Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  collapse section
   
   
   
   
   
བདུད་འདུལ་མཁའ་འགྲོ་སེང་གདོང་མའི་དབང་ཆོག་གི་རིམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousབདུད་འདུལ་མཁའ་འགྲོ་སེང་གདོང་མའི་དབང་ཆོག་གི་རིམ་པ།next

བདུད་འདུལ་མཁའ་འགྲོ་སེང་གདོང་མའི་དབང་ཆོག་གི་རིམ་པ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ བདུད་འདུལ་མཁའ་འགྲོ་སེང་གདོང་མའི་དབང་ཆོག་གི་རིམ་པ་བཞུགས༔ དཔལ་ཆེན་པོ་མཁའ་འགྲོའི་དབང་ཕྱུག་ལ་ཕྱག་འཚལ་ལོ༔ ཡིད་དང་མཐུན་པའི་གནས་སུ་དབང་གི་དངོས་རྫས་བསགས་ཤིང་ལས་ཀྱི་གཞུང་བསྲང་༔ བསྙེན་པ་ཁ་གསོ༔ བསྐྱེད་རྫོགས་གསལ་གདབ༔ སློབ་བུ་གྲལ་ལ་འཁོད༔ ཁྲུས་བྱ༔ བགེགས་བསྐྲད༔ བསྲུང་འཁོར་བསྒོམ་ཞིང་ཡེ་ཤེས་པ་དབབ༔ གོ་མཚོན་རིན་ཆེན་མཎྜལ་དབུལ༔ སློབ་དཔོན་ལྷར་གསལ་གསོལ་བ་འདེབས༔ ཧཱུྃ༔ དཔའ་བོ་ཆེན་པོ་མཁའ་འགྲོའི་གཙོ༔ བདག་ཅག་བུ་ལ་དགོངས་སུ་གསོལ༔ དུར་ཁྲོད་མཁའ་འགྲོ་ཡེ་ཤེས་གཙོ༔ བདུད་འདུལ་ནག་མོའི་དབང་བསྐུར་སྩོལ༔ ལན་གསུམ༔ དེ་ནས་བུམ་པ་ལྷ་ཡི་སྐུ༔ སློབ་མའི་སྤྱི་བོར་བཞག་ནས་ཀྱང་༔ ཧཱུྃ༔ ཞིང་ཁམས་སྐུ་དང་འདུ་འབྲལ་མེད༔ སྐུ་གསུམ་ལྷུན་གྲུབ་མཁའ་འགྲོའི་དབང་༔ སྐལ་ལྡན་བུ་ལ་འདི་སྦྱིན་པས༔ སྨིན་གྲོལ་སྐུ་ཡི་དབང་ཐོབ་ཤོག༔ ཧཱུྃ་བཛྲ་དྷཀྐི་ནི་སིངྷ་མུ་ཥ་ཧ་རི་ནི་ས་ཀཱ་ཡ་ཨབྷི་ཥིཉྩ་ཧཱུྃ༔ ཅེས་བརྗོད་བུམ་ཆུ་སློབ་མར་སྦྱིན༔ ཐོད་པ་བདུད་རྩི་མགྲིན་པར་བཞག་ཅིང་༔ ཧཱུྃ༔ དུམ་གཅིག་བྷན་དྷ་རང་བྱུང་བདུད་རྩིས་བཀང་༔ རྩ་ཁམས་རང་གྲོལ་དཔའ་བོ་མཁའ་འགྲོའི་གསུང་༔ ལོངས་སྤྱོད་རྫོགས་སྐུ་འགག་མེད་དབང་བསྐུར་བས༔ འབུམ་ཕྲག་མཁའ་འགྲོའི་གསུང་གི་དབང་ཐོབ་ཤོག༔ ཧཱུྃ་བཛྲ་དྷཀྐི་ནི་སིདྷ་མུ་ཥ་ཧ་རི་ནི་ས་ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་བརྗོད་བདུད་རྩི་ངག་ཏུ་བླུད༔ མེ་ལོང་སིནྡྷུ་རས་གླན་པ་ལ༔ ཆོས་འབྱུང་ལྟེ་བར་ཧཱུྃ་མཐར་སྙིང་པོ་བྲིས་པ་སློབ་མའི་སྙིང་གར་བཞག་ཅིང་༔ ཧཱུྃ༔ མེ་ལོང་ཆོས་འབྱུང་གསང་བའི་རྫས་དང་ལྡན༔ ཤེས་རབ་ཡེ་ཤེས་འབུམ་ཕྲག་མཁའ་འགྲོའི་ཐུགས༔ དད་ལྡན་སློབ་མ་ཁྱོད་ལ་འདི་སྦྱིན་པས༔ ཡིད་སྒྲིབ་དག་ནས་ཐུགས་ཀྱི་དབང་ཐོབ་ཤོག༔ ཧཱུྃ་བཛྲ་དྷཀྐི་ནི་སིདྷ་མུ་ཥ་ཧ་རི་ནི་ས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་བརྗོད་སྙིང་གར་སིནྡྷུ་རས་གླན་ནོ༔ དེ་ནས་དཔལ་གྱི་ཕྱག་མཚན་གྲི་གུག་ཁ་ཊྭཱྃ་རྐང་གླིང་ཐོད་རྔ་བྷནྡྷ་ལྕང་ལོ་ཅན་རྣམས་སློབ་བུའི་ལག་ཏུ་གཏད་ཅིང་༔ ཧཱུྃ༔ བདུད་འདུལ་དྷཀྐི་སེང་གདོང་ནག་མོའི་ཚོགས༔ འབུམ་ཕྲག་མཁའ་འགྲོའི་ཡོན་ཏན་འབྱུང་བའི་རྫས༔ མ་བརྒྱུད་ལྷ་ཚོགས་བསྒྲུབ་པའི་བླ་རྡོ་འདིས༔ དེང་འདིར་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འབུམ་ཕྲག་མཁའ་འགྲོའི་ཡོན་ཏན་དབང་ཐོབ་ཤོག༔ ཧཱུྃ་བཛྲ་དྷཀྐི་ནི་སིངྷ་མུ་ཥ་ཧ་རི་ནི་ས་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་བརྗོད་ཐོད་རྔ་འཁྲོལ་ཞིང་རྐང་གླིང་འབུད་དཔལ་གྱི་གཏོར་མ་སྤྱི་བོར་བཞག་ཅིང་༔ ཧཱུྃ༔ ཤ་ཁྲག་འབྲུ་བཅུད་བྷ་ལིང་གཏོར་མ་འདི༔ མཁའ་འགྲོའི་དཀྱིལ་འཁོར་ལྷ་དང་གཉིས་སུ་མེད༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ འབུམ་ཕྲག་མཁའ་འགྲོའི་འཕྲིན་ལས་དབང་ཐོབ་ཤོག༔ ཧཱུྃ་བཛྲ་དྷཀྐི་ནི་སིངྷ་མུ་ཁ་ཧ་རི་ནི་ས་ཀརྨ་བྷ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ༔ བཀའ་གཏད་དྲག་ཏུ་བྱ་ཞིང་ལྷ་ཚོགས་སློབ་མར་བསྟིམ༔ གཏོར་མ་དངོས་གྲུབ་ཏུ་རོལ༔ དབང་ཡོན་སྐྱེམས་བཅས་སློབ་དཔོན་སྐུ་ལ་མཆོད༔ དགའ་བྲོ་བཀྲ་ཤིས་ཚོགས་འཁོར་རྗེས་བསྐྱང་ངོ༔ དགེ་བ་བསྔོ་ཞིང་སྟོང་ཉིད་རྒྱས་གཏབ་སྟེ༔ བླ་རྡོ་བཅང་ཞིང་མཁའ་འགྲོ་བསྒྲུབ་ཅིང་བརྟེན༔ དམ་ཚིག་བསྲུང་ཞིང་མཆོད་གཏོར་བསྐང་གསོལ་འབད༔ རྩ་རླུང་སྦྱང་ཞིང་ཐིག་ལེ་མི་ཉམས་བྱ༔ སྐུ་གསུམ་མཁའ་འགྲོ་བདུད་འདུལ་དྷཀྐི་མས༔ བར་ཆད་སེལ་ཞིང་དངོས་གྲུབ་སྩོལ་བར་འགྱུར༔ དེ་ཕྱིར་ཉམས་སུ་ལོངས་ཤིག་ཕྱི་རབས་རྣམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་ཁམས་པ་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེ་ནས་ཤིང་མོ་ཡོས་ཀྱི་ལོ་ལ་སྤྱན་དྲངས་ཤིང་། ལྕགས་ཕོ་སྤྲེའུའི་ལོ་ལ་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ། །།


previousབདུད་འདུལ་མཁའ་འགྲོ་སེང་གདོང་མའི་དབང་ཆོག་གི་རིམ་པ།next