Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  collapse section
   
   
   
   
   
   
མཁའ་སྤྱོད་དཀར་མོའི་ཚེ་སྒྲུབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousམཁའ་སྤྱོད་དཀར་མོའི་ཚེ་སྒྲུབ།next

མཁའ་སྤྱོད་དཀར་མོའི་ཚེ་སྒྲུབ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ མཁའ་སྤྱོད་དཀར་མོའི་ཚེ་སྒྲུབ་བཞུགས༔ མཁའ་འགྲོའི་དབང་ཕྱུག་ལ་ཕྱག་འཚལ་ལོ༔ ཤིན་ཏུ་དབེན་པའི་གནས་སུ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པའི་ངང་ནས༔ སྐད་ཅིག་གིས་རང་ཉིད་ཚེ་ཡི་མཁའ་འགྲོ་མཁའ་སྤྱོད་དཀར་མོ་ཞལ་གཅིག་སེང་གེའི་གདོང་ཅན༔ སྐུ་མདོག་དཀར་མོ་རུས་རྒྱན་དང་དར་གྱི་ཅོད་པན་ཅན༔ ཕྱག་གཡས་ན་མདའ་དར་དང་གཡོན་ཚེ་བུམ་བསྣམས་པ༔ ཞབས་གཉིས་མཁའ་ལ་སྤྱོད་པའི་ཚུལ་ཅན་དུ་བཞུགས་ཤིང་༔ མེ་ལོང་དང་དྲིལ་བུ་གཡེར་ཁའི་ཕྲེང་བ་འཁྲོལ་བ་ཞིག་ཏུ་བསྒོམ༔ དེའི་ཐུགས་ཀར་ཙིཏྟ་རིན་པོ་ཆེ་འབར་བའི་ཀློང་དུ༔ ཉི་ཟླ་པདྨའི་གདན་ལ་རང་རིག་གི་ངོ་བོ་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་བྱི་རུའི་མདོག་ལྟར་རབ་ཏུ་དམར་བ་ལ༔ ལོངས་སྤྱོད་རྫོགས་སྐུའི་རྒྱན་ཐམས་ཅད་ཀྱིས་སྤྲས་པ༔ ཞབས་རྡོ་རྗེ་སྐྱིལ་ཀྲུང་ཅན༔ མཉམ་གཞག་གི་ཕྱག་རྒྱ་ལ་ཚེ་བུམ་བདུད་རྩིས་བཀང་བ་བསྣམས་པ༔ ཡུམ་མཱ་མ་ཀི་དང་འཁྲིལ་བ༔ མདའ་དར་དང་ཚེ་བུམ་ཅན༔ སྣང་ལ་རང་བཞིན་མེད་པའི་སྐུ་རུ་གསལ་ཞིང་༔ མགོན་པོ་ཚེ་དཔག་མེད་ཀྱི་ཕྱོགས་བཞིར་པདྨ་འདབ་མ་བཞིའི་སྟེང་དུ་་རིགས་བཞིའི་མཁའ་འགྲོ་མདའ་དར་དང་ཚེ་བུམ་ཅན༔ སྐུ་མདོག་ཕྱོགས་མཐུན་ལ་ཞབས་གར་སྟབས་སུ་བཞེངས་པ༔ རྒྱན་དང་ལྡན་ཞིང་གཟི་བརྗིད་དང་ལྡན་པར་བསྐྱེད༔ མགོན་པོ་ཚེ་དཔག་མེད་ཀྱི་ཐུགས་ཀར་ཉི་མའི་སྟེང་དུ་རིན་པོ་ཆེ་པདྨ་རཱ་ག་ལས་གྲུབ་པའི་རྡོ་རྗེ་རྩེ་ལྔ་པ་ཞིག་གི་ལྟེ་བར་ས་བོན་ཐུགས་སྲོག་ཧྲཱིཿཡིག་དམར་པོས་མཚན་པའི་མཐར༔ ཨཱོཾ་ཨཱཿཧཱུྃ་ཧྲཱིཿསིདྷ་མུ་ཥ་ཧ་རི་ནི་ས་ཚེ་བྷྲཱུཾ་ཛྙཱ་ན་སིདྡྷི་ཧཱུྃ་ཧཱུྃ༔ ཅེས་པའི་སྔགས་འབྲུ་རྣམས་ཀྱིས་བསྐོར་བ་གཡས་སུ་འཁོར་བ་ལས་འོད་ཟེར་འཕྲོས༔ ལྷ་མོ་བཞི་དང་མཁའ་སྤྱོད་དཀར་མོའི་ཐུགས་རྒྱུད་བསྐུལ༔ ཚེ་ཡི་ལྷ་མོ་མགྱོགས་མ་སྒོ་མ་གྲངས་མེད་དཔག་ཏུ་མེད་པ་ཉི་ཟེར་གྱི་རྡུལ་ལྟར་འཚུབ་ཅིང་༔ འཁོར་འདས་ཀུན་ཏུ་འཕྲོས༔ སངས་རྒྱས་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས༔ སྟོང་གསུམ་འཇིག་རྟེན་གྱི་ཕྱི་སྣོད་འབྱུང་བ་བཞིའི་དུག་དབྱུངས༔ འབྱུང་བ་བཞིའི་དྭངས་མ་ཐམས་ཅད་འོད་ཀྱིས་བསྡུས༔ ནང་བཅུད་འགྲོ་བའི་ལས་སྒྲིབ་སྦྱངས༔ ཚེ་བསོད་དཔལ་འབྱོར་ཐམས་ཅད་རང་དབང་མེད་པར་འོད་ཀྱིས་དྲངས༔ ཁྱད་པར་དུ་རང་གི་ཚེ་སྲོག་ཆད་ཉམས་ཐམས་ཅད་བསྡུས་གསོས་སྤེལ་ནས༔ འཁོར་འདས་ཀྱི་ཐུགས་རྗེ་བྱིན་རླབས་ཚེ་བསོད་དབང་ཐང་ཐམས་ཅད་རྒྱ་མཚོ་ཆེན་པོ་ལ་ཆར་འབབས་པ་ལྟར་རང་ལུས་མཁའ་སྤྱོད་མར་གསལ་བ་དང་༔ རང་རིག་མགོན་པོ་ཚེ་དཔག་མེད་རང་སེམས་རྣམ་པར་དག་པའི་ཆ་སྙིང་པོ་ཧྲཱིཿཡིག༔ འབྱུང་བ་བཞིའི་རང་མདངས་དག་པའི་ལྷ་མཁའ་འགྲོ་མ་བཞི༔ སྐུ་གསུང་ཐུགས་ཀྱི་མཁྱེན་བརྩེ་ནུས་མཐུ་ཐམས་ཅད་ངོ་བོ་མ་འགགས་པའི་རང་རྩལ་སྔགས་འབྲུ་རྣམས་དང་བཅས་པ་ལ་ཐིམ་པས༔ འཁོར་འདས་ལམ་གསུམ་གྱི་ཚེ་བསོད་རང་ལ་འདུས༔ ལུས་ངག་ཡིད་གསུམ་འཇིགས་མེད་རྡོ་རྗེ་གསུམ་གྱི་ཀློང་དུ་གྲོལ་བར་བསྒོམ་ཞིང་གོང་གི་སྙིང་པོ་བཟླ༔ སྔགས་དམིགས་རྩེ་གཅིག་གནད་དུ་བསྣུན་པས༔ ཚེ་ལ་དབང་ཐོབ་པའི་རྟགས་དངོས་ཉམས་རྨི་ལམ་སོགས་ལ༔ མཁའ་སྤྱོད་མའི་ཞལ་མཇལ་བ༔ གསུང་ཐོས་པ༔ ལུང་སྟོན་པ༔ ཉི་ཟླ་ལ་ཞོན་པ་སོགས་འབྱུང་བར་འགྱུར་རོ༔ སྐབས་སུ་ཚེ་འགུགས་པ་ནི༔ ཧཱུྃ༔ མཁའ་སྤྱོད་དཀར་མོ་མཁའ་འགྲོའི་གཙོ༔ མཁའ་འགྲོ་འབུམ་ལ་དབང་ཡང་བསྒྱུར༔ མགོན་པོ་རྒྱལ་བ་ཚེ་དཔག་མེད༔ རིག་འཛིན་ཚེ་ལ་མངའ་ཡང་བརྙེས༔ མཁའ་འགྲོ་སྡེ་བཞི་སྐུ་བཞིའི་བདག༔ འཁོར་འདས་ལམ་གསུམ་ནུས་སྟོབས་འཆང་༔ གསལ་བ་གསུམ་གྱི་ཏིང་འཛིན་གྱིས༔ རྡོ་རྗེ་གསུམ་གྱི་ཚེ་བསྒྲུབ་ཅིང་༔ འཁོར་འདས་ཀུན་གྱི་བྱིན་རླབས་དང་༔ ཚེ་བསོད་དཔལ་འབྱོར་དབང་ཐང་རྣམས༔ བདག་གི་ལུས་ངག་ཡིད་གསུམ་ལ༔ གཉིས་སུ་མེད་པར་བསྟིམས་ནས་ཀྱང་༔ ཐ་དད་མེད་པར་དབང་བསྐུར་ཞིག༔ ཅེས་བརྗོད་སྙིང་པོ་ཅི་རིགས་བགྲངས༔ ས་མ་ཡཱ༔ རྒྱ༔ ཨེ་མ་གསང་བའི་ཚེ་སྒྲུབ་འདི༔ ཤིན་ཏུ་ཟབ་ཕྱིར་གཏེར་དུ་སྦས༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་ཤོག་སེར་ལས་ཕབ་པའོ། མངྒཱ་ལཾ། །


previousམཁའ་སྤྱོད་དཀར་མོའི་ཚེ་སྒྲུབ།next