླ་པདྨའི་སྟེང་༔ འདོད་ཆགས་ཁྲག་མཚོ་འཁྲུག་པའི་དཀྱིལ༔ བདུད་འདུལ་མཁའ་འགྲོའི་ལྷ་ཚོགས་རྣམས༔ འདུ་འབྲལ་མེད་པར་བཞུགས་སུ་གསོལ༔ ཧཱུྃ་བཛྲ་དྷཱཀྐི་ནི་སིངྷ་མུ་ཥ་ཧ་རི་ནི་ས་ས་མཱ་ཡ་ཏིཥྛ་ལྷན༔ བདུན་པ་ཕྱག་འཚལ་བ་ནི༔ ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ ལོངས་སྤྱོད་རྫོགས་པའི་སྐུར་གསལ་ཞིང་༔ གང་འདུལ་སྤྲུལ་མཛད་བདུད་འདུལ་མ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་ལ༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔ ཧཱུྃ་བཛྲ་དྷཱཀྐི་ནི་སིངྷ་མུ་ཥ་ཧ་རི་ནི་ས་ན་མོ་པུ་རུ་ཤ་ཡ་ཧོཿ བརྒྱད་པ་མཆོད་པ་འབུལ་བ་ནི༔ ཧཱུྃ༔ བདུད་འདུལ་མཁའ་འགྲོའི་ལྷ་ཚོགས་ལ༔ འདོད་ཡོན་ལྔ་དང་ཕུང་པོ་ལྔ༔ འབྱུང་བ་ལྔ་དང་བདུད་རྩི་ལྔ༔ ཤ་ལྔ་ལ་སོགས་མཆོད་པ་འབུལ༔ གཏི་མུག་ཤ་ཆེན་མཆོད་པ་བཞེས༔ ཞེ་སྡང་རུས་ཀྱི་མཆོད་པ་བཞེས༔ འདོད་ཆགས་ཁྲག་གི་མཆོད་པ་བཞེས༔ ང་རྒྱལ་ཀླད་པའི་མཆོད་པ་བཞེས༔ ཕྲག་དོག་ཁྲིས་པའི་མཆོད་པ་བཞེས༔ གཟུགས་སྣང་ཐམས་ཅད་སྐུ་ལ་མཆོད༔ སྒྲ་གྲགས་ཐམས་ཅད་གསུང་ལ་མཆོད༔ དྲན་རྟོག་ཐམས་ཅད་ཐུགས་ལ་མཆོད༔ ཧཱུྃ༔ གཏོར་སྣོད་བྷནྡྷ་ཡངས་པའི་ནང་༔ འབྲུ་བཅུད་ཤ་ཁྲག་བྷ་ལིང་ཏ༔ འབྲུ་སྣ་སྟོང་དང་ཁྲག་སྣ་སྟོང་༔ ཤ་སྣ་སྟོང་གིས་བརྒྱན་ཏེ་མཆོད༔ བདུད་འདུལ་མཁའ་འགྲོའི་ལྷ་ཚོགས་ཀྱི༔ ཐུགས་དམ་བསྐང་ཕྱིར་བཞེས་སུ་གསོལ༔ ཧཱུྃ་བཛྲ་དྷཱཀི་ནི་སིངྷ་མུ་ཥ་ཧ་རི་ནི་ས་མ་ཧཱ་བྷ་ལིང་ཏ་ལ་ཁ་རཾ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ རང་བྱུང་བྷནྡྷའི་སྣོད་མཆོག་ཏུ༔ གདོད་ནས་དག་པའི་བདུད་རྩིས་བརྒྱན༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ བདུད་འདུལ་མཁའ་འགྲོའི་ཚོགས་རྣམས་མཆོད༔ ཧཱུྃ་བཛྲ་དྷཱཀྐི་ནི་སིདྷ་མུ་ཥ་ཧ་རི་ནི་ས་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་རཾ་ཁཱ་ཧི་ཁཱ་ཧི༔ ཧཱུྃཿ ཐོད་པ་ཁོར་ཡུག་འབར་བ་རུ༔ དམར་ཆེན་ཁྲག་གི་རྒྱ་མཚོ་བསྐྱིལ༔ རཀྟ་དམར་གྱི་མཆོད་པ་འདི༔ བདུད་འདུལ་མཁའ་འགྲོའི་ཚོགས་ལ་འབུལ༔ ཧཱུྃ་བཛྲ་དྷཱཀྐི་ནི་སིངྷ་མུ་ཥ་ཧ་རི་ནི་ས་མ་ཧཱ་རཀྟ་བྷཱ་སུ་ར་ཏ་ཁཱ་ཧི་ཁཱ་ཧི༔ དགུ་པ་བསྟོད་པ་བྱ་བ་ནི༔ ཧཱུྃ༔ ཆོས་སྐུའི་བདག་ཉིད་སྐུ་གསུམ་མཁའ་འགྲོའི་གཙོ༔ ཡེ་ཤེས་ལས་གྲུབ་དབྱིངས་ཀྱི་དྷཀྐི་མཿ བདུད་དང་མུ་སྟེགས་ལོག་འདྲེན་དགྲ་བགེགས་གཤེད༔ བདུད་འདུལ་སེང་གདོང་མཁའ་འགྲོར་ཕྱག་འཚལ་བསྟོད༔ དུས་གསུམ་རྒྱལ་བ་རྣམས་ཀྱིས་བྱིན་བརླབས་ཅིང་༔ རྩ་གསུམ་དཔའ་བོ་མཁའ་འགྲོ་འདུ་བའི་དཔལ༔ རིགས་ཀྱི་གཙོ་བོ་རིགས་བདག་དབང་གི་སྐུ༔ རྡོ་རྗེ་དྲག་པོ་རྩལ་ལ་ཕྱག་འཚལ་བསྟོད༔ དེ་ཡི་སྐུ་ལ་དགྱེས་པའི་སྦྱོར་ཡུམ་ནི༔ ཟག་མེད་བདེ་བས་ཆགས་མེད་ལམ་སྟོན་ཅིང་༔ མཆོག་གི་དངོས་གྲུབ་སྟེར་བའི་དབང་མོ་ཆེ༔ རྡོ་རྗེ་ཕག་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ སྐུ་དང་ཡེ་ཤེས་ཕྲིན་ལས་ཀུན་གྱི་འཕྲུལ༔ གཙོ་མོའི་རོལ་པས་གཙོ་མོའི་བཀའ་བཞིན་སྒྲུབ༔ སྡེ་བརྒྱད་མཁའ་འགྲོས་གནས་ཡུལ་དུར་ཁྲོད་སྐྱོངས༔ འབུམ་ཕྲག་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད༔ གཞན་ཡང་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས༔ བཀའ་ཡི་སྒོ་མ་འགུགས་འཆིང་སྡོམ་དགྱེས་བཞི༔ དཀྱིལ་འཁོར་ལྷག་པའི་ལྷ་ཚོགས་མ་ལུས་ལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བསྟོད༔ བསྙེན་ཅིང་་སྒྲུབས་པའི་རིམ་པ་ནི༔ སྒྲུབ་ཐབས་ལྟར་བྱ་ཞིང་༔ ཧཱུྃ་བཛྲ་དྷཱཀྐི་ནི་སིངྷཱ་མུ་ཥ་ཧ་རི་ནི་ས་སརྦ་ས་མཱ་ཡ་ཙིཏྟ་ཧྲིཾ་ཛ་སིདྡྷི་ཧཱུྃ༔ ཅེས་མི་ཚིག་གིས་བར་མ་ཆོད་པར༔ སྐབས་དང་བསྟུན་ཏེ་བཟླ་བར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་ས་བཅད་བཅུ་གཅིག་སྟེ༔ ཚོགས་འཁོར་བྱིན་རླབས་ཚོགས་ཕུད་སྤྲོ༔ ལྷག་མ་ཆད་ཐོ་བསྟན་མ་དང་༔ རྟ་བྲོ་ལྷ་གཤེགས་ཤིས་པ་བརྗོད༔ བསྐྱེད་རིམ་བསྡུ་ཞིང་བསྔོ་སྨོན་ནི༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་ཚོགས་འཁོར་བྱིན་བརླབས་པ་ནི༔ ཤ་ཆང་ཚོགས་འཁོར་འབྱོར་ཚད་བཤམས༔ བསང་ཆུ་གཏོར་ཞིང་བདུད་རྩིས་སྦྲན༔ ཧཱུྃ༔ བདུད་འདུལ་མཁའ་འགྲོའི་ཏིང་འཛིན་གྱིས༔ ཚོགས་ཀྱི་ཉེས་སྐྱོན་འབག་ཚོགས་སྦྱངས༔ ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབས༔ འདོད་ཡོན་མཆོད་པའི་སྤྲིན་ཕུང་འཐིབ༔ རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ གཉིས་པ་ཚོགས་ཕུད་སྤྲོ་བ་ནི༔ ཧཱུྃ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འདི༔ བདུད་འདུལ་ནག་མོ་སེང་གེའི་གདོང་༔ རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་ལ༔ མཆོད་པ་འབུལ་གྱིས་བཞེས་སུ་གསོལ༔ ཧཱུྃ་བཛྲ་དྷཱཀྐི་ནི་སེངྷ་མུ་ཥ་ཧ་རི་ནི་ས་གྷ་ན་ཙཀྲ་པཱུ་ཙ་ཁཱ་ཧི་ཁཱ་ཧི༔ བསྒྲལ་ལས་ནི། ཧཱུྃ༔ ཡེ་ཤེས་མཁའ་འགྲོ་བདུད་འདུལ་མའི། །སྲས་མཆོག་བཛྲ་ཀཱི་ལཱ་ཡཱ། །རྣམ་པར་གདེངས་པ་ཙམ་གྱིས་ཀྱང་། །ཁམས་གསུམ་འདར་ཞིང་སྲིད་གསུམ་འཁྲུག །ཚངས་སོགས་ལྷ་ཡང་བརླག་བྱེད་ན། །དགྲ་དང་བགེགས་ལ་སྨོས་ཅི་དགོས། །ཞིང་བཅུ་ཚང་བའི་དགྲ་བགེགས་འདི། །ཁྲོ་གཏུམ་ཁྲོས་པའི་དྲག་ཤུལ་གྱིས། །ཡེ་ཤེས་ཆེན་པོའི་ཀློང་དུ་སྒྲོལ། །ཧཱུྃ་བཛྲ་དྷཀྐི་ནི་སིདྷ་མུ་ཥ་ཧ་རི་ནི་ས་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཧཱུྃ་ཕཊ༔ བསྟབ་པ་ནི། ཧཱུྃ༔ ལྷ་སྔགས་ཏིང་འཛིན་རོལ་པའི་མཐུས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །བདུད་འདུལ་དཔལ་གྱི་མཁའ་འགྲོ་མ། །སྤྲུལ་པ་ཡང་སྤྲུལ་བཅས་རྣམས་ལ། །ཟག་མེད་དགྱེས་པ་བསྐྱེད་པ་ཡི། །བླ་མེད་མཆོག་གི་མཆོད་པ་འདི། །གཏི་མུག་ཤ་ཆེན་སྤུངས་པའི་རི། །རྔམ་པའི་སྟོབས་ཀྱིས་བཞེས་སུ་གསོལ། །འདོད་ཆགས་ཁྲག་གི་རོལ་མཚོ་བསྐྱིལ། །བརྗིད་པའི་སྟོབས་ཀྱིས་བཞེས་སུ་གསོལ། །ཞེ་སྡང་རུས་པའི་གྲམ་ཁྲོད་བརྡལ། །དྲག་ཤུལ་སྟོབས་ཀྱིས་བཞེས་སུ་གསོལ། །ཞག་ཀླད་ཚིལ་རྐང་ས་གཞིར་སྤུངས། །ཁྲོ་གཏུམ་སྟོབས་ཀྱིས་བཞེས་སུ་གསོལ། །སྡང་དགྲ་གནོད་བྱེད་ལོག་འདྲེན་ཀུན། །ལྷག་མ་མེད་པར་བཞེས་སུ་གསོལ། །གསུམ་པ་ལྷག་མ་བསྔོ་བ་ནི༔ ཧཱུྃ༔ ཡེ་ཤེས་ལས་ལ་སྒྲུབ་པ་ཡི༔ འཇིག་རྟེན་མཁའ་འགྲོ་ཤུགས་འགྲོ་དང་༔ ཤ་ཟ་མཁའ་འགྲོ་ཕྲ་མེན་ཚོགས༔ ལས་སུ་གསང་སྔགས་བསྟན་པ་སྲུངས༔ ཟས་སུ་ཤ་དང་ཁྲག་ལ་དགྱེས༔ འདིར་གཤེགས་ལྷག་མའི་གཏོར་མ་ལོང་༔ རྣལ་འབྱོར་བདག་གི་ཕྲིན་ལས་སྒྲུབས༔ བཀའ་དང་དམ་ཚིག་གཉེན་པོ་སྲུངས༔ བཛྲ་རཏྣ་པདྨ་ཀརྨ་ས་མ་ཡ་བྷི་ཤ་སརྦ་ལོ་ཀ་དྷཀྐི་ནི་པྲ་ཏི་ཛ་བྷ་ལིངྟ་ཁཱ་ཧི་ཧཱུྃ་ཕཊ༔ བཞི་པ་ཆད་ཐོ་ནི༔ གཏོར་མར་སྨན་རག་སྦྲེང་། དཔལ་འབར་གཟུགས་ཏེ་འདི་སྐད་དོ༔ ཧཱུྃ༔ སྔོན་ཚེ་ནུབ་ཕྱོགས་ཨོ་རྒྱན་དུར་ཁྲོད་དུ༔ དབང་ཆེན་ཡབ་ཡུམ་རྡོ་རྗེ་དྲག་རྩལ་གྱི༔ ཡེ་ཤེས་འཇིག་རྟེན་ལས་ཀྱི་མཁའ་འགྲོའི་ཚོགས༔ དབང་དུ་བསྡུས་ནས་ཐ་ཚིག་བོར་བའི་ཚེ༔ ལྟ་ལོག་མུ་སྟེགས་དྲུང་ནས་ཕྱུངས་པ་དང་༔ བྱད་མ་ལྷ་སྲུང་དགྲ་བགེགས་ཟློག་པ་དང་༔ རྗེས་འཇུག་རྣལ་འབྱོར་བུ་བཞིན་སྐྱོང་བར་ཆད༔ སྔོན་ཚེ་ཁས་བླང་ཐ་ཚིག་རྗེས་དགོངས་ལ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཏེ༔ མུ་སྟེགས་ལོག་ལྟ་རྡུལ་དུ་བརླག་པ་དང་༔ བྱད་མ་ལྷ་སྲུང་དགྲ་བགེགས་བར་ཆད་ཟློག༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ལྔ་པ་བསྟན་མ་སྐྱོང་བ་ནི༔ ཧཱུྃ༔ གནས་ཡུལ་དུར་ཁྲོད་ཞིང་སྐྱོང་མ་མོའི་ཚོགས༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་རྒྱུ༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་ལུགས་འཛིན༔ བསྟན་མ་ཆེན་མོ་སྐྱོང་མ་ཆེན་མོ་དང་༔ ཡང་མ་ཆེན་མོ་མ་ལུས་འཁོར་དང་བཅས༔ གཏོར་མ་འདི་བཞེས་སྔོན་གྱི་དམ་ཚིག་ལྟར༔ བླ་མེད་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་༔ རྣལ་འབྱོར་བདག་གི་མགོན་སྐྱོབས་སྡོང་གྲོགས་མཛོད༔ མ་མ་ཧ་ཧེ་ཧོ་བྷ་ལིངྟ་ཁཱ་ཧི་ཁཱ་ཧི༔ དྲུག་པ་རྟ་བྲོ་ནི༔ ཧཱུྃ༔ བདུད་འདུལ་མཁའ་འགྲོའི་ཏིང་འཛིན་གྱིས༔ སྟོང་གསུམ་སྟོང་གི་འཇིག་རྟེན་འོག༔ དབུས་ཕྱོགས་སྟོང་གི་རི་རབ་ཞབས༔ གནོད་བྱེད་བྱད་མ་དགྲ་བགེགས་མནན༔ བདེ་བ་ཆེན་པོའི་བྲོ་བརྡུངས་པས༔ སྟོང་པ་ཆེན་པོའི་ཡེ་ཤེས་རྒྱས༔ བདེ་སྟོང་ཟུང་འཇུག་རྩེ་བྲོ་འཁྲབ༔ རིགས་བཞི་མཁའ་འགྲོའི་ཕྱག་རྒྱས་གདབ༔ ཆོས་དབྱིངས་མཁའ་འགྲོའི་དབྱིངས་སུ་བསྟིམ༔ གླུ་བྲོ་གར་གྱི་རྒྱུན་མི་གཅོད༔ ཧཱུྃ་བཛྲ་དྷཱཀྐི་ནི་སེངྷ་མུ་ཥ་ཧ་རི་ནི་ས་དགྲ་བོ་བྱད་མ་ཛཿཧཱུྃ་བྃ་ཧོཿ སྟྭཾ་བྷ་ཡ་ནན༔ བདུན་པ་ལྷ་གཤེགས་པ་ནི༔ ཧཱུྃ༔ ཆོས་དབྱིངས་མཁའ་འགྲོ་ཡེ་ཤེས་གཙོ༔ ལས་ཀྱི་མཁའ་འགྲོ་དམ་ཚིག་བདག༔ འཇིག་རྟེན་མཁའ་འགྲོ་ཤ་ཟ་འབུམ༔ ཆོས་ཀྱི་དབྱིངས་སུ་གཤེགས་ནས་ཀྱང་༔ སླར་ཡང་བདག་གི་མགོན་དུ་བཞེངས༔ ཧཱུྃ་བཛྲ་དྷཱཀྐི་ནི་སིངྷ་མུ་ཥ་ཧ་རི་ནི་ས་ཛྙཱ་ན་བཛྲ་མུ༔ བརྒྱད་པ་ཤིས་པ་བརྗོད་པ་ནི༔ ཧཱུྃ༔ འོག་མིན་གནས་ནས་སྐུར་བཞེངས་ལ༔ ཡེ་ཤེས་མཁའ་འགྲོ་ཀུན་ཏུ་བཟང་༔ ཆོས་དབྱིངས་མཁའ་འགྲོའི་བཀྲ་ཤིས་དཔལ༔ བདག་ཅག་རྣམས་ལ་དེང་འདིར་སྩོལ༔ མཁའ་སྤྱོད་གནས་ནས་སྐུ་བཞེངས་ལ༔ ལོངས་སྐུའི་མཁའ་འགྲོ་ཕག་མོ་ཡུམ༔ མཁའ་སྤྱོད་མཁའ་འགྲོའི་བཀྲ་ཤིས་དཔལ༔ བདག་ཅག་རྣམས་ལ་དགེ་ལེགས་མཛོད༔ ཨོ་རྒྱན་ཡུལ་ནས་སྐུ་བཞེངས་ལ༔ སྤྲུལ་སྐུའི་མཁའ་འགྲོ་སེང་གདོང་མས༔ འབུམ་ཕྲག་མཁའ་འགྲོའི་བཀྲ་ཤིས་དཔལ༔ བདག་ཅག་རྣམས་ལ་བཀྲ་ཤིས་མཛོད༔ དགུ་པ་བསྐྱེད་རིམ་བསྡུ་བ་ནི༔ ཧཱུྃ༔ དམ་ཚིག་དཀྱིལ་འཁོར་གཞལ་ཡས་ལྷ༔ འོད་དུ་འཚེར་ཞིང་གཙོ་ལ་ཐིམ༔ གཙོ་བོ་སྔགས་འབྲུ་ས་བོན་ཏེ༔ ཧཱུྃ་ཡིག་ཐིག་ལེ་ནཱ་དར་ཡལ༔ བརྗོད་མེད་ཡང་དག་དེ་བཞིན་ཉིད༔ མ་བཅོས་སྤྲོས་བྲལ་ཨེ་མ་ཧོཿ བཅུ་པ་བསྔོ་བ་ནི༔ ཧཱུྃ༔ བསྐྱེད་རྫོོགས་བཟླས་བརྗོད་ཕྲིན་ལས་སྤྱད༔ སྦྱོར་སྒྲོལ་ཟབ་མོ་མཐར་ཕྱིན་དགེས༔ ལོག་རྟོགས་མཚན་འཛིན་འགྲོ་བ་རྣམས༔ མཁའ་འགྲོའི་གོ་འཕང་ཐོབ་ཕྱིར་བསྔོ༔ བཅུ་གཅིག་པ་སྨོན་ལམ་ནི༔ ཧཱུྃ༔ བྱང་ཆུབ་ལྷག་བསམ་དབྱིངས་ཀྱི་མཐུས༔ ཆོས་ཉིད་བདེན་པའི་དོན་གྲུབ་སྟེ༔ སྐུ་གསུམ་མཁའ་འགྲོའི་ཞིང་ཁམས་སུ༔ ཕྱིར་མི་ལྡོག་པ་ཐོབ་པར་ཤོག༔ ཅེས་བརྗོད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཟབ་པའི་ཕྲིན་ལས་འདི༔ ཤོག་སེར་བརྡ་ཡི་ཡི་གེར་བཏབ༔ མ་འོངས་བུ་དང་འདི་འཕྲད་ནས༔ བླ་མེད་བསྟན་པའི་སྙིང་པོ་ཤོག༔ ལོག་འཛིན་ཅན་ལ་ཨ་ཐཾ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བནྡྷེ་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་གངས་རིའི་རྒྱལ་པོ་སེང་གདོང་དཀར་མོའི་སྐུའི་ཕོ་བྲང་ནས་གདན་དྲངས་ཤིང་ཤོག་སེར་ལས་ཞལ་བཤུས་པའོ༔ སརྦ་མངྒ་ལཾ༔


previousབདུད་འདུལ་མཁའ་འགྲོའི་ལས་བྱང་གི་རིམ་པ།next