Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  collapse section
   
   
   
བདུད་འདུལ་ནག་མོའི་བསྐུལ་བ་ཤིན་ཏུ་གཉན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousབདུད་འདུལ་ནག་མོའི་བསྐུལ་བ་ཤིན་ཏུ་གཉན་པ།next

བདུད་འདུལ་ནག་མོའི་བསྐུལ་བ་ཤིན་ཏུ་གཉན་པ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ བདུད་འདུལ་ནག་མོའི་བསྐུལ་བ་ཤིན་ཏུ་གཉན་པ་བཞུགས༔ དཔལ་ཆེན་པོ་མཁའ་འགྲོའི་དབང་ཕྱུག་ལ་ཕྱག་ཚལ་ལོ༔ བྱད་མ་རྦོད་གཏོང་དགྲ་བགེགས་ལ་སོགས་ཀྱིས༔ ཆོས་བྱེད་སྒྲུབ་པ་པོ་ལ་བར་གཅོད་ན༔ བདུད་འདུལ་ནག་མོའི་བསད་ལས་བཟློག་པ་སོགས༔ དྲག་པོའི་འཕྲིན་ལས་བརྩམས་པའི་རྦད་བསྐུལ་དུས༔ སྨན་རག་སྦྲེང་ཞིང་ཐུན་གཏོར་ལག་ཏུ་ཐོགས༔ ཁྲོ་མོའི་ང་རྒྱལ་སྟངས་སྟབས་བསྒྱུར་ནས་ཀྱང་༔ ལས་ལ་བསྐུལ་ཞིང་རྦད་པ་འདི་སྐད་དོ༔ ཧཱུྃ་ཧཱུྃ༔ ཆོས་ཀྱི་དབྱིངས་ལས་སྤྲུལ་པའི་མ༔ འཁོར་འདས་ཀུན་གྱི་མངའ་བདག་མོ༔ ཡེ་ཤེས་འཇིག་རྟེན་མཁའ་འགྲོའི་གཙོ༔ ང་ནི་བདུད་འདུལ་ནག་མོའི་སྐུ༔ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ ཐོད་མཁར་འབར་བའི་ཕོ་བྲང་ནས༔ བདུད་དམག་འཁྲིགས་པའི་དུར་ཁྲོད་ནས༔ གྲུ་གསུམ་མཐིང་ནག་གཞལ་ཡས་ནས༔ རླུང་ནག་འཚུབ་པའི་ཀློང་དཀྱིལ་ནས༔ མེ་དཔུང་འབར་བའི་ད་ལ་ནས༔ ཁྲག་གི་རྒྱ་མཚོ་མེ་རེ་རེ༔ ནད་ཡམས་ན་བུན་ཐུ་ལུ་ལུ༔ ཞུན་ཆེན་གསུར་དུད་ཆི་ལི་ལི༔ གནམ་ལྕགས་སེར་ཆེན་ཁྲ་ལ་ལ༔ ཐོག་གི་བུ་ཡུག་ཚུབས་སེ་ཚུབ༔ མི་རོ་འབུམ་ནི་ཁྲི་རུ་བརྩེགས༔ རྟ་རོ་འབུམ་ནི་གཅལ་དུ་བཀྲམ༔ རི་བོ་ཐམས་ཅད་རུས་པའི་རི༔ ཆུ་བོ་ཐམས་ཅད་ཁྲག་དང་རྣག༔ རྩི་ཤིང་ཐམས་ཅད་མདའ་དང་མདུང་༔ སྒྲ་སྐད་ཐམས་ཅད་སོད་དང་རྒྱོབ༔ དེ་ལྟར་འཇིགས་པའི་དུར་ཁྲོད་ནས༔ ཀུན་ཏུ་བཟང་མོའི་ངོ་བོ་ཉིད༔ རྡོ་རྗེ་ཕག་མོའི་སྤྲུལ་པ་སྟེ༔ བདུད་འདུལ་མཁའ་འགྲོ་སེང་གེའི་གདོང་༔ མཐིང་ནག་གཅེར་བུ་ཁྲོས་པའི་ཞལ༔ ཕྱག་གཡས་གནམ་ལྕགས་གྲི་གུག་གིས༔ དགྲ་བགེགས་ཐམས་ཅད་ཚལ་པར་གཏུབས༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས༔ དགྲ་བགེགས་སྙིང་ཁྲག་ཧུབ་ཀྱིས་འདེབས༔ སྐུ་ལ་རུས་པའི་རྒྱན་གྱིས་བརྒྱན༔ ནམ་མཁའི་སྐར་ལྟར་ཁྲ་ལ་ལ༔ སྐུ་སྟོད་སེང་ཆེན་ལྤགས་པ་ལ༔ དར་ནག་ཅོད་པན་པུ་རུ་རུ༔ སྐུ་སྨད་སྟག་གི་ཤམ་ཐབས་ལ༔ སྦྲུལ་ནག་ཆུན་པོ་ཉི་ལི་ལི༔ སྐུ་རྐེད་མི་ལྤགས་གཡང་གཞི་ལ༔ ཁྲག་གི་ཆུ་རྒྱུན་ཙ་ར་རཿ གནམ་ལྕགས་སྤུ་གྲིའི་གཤོག་པ་ལ༔ ཁྲོ་ཆུའི་ཚྭ་ཚྭ་ཐོ་རོ་རོ༔ ཉི་མ་འབུམ་གྱིས་སྐུ་ལ་བརྒྱན༔ ཞལ་ནས་བསྐལ་པའི་འབྲུག་སྒྲ་སྒྲོག༔ ཤངས་ནས་བསྐལ་པའི་རླུང་ནག་འཚུབ༔ སྤྱན་ནས་བསྐལ་པའི་གློག་དམར་འཁྱུག༔ རིགས་བདག་རྡོ་རྗེ་དྲག་པོ་རྩལ༔ ཡུམ་མཆོག་རྡོ་རྗེ་ཕག་མོ་ཡི༔ ཡེ་ཤེས་སྤྲུལ་པས་སྟོང་གསུམ་ཁྱབ༔ ཤ་ཟ་ནག་མོའི་ཐུགས་ཀློང་ནས༔ ལས་བྱེད་སྡེ་བརྒྱད་མཁའ་འགྲོ་འབུམ༔ སྐུ་སྤྲུལ་རྡོ་རྗེ་མཁའ་འགྲོ་མ༔ སྨྱོ་འབོགས་གཏོང་བའི་དཀར་མོ་འབུམ༔ གསུང་སྤྲུལ་པདྨ་མཁའ་འགྲོ་མ༔ ཁྲག་ནད་གཏོང་བའི་དམར་མོ་འབུམ༔ ཐུགས་སྤྲུལ་སངས་རྒྱས་མཁའ་འགྲོ་མ༔ འཐིབས་ནད་གཏོང་བའི་ནག་མོ་འབུམ༔ ཡོན་ཏན་སྤྲུལ་པ་རིན་ཆེན་རིགས༔ ནད་མཚོན་གཏིབས་པའི་སེར་མོ་འབུམ༔ འཕྲིན་ལས་སྤྲུལ་པ་ལས་ཀྱི་རིགས༔ སྲོག་གཅོད་ལས་བྱེད་ལྗང་མོ་འབུམ༔ སྤྲུལ་པ་སྣ་ཚོགས་འོད་ལ་ཆིབས༔ ཁམས་གསུམ་ཀུན་ཀྱང་གཡོ་ཞིང་འདེགས༔ སྟོང་གསུམ་ཀུན་ཀྱང་འཁྲུག་ཅིང་འཁྱོམ༔ སྲིད་གསུམ་ཀུན་ཀྱང་འབར་ཞིང་བསྲེག༔ མཁའ་འགྲོའི་སྤྲུལ་པས་ཁམས་གསུམ་གང་༔ ཤུགས་འགྲོའི་སྤྲུལ་པས་སྟོང་གསུམ་གང་༔ ཤ་ཟ་མཁའ་འགྲོས་སྲིད་གསུམ་འགེངས༔ ལྷ་མོས་དལ་ཡམས་ཆི་ལི་ལི༔ ཀླུ་མོས་ཀླུ་ནད་ཐིབས་སེ་ཐིབས༔ བདུད་མོ་ཁྲག་འཐུང་འཇིབས་སེ་འཇིབ༔ བཙན་མོས་རྟ་རྒྱུག་སྤྲེངས་སེ་སྤྲེང་༔ སྨན་མོ་དུག་རླང་ཐུ་ལུ་ལུ༔ འདྲེ་མོས་ཤ་ཟ་ཡམས་སེ་ཡམ༔ སྲིན་མོས་རུས་འཆའ་ཡ་ལ་ལ༔ མ་མོས་སྲོག་གཅོད་ཤ་ར་ར༔ མོན་མོས་བཤུད་ཀླུ་ཙེར་རེ་རེ༔ འདབ་ཆགས་གཤོག་སྒྲོ་འུ་རུ་རུ༔ ཅེ་སྤྱད་ངུ་སྐད་ལྷངས་སེ་ལྷང་༔ བརྔམ་ཞིང་བརྔམ་ཞིང་དགྲ་སྲོག་གཅོད༔ སྲོག་གཅོད་དབུགས་ལེན་ལས་བྱེད་མ༔ བདུད་མོ་འབུམ་སྡེ་ད་རྒྱུག་ཅིག༔ རྒོད་ཅིང་རྒོད་ཅིང་ལས་བྱེད་མ༔ ཁྲག་འཐུང་ཟ་བྱེད་གདོང་པ་ཅན༔ ནག་མོ་ཆེན་མོ་ད་རྒྱུག་ཅིག༔ ཀྲུམ་ཞིང་ཀྲུམ་ཞིང་རུས་ལ་འཆའ༔ འཕུང་བྱེད་ཆེན་མོ་ཐལ་མདོག་ཅན༔ ཁྲོ་གཏུམ་ཅན་ཚོ་ད་རྒྱུག་ཅིག༔ རྒྱུག་ཅིང་རྒྱུག་ཅིང་རླུང་ལྟར་འཚུབ༔ སྣ་ཚོགས་བསྒྱུར་བའི་ལས་མཁན་མ༔ སྐྱོད་བྱེད་འབུམ་སྡེ་ད་རྒྱུག་ཅིག༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དམིགས་པའི་བྱད་མ་དགྲ་དང་བགེགས༔ ལས་ཀྱི་མཁའ་འགྲོ་ཁྱེད་རྣམས་ཀྱིས༔ ནམ་གྱི་ཕར་མ་ཚུར་ཕྱེད་ལ༔ ལྷན་ཅིག་སྐྱེས་པའི་ལྷ་དང་ཕྱེས༔ མཉམ་པོར་འོང་བའི་བདུད་དང་སྤྲོད༔ སྲོག་རྩ་དམར་པོ་ཆོད་ལ་ཤོག༔ སྙིང་ཁྲག་དྲོན་མོ་འཐུང་ལ་ཤོག༔ ཀླད་ཁྲག་ཞོ་ལྟར་དཀྲུགས་ལ་ཤོག༔ བསད་རྟགས་དོན་སྙིང་ཁྱེར་ལ་ཤོག༔ ཕོ་བརྒྱུད་རྩད་ནས་ཆོད་ལ་ཤོག༔ སྟེང་གི་ཁྱོ་ལ་ཟོར་འདི་ཡ༔ མོ་བརྒྱུད་མངལ་ནས་སྐོམས་ལ་ཤོག༔ འོག་གི་ཆུང་མར་ཟོར་འདི་ཡ༔ འཕེན་པོ་དྲུངས་ནས་ཕྱུངས་ལ་ཤོག༔ ཕ་ཚན་སྡེ་ལ་ཟོར་འདི་ཡ༔ རྨང་པོ་རྩད་ནས་ཆོད་ལ་ཤོག༔ མཆན་གྱི་བུ་ལ་ཟོར་འདི་ཡ༔ འདུ་བ་རྣམ་བཞི་ཁོང་ནས་སློངས༔ སྲོག་གི་རྩ་ལ་ཟོར་འདི་ཡ༔ འཕུང་ཐབས་སྣ་དགུས་རྗེས་མེད་ཐོང་༔ སྒོ་ཡི་ནོར་ལ་ཟོར་འདི་ཡ༔ ནད་གདོན་བར་ཆད་དམག་སྒར་ཐོབ༔ ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཐོང་༔ ཁ་ཕུང་རྗེས་མེད་རྡུལ་དུ་རློག༔ ཅེས་བརྗོད་བཟློག་སྔགས་གཡབ་མོ་གདབ༔ ཟོར་འཕེན་དམིགས་བྱ་བརླགས་པར་བསམ༔ མཁའ་འགྲོའི་འགྱུ་བར་བསྟུན་པ་གནད༔ འདི་ནི་སྤུ་གྲི་འབར་བ་སྟེ༔ གང་ལ་དམིགས་པ་རྡུལ་དུ་བརླག༔ ཕྱི་རབས་ཆིག་བརྒྱུད་ཨ་ཐཾ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ བདག་སྤྲང་བན་གྱིས་གཏེར་ནས་སྤྱན་དྲངས་པའོ། །མངྒ་ལཾ།། །།


previousབདུད་འདུལ་ནག་མོའི་བསྐུལ་བ་ཤིན་ཏུ་གཉན་པ།next