Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  collapse section
   
   
   
   
   
   
   
མཁའ་སྤྱོད་བདུད་འདུལ་མའི་རྫས་སྲུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousམཁའ་སྤྱོད་བདུད་འདུལ་མའི་རྫས་སྲུང་།next

མཁའ་སྤྱོད་བདུད་འདུལ་མའི་རྫས་སྲུང་།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ མཁའ་སྤྱོད་བདུད་འདུལ་མའི་རྫས་སྲུང་ཡོདཿ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་འདུད༔ ཡེ་ཤེས་མཁའ་འགྲོའི་རྣལ་འབྱོར་པས༔ བསྟན་དང་འགྲོ་བའི་དོན་ཕྱིར་དུ༔ སེམས་བསྐྱེད་གདོན་བགེགས་བསྲུང་བའི་ཕྱིར༔ དྲག་པོའི་ལས་སྦྱོར་རྫས་བསྡུད་བསྟན༔ ས་མ་ཡཱཿ རྒྱ་རྒྱ་རྒྱཿ སྔོན་འགྲོ་དང་ནི་དངོས་གཞི་དང་ཿ རྗེས་ཀྱི་རིམ་པ་རྣམ་གསུམ་གྱིསཿ རིམ་པར་དབྱེ་སྟེ་གསལ་བར་བྱཿ རྗེས་འཇུག་རྣམས་ཀྱི་གོ་ཆར་ཤོག༔ ས་མ་ཡཱ༔ དང་པོ་སྔོན་འགྲོའི་རྫས་བསྲུང་ནི༔ བཙན་དུག་ར་དུག་ཐང་ཕྲོམ་གསུམ༔ མི་ཁྲག་རྟ་ཁྲག་ཁྱི་ཁྲག་གསུམ༔ གླང་གཡག་ར་ཐུག་རྭ་གཞོབ་གསུམ༔ རྒྱ་ཚིལ་ཕག་ཚིལ་ཚིལ་ཆེན་གསུམ༔ དྲི་ཆེན་ཕག་བྲུན་སྤྱང་བྲུན་གསུམ༔ མི་ཤ་རྟ་ཤ་ཕུག་ཤུད་ཤ༔ དྲི་ཆུ་བ་ཆུ་གར་ཆང་གསུམ༔ གླ་རྩི་བ་བླ་སྡོང་རོས་གསུམ༔ ཤུ་དག་དཀར་ན་སྦྲ་བ་གསུམ༔ ཤིང་ཀུན་མུ་ཟི་རྟ་བོན་གསུམ༔ སྒོག་ཅིག་མ་ནུ་ཐང་ཕྲོམ་གསུམ༔ གུ་གུལ་ཡུངས་དཀར་ཡུངས་ནག་གསུམ༔ གཞན་ཡང་ཤ་སྣ་ཁྲག་སྣ་དང་༔ དྲི་ངར་ལྡན་པའི་སྨན་རྣམས་བསགས༔ གླང་ཐུག་རྭ་ཅོའི་ནང་དུ་བླུག༔ རྡོ་རྗེ་འབར་བས་རྒྱ་ཡང་བཏབ༔ སྨྲ་བ་བཅད་ལ་སྔགས་འདི་བསྒྲངས༔ ཧཱུྃ་བཛྲ་དྷཀྐི་ནི་སིང་ཧ་མུ་ཥ་ཧ་རི་ནི་ས་ཧཱུྃ་ཕཊ༔ སྡེ་བརྒྱད་བྱད་མ་རྦོད་གཏོང་དང་བཅས་པའི་སྲོག་རྩ་ལ་ཡཾ་ཡཾཿ སྙིང་རྩ་ལ་འདུས་འདུས༔ ཁྲག་རྩ་ལ་རྒྱུག་རྒྱུག་བླ་སྲོག་རྣམ་པར་ཤེས་པ་པྲེང་པྲེང་༔ སིདྷ་མུ་ཥ་དྷཀྐི་ནི་ས་མ་ཡ་བྷྱོ་བྷྱོ་བཟློག་བཟློགཿ འབྱུང་པོ་གནོད་བྱེད་ཐམས་ཅད་མཱ་ར་ཡ་རྦད་ཡ་ཆོད་ཅིག༔ བྱེར་ཅིག་ཆིངས་ཤིག༔ མ་མ་སྙིང་རྩ་ཁོས་ཁོས༔ ཚལ་པ་ཚལ་པ་རྦད་བྷྱོ༔ དྲག་སྔགས་གནམ་ལྕགས་སྤུ་གྲི་འདི༔ བརྒྱ་སྟོང་ཁྲི་འབུམ་ཅི་མང་བཟླས༔ རྫས་ལ་སྔགས་ཀྱི་དྲོད་ཀྱིས་གླན༔ གསུམ་པ་རྗེས་ཀྱི་རིམ་པ་ནི༔ འདི་ལྟར་རྫས་སྔགས་སུས་བསྒྲུབས་པ༔ སྔོན་ལས་ངན་པའི་རྐྱེན་བཟློག་ན༔ འཕྲལ་རྐྱེན་ཕྲན་བུ་སྨོས་ཅི་དགོས༔ ལུས་ལ་བཅང་བས་བྱད་མ་དང་༔ རྦོད་གཏོང་སྡེ་བརྒྱད་དམོད་པ་ཐུབ༔ དྲི་ཙམ་ཚོར་བས་དཔག་ཚད་བསྲུངས༔ བྱུག་པས་མཛེ་ཤུ་སྐྲང་འབུར་དང་༔ གག་ལྷོག་གཟེར་གསུམ་གནོད་པ་བཟློག༔ རིལ་བུ་བསྟེན་ན་ངེས་པར་བཟློག༔ གཟའ་ཀླུ་རྒྱལ་བསེན་གདུག་པ་འཇོམས༔ ངག་མནན་ཕྲ་མེན་སེལ་གྱི་རིགས༔ འགོས་ནད་འབྲུམ་བུ་དམར་བཤལ་སོགས༔ ནད་གདོན་བར་ཆད་འཇིགས་པ་ན༔ དུ་བས་བདུག་ཅིང་དྲི་ལ་སྣོམས༔ གནོད་བྱེད་གཡུལ་ལས་ངེས་པར་རྒྱལ༔ གཏེར་འདོན་སྦས་ཡུལ་གནས་སྒོ་ཕྱེ༔ རོ་གཉན་ཁུར་དང་ཤིང་གཉན་གཅོད༔ བྲག་གཤོག་རྡོ་བསློག་མཁར་ལས་བྱེད༔ མདོར་ན་དྲག་ལས་གང་བྱེད་ཀྱང་༔ འདི་ནི་རྣལ་འབྱོར་ལུས་ཀྱི་གོ༔ འདི་མེད་གཅེར་བུ་གྲི་ཁ་འདྲ༔ འདི་ཡིས་མི་ཐུབ་གང་ཡང་མེད༔ ཐོད་ངན་ནང་དུ་རྫས་བླུགས་ཏེ༔ ཆུ་མིག་བྱང་ལྟས་མགོ་བོར་སྦས༔ ཐོག་དང་སེར་བ་ཁོལ་རྒྱུག་བྱེད༔ ཐོད་པར་བླུག༔ ཞིང་དཀྱིལ་སྦས་ན་སྐྱེ་རྒྱུན་འཆད༔ རོའི་ཐོད་པར་བླུགཿ ཁང་རྨིང་སྦས་ན་མི་རབས་འཆད༔ ལི་ཐོད་པར་བླུགཿ ལུང་གསུམ་འདུས་པའི་ལ་ཁར་བསྐྱེལ༔ དགྲ་བོའི་རྟ་རབས་རྩད་ནས་གཅོད༔ འདི་དག་ལས་སྦྱོར་གང་བྱེད་ཀྱང་༔ དྲག་སྔགས་བརྒྱ་རྩའི་ནུས་པ་གསོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྒྱ་གར་སྔགས་འཆང་པདྨ་ངས༔ མ་བསྒྲུབས་ནུས་ལྡན་གནམ་ལྕགས་མཁར༔ སྤེེལ་བ་ཕངས་ནས་གཏེར་དུ་སྦས༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ལྷ་བཙན་ཆེན་པོས་བཀའ་འདི་སྲུངས༔ ས་མ་ཡཱཿ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ བདག་སྤྲང་བན་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེའི་བདེ་ཆེན་གསང་བ་ཕུག་ནས་རྙེད་ཅིང་། ཤོག་སེར་ལས་བཤུས་སོ། །མངྒ་ལཾ།། །།


previousམཁའ་སྤྱོད་བདུད་འདུལ་མའི་རྫས་སྲུང་།next