Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  collapse section
   
   
   
   
   
   
   
   
བདུད་འདུལ་མཁའ་འགྲོ་ནག་མོའི་རབ་ཏུ་གསང་བ་བཟློག་པའི་འཕྲིན་ལས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousབདུད་འདུལ་མཁའ་འགྲོ་ནག་མོའི་རབ་ཏུ་གསང་བ་བཟློག་པའི་འཕྲིན་ལས།next

བདུད་འདུལ་མཁའ་འགྲོ་ནག་མོའི་རབ་ཏུ་གསང་བ་བཟློག་པའི་འཕྲིན་ལས།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ བདུད་འདུལ་མཁའ་འགྲོ་ནག་མོའི་རབ་ཏུ་གསང་བ་བཟློག་པའི་འཕྲིན་ལས་བཞུགས༔ དཔལ་ཆེན་པོ་མཁའ་འགྲོའི་དབང་ཕྱུག་ལ་ཕྱག་འཚལ་ལོ༔ དགུ་མཚམས་དུས་ཐེབས་འཕུང་གསུམ་ཉི་མ་ལ༔ ཡིད་དང་མཐུན་པའི་གནས་ཉིད་དུ༔ སྟེགས་བུ་ནག་འཇམས་མཁྲེགས་པའི་སྟེང་དུ་དུག་ཁྲག་གིས་ཆག་ཆག་གདབ་སྟེ༔ རོ་སོལ་གྱིས་ནག་པོར་བྱུག༔ ད་ལ་གཞུང་ལྟར་རམ་ཆོས་འབྱུང་འཁོར་ལོ་རྩིབས་བརྒྱད་པའི་མཐར་ཐོད་ར་མེ་རིས་བསྐོར་བ་འབྲི༔ མཛེས་ཚོན་ནི་སྒྲུབ་གཞུང་ལྟར་དུར་ཁྲོད་རྡོ་ཚོན་གྱིས་སྒྱུར༔ བསད་པ་དང་བཟློག་པ་གང་གཙོ་བོར་འདོན་པའི་བཅའ་གཞི་དང་གཞུང་ལྟར་ལིངྒ་འབྲི་ཞིང་རྫས་རྣམས་བསགས༔ ཁྱད་པར་དུ་ཁྲོ་ལྕགས་ཀྱི་སྣོད་གང་ཡང་རུང་བར༔ ས་གཉན་རི་གཉན་གྱི་ཡུལ་ནས་རྡོ་དམར་ནག་གི་མདོག་ལ་དབྱིབས་གྲུ་གསུམ་དམར་གྱི་གཏོར་མ་གྱེན་དུ་བསླངས་པ་འདྲ་བའི་རྡོ༔ གཙོ་བོ་གཅིག་ལ་འཁོར་བརྒྱད་བསགས་ཤིང་༔ རྩེ་ལ་བཛྲ༔ རྐེད་པ་ལ་ཧཱུྃཿ སྨད་ལ་ཛཿ བྷྱོ་ཟློག་ཅེས་དུག་ཁྲག་གིས་བྲི་ཞིང༔ སྣོད་དུ་བཤམས་ཏེ་ཤ་སྣ་ཁྲག་སྣ་མང་པོས་བརྒྱན༔ མདའ་རྒོད་སྒྲོ་མའི་མགུལ་དུ་མཁའ་འགྲོའི་སྐུ་གཟུགས་དར་ནག་གི་གུར་ཕུབ་པ་རྡོ་ཟོར་དབུས་སུ་གཟུགས༔ ཀེ་ཚེ་ཤངས་ཚེ་འཚེ་དང་ཡུངས་ཀར་ནག་སོགས་ཀྱང་བར་བར་དུ་འཛུགས༔ མཐའ་མར་མཐེབ་ཀྱུ་དང་ཤ་དུམ་ཅི་མང་བཏབ༔ དེ་དཀྱིལ་འཁོར་གྱི་དབུས་སུ་ལྕགས་ཀྱི་རྐང་གསུམ་ཁར་བཤམས༔ མཐའ་སྐོར་དུ་སྨན་རག་གཏོར་སོགས་མཆོད་རྫས་རྣམས་དང་༔ ཚོགས་ཀྱི་ཡོ་བྱད་བཤམས༔ རྣལ་འབྱོར་བ་བདེ་བའི་གདན་ལ་འདུག་ཅིང་རྔ་དུང་རོལ་མོ་རྣམས་འཁྲོལ་ཏེ༔ མཁའ་འགྲོའི་ལས་གཞུང་བསྲང་༔ བདག་མདུན་རྣམས་སྐད་ཅིག་གིས་བདུད་འདུལ་མཁའ་འགྲོ་ནག་མོའི་ལྷ་ཚོགས་སུ་ཡང་ཡང་གསལ་ཞིང་༔ ཤེས་པ་ཧུར་ཕྱུངས་ཉམས་རྟོགས་གོང་དུ་སྤར་ཏེ༔ བསད་པའམ་བཟློག་པ་སོགས་གང་འདོད་ལྟར་དགྲ་བོ་བྱད་མ་དགུག་བསྟིམ་དྲག་ཏུ་བྱ་ཞིང་༔ ལས་སྦྱོར་གང་འདོད་ཀྱི་སྙིང་པོ་བགྲང་བའམ༔ ཡང་ན་བཟློག་པས་མི་བཟློག་མཁན་གྱི་གཤེད་མ་དགྲ་བོ་བྱད་མ་ལྷ་སྲུང་རྡུལ་དུ་བརླག་པའི་དྲག་སྔགས་འདི་བཟླའོ༔ ཧཱུྃ་བཛྲ་དྷཀྐི་ནི་སིདྷ་མུ་ཁ་ཧ་རི་ནི་ས་ཙིཏྟ་ཧྲིང་ཛཿ རྔམ་རྔམ་ཁམ་ཁམ་རམ་རམ་མྱོགས་མྱོགས་ལམ་ལམ་ཡམ་ཡམ་དགྲ་བོ་བྱད་མ་དཀྲུགས་དཀྲུགས༔ ཕྱེས་ཕྱེས་མཱ་ར་ཡ་སྙིང་ཁྲག་ཚལ་པ་རྦད་རྦད་སོད་སོད་བྷྱོ་བྷྱོ་ཟློག་ཟློག༔ ཅེས་མི་ཚིག་གིས་བར་མ་ཆོད་པར་ཕ་རོལ་གྱི་ནུས་པ་དང་སྦྱར་ཏེ་བརྒྱ་སྟོང་ཁྲི་འབུམ་སོགས་བཟླ་ཞིང་༔ མཁའ་འགྲོ་འཁོར་བཅས་ཀྱིས་དགྲ་བོ་བྱད་མ་ལྷ་སྲུང་གདོན་བགེགས་བར་དུ་གཅོད་པ་ཐམས་ཅད་ཆོམ་ཆོམ་གསོལ་ཞིང་ལྷ་ཚོགས་ཐམས་ཅད་དྲག་ཏུ་ཁྲོས་ཏེ༔ ཕ་རོལ་གྱི་ཤ་ཟོས་ཁྲག་འཐུང་རུས་པ་མུར་དབུགས་འགམས་སྲོག་རྩ་བཅད་སྙིང་ཁྲག་འཐུངས་ནོར་ཕྲོགས་གྲོང་སྒྱེལ་ལྷ་སྲུང་དང་ཕྱེས་ནད་ཡམས་ལྟས་ངན་སྣ་ཚོགས་ཀྱི་ཆར་དྲག་ཏུ་ཕབ་པས་རྡུལ་དུ་བརླགས་པར་བསྒོམས་ཤིང་༔ ལིངྒ་བསྒྲལ་ནས་གཏོར་མར་འབུལ་ཞིང་༔ འདོན་སྒོམ་སྦྲགས་མར་འདི་སྐད་བཟློག་པའི་འཕྲིན་ལས་བཅོལ་ལོ༔ ཧཱུྃ་ཧཱུྃ༔ ཆོས་དབྱིངས་མཁའ་འགྲོ་ཅིར་ཡང་མ་གྲུབ་ཀྱང་༔ འགག་མེད་རོལ་པ་ཡེ་ཤེས་དཀྱིལ་འཁོར་ནས༔ བདུད་དང་མུ་སྟེགས་རྦོད་གཏོང་བཟློག་པའི་ལྷ༔ ཡེ་ཤེས་མཁའ་འགྲོ་ལས་ཀྱི་གཙོ་མོ་སྟེ༔ བདུད་འདུལ་ནག་མོ་མཁའ་འགྲོ་སེང་གེའི་གདོང་༔ ཞལ་གདངས་ལྗགས་འདྲིལ་མཚེ་བ་གཙིགས་པ་ཡིས༔ སྟོང་གསུམ་གཡོ་ཞིང་སྲིད་གསུམ་འཁྲུག་པར་བྱེད༔ འཁོར་འདས་གཡོ་འཁྲུག་རྦོད་གཏོང་རྦད་འདྲེའི་ཚོགས༔ སྡང་དགྲ་གནོད་བྱེད་བྱད་མའི་སྟེང་དུ་ཟློག༔ ཞབས་གཉིས་གར་སྟབས་ས་ལ་བརྡབས་པ་ཡིས༔ སྟོང་གི་འཇིག་རྟེན་རི་རབ་འདེགས་སྙམ་བྱེད༔ ས་བདག་གཡོ་འཁྲུག་རྦོད་གཏོང་རྦད་འདྲེའི་ཚོགས༔ སྡང་དགྲ་གནོད་བྱེད་བྱད་མའི་སྟེང་དུ་ཟློག༔ སྤྱན་གསུམ་སྡང་མིག་རབ་ཏུ་འཁྲུག་པ་ལས༔ ཉི་ཟླ་གཉིས་པོ་ཕྱོགས་བཞིར་རྒྱུག་སྙམ་བྱེད༔ གཟའ་སྐར་གཡོ་འཁྲུག་རྦོད་གཏོང་རྦད་འདྲེའི་ཚོགས༔ སྡང་དགྲ་གནོད་བྱེད་བྱད་མའི་སྟེང་དུ་ཟློག༔ དབུ་སྐྲ་ཁམ་གནག་རབ་ཏུ་བསིག་ཅིང་སྤྲུག༔ སྤྲིན་ནག་ཁ་རླངས་མུན་པར་འཐིབས་སྙམ་བྱེད༔ མྱོས་བྱེད་རྗེད་བྱེད་རྦོད་གཏོང་རྦད་འདྲེའི་ཚོགས༔ སྡང་དགྲ་གནོད་བྱེད་བྱད་མའི༴ ཞལ་ནས་ཧཱུྃ་ཕཊ་བྷྱོ་ཟློག་འབྲུག་སྟོང་ལྡིར༔ ཁམས་གསུམ་ཀུན་ཀྱང་བརྒྱལ་ཞིང་འབོགས་པར་བྱེད༔ བརྒྱལ་འབོགས་སྨྱོ་ནད་རྦོད་གཏོང་རྦད་འདྲེའི་ཚོགས༔ སྡང་དགྲ་གནོད་བྱེད་བྱད་མའི༴ ཕྱག་གཡས་གྲི་གུག་ནམ་མཁར་འཕྱར་བ་ཡིས༔ ཕྱི་ནང་སྣོད་བཅུད་ཚལ་པར་གཏུབས་སྙམ་བྱེད༔ གསོད་གནོད་གཏུབ་བྱེད་རྦོད་གཏོང་རྦད་འདྲེའི་ཚོགས༔ སྡང་དགྲ་གནོད་བྱེད༴ ཕྱག་གཡོན་བྷནྡྷར་རཀྟ་བསྐྱིལ་བ་ལས༔ ཡུལ་ཁམས་ཀུན་ཏུ་ཁྲག་མཚོ་འཁྱིལ་སྙམ་བྱེད༔ ཁྲག་ནད་དལ་ཡམས་རྦོད་གཏོང་རྦད་འདྲེའི་ཚོགས༔ སྡང་དགྲ་གནོད་བྱེད་བྱད་མའི༴ གྲུ་མོར་ཁ་ཊྭཱྃ་འབར་བ་བརྟེན་པ་ལས༔ སྣང་སྲིད་ཀུན་ཀྱང་མཚོན་ཆས་གང་སྙམ་བྱེད༔ མཚོན་ཆའི་གཡོ་འཁྲུག་རྦོད་གཏོང་རྦད་འདྲེའི་ཚོགས༔ སྡང་དགྲ་གནོད་བྱེད་བྱད༴ སྐུ་ལ་དུར་ཁྲོད་རུས་རྒྱན་གསོལ་བ་ལས༔ རྒྱུ་སྐར་མ་ལུས་ཚོགས་ཀྱིས་བརྒྱན་སྙམ་བྱེད༔ ཚེས་གྲངས་གཡོ་འཁྲུག་རྦོད་གཏོང་རྦད་འདྲེའི་ཚོགས༔ སྡང་དགྲ་གནོད་བྱེད༴ གཏི་མུག་གླང་ཆེན་ལྤགས་པ་སྤྲུགས་པ་ལས༔ སྟོང་གསུམ་ཀུན་ཀྱང་མུན་པས་གཏིབས་སྙམ་བྱེད༔ རྨོངས་བྱེད་གཏི་མུག་རྦོད་གཏོང་རྦད་འདྲེའི་ཚོགས༔ སྡང་དགྲ་གནོད་བྱེད༴ འདོད་ཆགས་མི་ལྤགས་གཡང་གཞི་གསོལ་བ་ལས༔ ཕོ་བརྒྱུད་མོ་བརྒྱུད་ཐམས་ཅད་སྐུ་ལ་རྫོགས༔ ཆགས་བྱེད་གཡེང་འཁྲུག་རྦོད་གཏོང་རྦད་འདྲེའི་ཚོགས༔ སྡང་དགྲ་གནོད་བྱེད༴ ཞེ་སྡང་སྦྲུལ་ནག་ཆུན་པོས་སྤྲས་པ་ལས༔ རི་རབ་རྒྱ་མཚོ་ཀུན་ཀྱང་འཁྱོམ་སྙམ་བྱེད༔ སྡང་བྱེད་གཡོ་འཁྲུག་རྦོད་གཏོང་རྦད་འདྲེའི་ཚོགས༔ སྡང་དགྲ་གནོད་བྱེད༴ ང་རྒྱལ་སྟག་གི་ཤམ་ཐབས་བཅིངས་པ་ལས༔ དྲེགས་ཆེན་བཅོ་བརྒྱད་བྲན་དང་ཕོ་ཉར་འགྱེད༔ དྲེགས་པའི་ལྷ་སྲིན་རྦོད་གཏོང་རྦད་འདྲའི་ཚོགས༔ སྡང་དགྲ་གནོད་བྱེད༴ མི་མགོ་ལྔ་བཅུའི་ཕྲེང་བ་འཁྲོལ་བ་ལས༔ རི་བྲག་ཐམས་ཅད་ཐབ་ཏུ་འགྲིལ་སྙམ་བྱེད༔ འབྱུང་བའི་ཐུན་ཟོར་རྦོད་གཏོང་རྦད་འདྲེའི་ཚོགས༔ སྡང་དགྲ་གནོད་བྱེད༴ གནམ་ལྕགས་སྤུ་གྲིའི་གཤོགས་པ་བརྡབས་པ་ལས༔ གནམ་ས་གཉིས་པོ་ལྟོ་བ་འབྱར་སྙམ་བྱེད༔ གནམ་སའི་གཡོ་འཁྲུག་རྦོད་གཏོང་རྦད་འདྲེའི་ཚོགས༔ སྡང་དགྲ་གནོད་བྱེད༴ རཀྟ་ཁྲག་གི་ཐིག་ལེས་བརྒྱན་པ་ལས༔ ནད་གཏོང་མ་མོ་འབུམ་འབུམ་འཕྲོ་ཞིང་འགྱེད༔ ཁྲག་ནད་དལ་ཡམས་རྦོད་གཏོང་རྦད་འདྲེའི་ཚོགས༔ སྡང་དགྲ་གནོད་བྱེད༔ ཞག་གི་སོར་རིས་འབར་བ་བྱུགས་པ་ལས༔ སྲིད་པ་གསུམ་གྱི་ཚེ་སྲོག་འཕྲོག་སྙམ་བྱེད༔ ཚེ་སྲོག་ཧུར་ཐུམ་རྦོད་གཏོང་རྦད་འདྲེའི་ཚོགས༔ སྡང་དགྲ་གནོད་བྱེད༴ ཐལ་ཆེན་འབར་བའི་ཚོམ་བུས་བྱུགས་པ་ལས༔ སྣང་སྲིད་ལྷ་འདྲེ་སེར་ལྟར་འདྲིལ་སྙམ་བྱེད༔ ལྷ་སྲིན་སྡེ་བརྒྱད་རྦོད་གཏོང་རྦད་འདྲེའི་ཚོགས༔ སྡང་དགྲ་གནོད་བྱེད༴ སྣ་ཚོགས་དར་གྱི་ཅོད་པན་འཕུར་བ་ལས༔ ཡེ་ཤེས་མཁའ་འགྲོའི་འོད་ཀྱིས་གང་སྙམ་བྱེད༔ ཡེ་ཤེས་མཁའ་འགྲོའི་བཀའ་ཆད་རྦོད་གཏོང་ཚོགས༔ སྡང་དགྲ་གནོད་བྱེད༴ མེ་རླུང་དམར་ནག་ཀློང་དུ་བཞུགས་པ་ལས༔ བསྐལ་པའི་མེ་ཆེན་འབར་ཞིང་སྲེག་སྙམ་བྱེད༔ སྲེག་བྱེད་མེ་ཡི་རྦོད་གཏོང་རྦད་འདྲེའི་ཚོགས༔ སྡང་དགྲ་གནོད་བྱེད༴ སྐུ་ཡི་གཟི་བརྗིད་རབ་ཏུ་འབར་བ་ལས༔ ཉི་མ་འབུམ་གྱི་ཟེར་ཆེན་འཁྲིགས་སྙམ་བྱེད༔ ཡེ་ཤེས་འཇིག་རྟེན་བསུན་རྟ་རྦོད་གཏོང་ཚོགས༔ སྡང་དགྲ་གནོད་བྱེད༴ རིགས་བཞི་མཁའ་འགྲོ་སྡེ་བརྒྱད་འཁོར་གྱིས་བསྐོར༔ སྟོང་ཁམས་སྲིད་པ་རབ་ཏུ་གང་སྙམ་བྱེད༔ སྟོང་གསུམ་འཇིག་རྟེན་རྦོད་གཏོང་རྦད་འདྲེའི་ཚོགས༔ སྡང་དགྲ་གནོད་བྱེད་བྱད་མའི་སྟེང་དུ་ཟློག༔ འབུལ་ལོ་གསང་ཆེན་རྡོ་ཡི་གཏོར་མ་འབུལ༔ བཞེས་ཤིག་བདུད་འདུལ་དཔལ་གྱི་མཁའ་འགྲོའི་ཚོགས༔ བསྐུལ་ལོ་ཐུགས་རྗེ་སྤྲུལ་པའི་མཁའ་འགྲོ་འབུམ༔ བཟློག་ཅིང་བསྒྱུར་བའི་འཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་ཧཱུྃ༔ སྤྱི་གཙུག་བདེ་ཆེན་དབང་གི་དཀྱིལ་འཁོར་ནས༔ རིགས་ཀྱི་བདག་པོ་རྡོ་རྗེ་དྲག་པོ་རྩལ༔ མཁའ་འགྲོ་རྡོ་རྗེ་ཕག་མོ་ཡུམ་དང་བཅས༔ འཁོར་དུ་རྩ་བརྒྱུད་བླ་མ་རྣམས་ཀྱིས་བསྐོར༔ སྐུ་དང་ཡེ་ཤེས་ཐུགས་རྗེའི་ཤུགས་ཕྱུངས་ལ༔ རྣལ་འབྱོར་བདག་ལ་གནོད་བྱེད་གདོན་བགེགས་དགྲ༔ རྦོད་གཏོང་རྦད་འདྲེ་ཐམས་ཅད་ཟློག་ཏུ་གསོལ༔ རྨིས་ལྟས་མཚན་ངན་ཐམས་ཅད་ཟློག་ཏུ་གསོལ༔ ལྟས་ངན་ཡུལ་སྡིག་ཐམས་ཅད་ཟློག་ཏུ་གསོལ༔ ཆགས་ཆེ་ཉམ་ང་ཐམས་ཅད་ཟློག་ཏུ་གསོལ༔ བྱད་ཀ་ཕུར་ཁ་ཐམས་ཅད་ཟློག་ཏུ་གསོལ༔ གཏད་ཁ་ཁྲམ་ཁ་ཐམས་ཅད་ཟློག་ཏུ་གསོལ༔ འབུལ་ལོ་གསང་ཆེན་རྡོ་ཡི་གཏོར་མ་འབུལ༔ བསྐུལ་ལོ་རྡོ་རྗེ་དྲག་རྩལ་ཐུགས་དམ་བསྐུལ༔ བཟློག་ཅིང་བསྒྱུར་བའི་འཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་ཧཱུྃ༔ བདེ་གཤེགས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ༔ མཚན་ནི་རྡོ་རྗེ་ཕག་མོ་ཞེས་སུ་གྲགས༔ ཆོས་ཀྱི་དབྱིངས་ལ་དབང་ཡང་བསྒྱུར་བའི་མ༔ རྒྱལ་པོའི་ཆོ་འཕྲུལ་བྱད་མ་རྦོད་གཏོང་ཟློག༔ གཤིན་རྗེའི་ཆོ་འཕྲུལ་བྱད་མ་རྦོད་གཏོང་ཟློག༔ ཀླུ་བདུད་ཆོ་འཕྲུལ་བྱད་མ་རྦོད་གཏོང་ཟློག༔ གནོད་སྦྱིན་ཆོ་འཕྲུལ་བྱད་མ་རྦོད་གཏོང་ཟློག༔ སྲིད་གསུམ་སྣོད་བཅུད་ཕྱི་ཡི་གདོན་ཚོགས་ཟློག༔ འབུལ་ལོ་གསང་ཆེན་རྡོ་ཡི་གཏོར་མ་འབུལ༔ བསྐུལ་ལོ་རྡོ་རྗེ་ཕག་མོའི་ཐུགས་དམ་བསྐུལ༔ ཟློག་ཅིག་བསྒྱུར་ཅིག་འཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་ཧཱུྃ༔ ཤར་གྱི་ཕྱོགས་ཀྱི་དཀྱིལ་འཁོར་ནས༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ སྤྲུལ་པ་ཁྲོ་མོ་དཀར་མོ་འབུམ༔ ཤར་གྱི་གདོན་བགེགས་ཐམས་ཅད་ཟློག༔ རྦོད་གཏོང་རྦད་འདྲེ་ཐམས་ཅད་ཟློག༔ ཆགས་ཆེ་ཉམ་ང་ཐམས་ཅད་ཟློག༔ མི་ལྟས་མཚན་ངན་ཐམས་ཅད་ཟློག༔ ལྟས་ངན་ཡུལ་སྡིག་ཐམས་ཅད་ཟློག༔ བྱད་ཀ་ཕུར་ཁ་ཐམས་ཅད་ཟློག༔ གཏད་ཁ་ཁྲམས་ཁ་ཐམས་ཅད་ཟློག༔ ནད་ཁ་ཡམས་ཁ་ཐམས་ཅད་བཟློག༔ ཆེ་སྲི་ཆུང་སྲི་ཐམས་ཅད་ཟློག༔ གོད་ཀ་རྒྱུ་སྦྱོར་ཐམས་ཅད་ཟློག༔ འབུལ་ལོ་གསང་ཆེན་རྡོ་གཏོར་འབུལ༔ བསྐུལ་ལོ་སྐྱོད་བྱེད་དཀར་མོ་འབུལ༔ ས་ཡི་ཁམས་ལ་དབང་སྒྱུར་ལ༔ ས་བདག་གདོན་ཚོགས་ཐམས་ཅད་ཟློག༔ ཟློག་སྒྱུར་འཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་ཧཱུྃ༔ ལྷོ་ཡི་ཕྱོགས་ཀྱི་དཀྱིལ་འཁོར་ནས༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ སྤྲུལ་པ་ཁྲོ་མོ་སེར་མོ་འབུམ༔ ལྷོ་ཡི་གདོན་བགེགས་ཐམས་ཅད་ཟློག༔ རྦོད་གཏོང་རྦད་འདྲེ༴ ཆགས་ཆེ་ཉམ་ང་༴ རྨི་ལྟས་མཚན༴ ལྟས་ངན་ཡུལ་སྡིག༴ བྱད་ཀ་ཕུར་ཁ༴ གཏད་ཁ་ཁྲམ་ཁ༴ ནད་ཁ་ཡམས་ཁ༴ ཆེ་སྲི་ཆུང་སྲི༴ གོད་ཀ་རྒྱུ་སྦྱོར༴ འབུལ་ལོ་གསང་ཆེན་རྡོ་གཏོར་འབུལ༔ བསྐུལ་ལོ་སྲེག་བྱེད་སེར་མོ་འབུམ༔ མེ་ཡི་ཁམས་ལ་དབང་བསྒྱུར་ལ༔ སྲེག་བྱེད་མེ་ཡི་གདོན་ཚོགས་ཟློག༔ ཟློག་སྒྱུར་འཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་ཧཱུྃ༔ ནུབ་ཀྱི་ཕྱོགས་ཀྱི་དཀྱིལ་འཁོར་ནས༔ པདྨ་རིགས་ཀྱི་མཁའ་འགྲོ་མ༔ སྤྲུལ་པ་ཁྲོ་མོ་དམར་མོ་འབུམ༔ ནུབ་ཀྱི་གདོན་བགེགས་ཐམས༴ རྦོད་གཏོང་རྦད་འདྲེ༴ ཆགས་ཆེ་ཉམ་ང་༴ རྨིས་ལྟས་མཚན་ངན༴ ལྟས་ངན་ཡུལ་སྡིག༴ བྱད་ཀ་ཕུར་ཁ༴ གཏད་ཁ་ཁྲམ་ཁ༴ ནད་ཁ་ཡམས་ཁ༴ ཆེ་སྲི་ཆུང་སྲི་ཐམས༴ གོད་ཀ་རྒྱུ་སྦྱོར༴ འབུལ་ལོ་གསང་ཆེན་རྡོ་གཏོང་འབུལ༔ བསྐུལ་ལོ་རྨོངས་བྱེད་དམར་མོ་འབུལ༔ འབྱུང་བ་ཆུ་ལ་དབང་སྒྱུར་ལ༔ སྐྱོད་བྱེད་ཆུ་ཡི་གདོན་ཚོགས༴ ཟློག་སྒྱུར་འཕྲིན་ལས་གྲུབ༴ ཧཱུྃ་ཧཱུྃ༔ བྱང་གི་ཕྱོགས་ཀྱི་དཀྱིལ་འཁོར་ནས༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ སྤྲུལ་པ་ཁྲོ་མོ་ལྗང་མོ་འབུམ༔ བྱང་གི་གདོན་བགེགས་ཐམས་ཅད༴ རྦོད་གཏོང་རྦད་འདྲེ༴ ཆགས་ཆེ་ཉམ་ང་༴ རྨི་ལྟས་མཚན་ངན༴ ལྟས་ངན་ཡུལ་སྡིག༴ བྱད་ཀ་ཕུར་ཁ༴ གཏད་ཁ་ཁྲམ་ཁ༴ ནད་ཁ་ཡམས་ཁ༴ ཆེ་སྲི་ཆུང་སྲི༴ གོད་ཀ་རྒྱུ་སྦྱོར༴ འབུལ་ལོ་གསང་ཆེན༴ བསྐུལ་ལོ་མཁའ་འགྲོ་ཙནྟྲི་འབུམ༔ རླུང་གི་ཁམས་ལ་དབང་སྒྱུར་ལ༔ སྨྱོ་འབོག་རླུང་གི་ནད་གདོན་ཟློག༔ ཟློག་སྒྱུར་འཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་ཧཱུྃ༔ ཤར་ལྷོ་མཚམས་ཀྱི་གཞལ་ཡས་ནས༔ དམ་ཚིག་ཅན་གྱི་མཁའ་འགྲོ་མ༔ སྤྲུལ་པ་ཁྲོ་མོ་དཀར་ནག་འབུམ༔ ཤར་ལྷོའི་གདོན་བགེགས་ཐམས༴ རྦོད་གཏོང་༴ ཆགས་ཆེ༴ རྨི་ལྟས༴ ལྟས་ངན༴ བྱད་ཀ༴ གཏད་ཁ༴ ནད་ཁ༴ ཆེ་སྲིད་ཆུང་སྲི༴ གོད་ཀ་རྒྱུ་སྦྱོར༴ འབུལ་ལོ་གསང་ཆེན༴ བསྐུལ་ལོ་དམ་ཚིག་མཁའ་འགྲོ་འབུམ༔ ཀླུ་ཡི་འཇིག་རྟེན་དབང་སྒྱུར་ལ༔ ཀླུ་ནད་ཐན་ལྟས་རྦོད་གཏོང་ཟློག༔ ཟློག་སྒྱུར་འཕྲིན་ལས༴ ཧཱུྃ་ཧཱུྃ༔ ལྷོ་ནུབ་མཚམས་ཀྱི་གཞལ་ཡས་ནས༔ སྣ་ཚོགས་མཁའ་འགྲོ་མ་ཐུབ་མ༔ སྤྲུལ་པ་ཁྲོ་མོ་སེར་ནག་འབུམ༔ ལྷོ་ནུབ་གདོན་བགེགས་ཐམས་ཅད༴ རྦོད་གཏོང་རྦད་འདྲེ༴ ཆགས་ཆེ་ཉམ་ང་༴ རྨི་ལྟས་མཚན་ངན༴ ལྟས་ངན་ཡུལ་སྡིག༴ བྱད་ཀ་ཕུར་ཁ༴ གཏད་ཁ་ཁྲམ་ཁ༴ ནད་ཁ་ཡམས་ཁ༴ ཆེ་སྲིད་ཆུང་སྲི༴ གོད་ཁ་རྒྱུ་སྦྱོར༴ འབུལ་ལོ་གསང་ཆེན༴ བསྐུལ་ལོ་སྣ་ཚོགས་མཁའ་འགྲོ་འབུམ༔ གཟའ་དང་རྒྱུ་སྐར་དབང་སྒྱུར་ལ༔ གཟའ་ནད་ཐན་ལྟས་རྦོད་གཏོང་ཟློག༔ ཟློག་སྒྱུར་འཕྲིན་ལས༴ ཧཱུྃ་ཧཱུྃ༔ ནུབ་བྱང་མཚམས་ཀྱི་གཞལ་ཡས་ནས༔ ཤ་ཟ་རིགས་ཀྱི་མཁའ་འགྲོ་མ༔ སྤྲུལ་པ་ཁྲོ་མོ་དམར་ནག་འབུམ༔ ནུབ་བྱང་གདོན་བགེགས་ཐམས་ཅད་ཟློག༔ རྦོད་གཏོང་རྦད་འདྲེ༴ ཆགས་ཆེ་ཉམ་ང་༴ རྨི་ལྟས་མཚན་ངན༴ ལྟས་ངན་ཡུལ་སྡིག༴ བྱད་ཀ་ཕུར་ཁ༴ གཏད་ཁ་ཁྲམ་ཁ༴ ནད་ཁ་ཡམས་ཁ༴ ཆེ་སྲི་ཆུང་སྲི༴ གོད་ཁ་རྒྱུ་སྦྱོར༴ འབུལ་ལོ་གསང་ཆེན༴ བསྐུལ་ལོ་ཤ་ཟ་མཁའ་འགྲོ་འབུམ༔ སྲིན་པོའི་འཇིག་རྟེན་དབང་སྒྱུར་ལ༔ སྲིན་པོའི་ཐན་ལྟས་རྦོད་གཏོང་ཟློག༔ ཟློག་སྒྱུར་འཕྲིན་ལས༴ ཧཱུྃ་ཧཱུྃཿ བྱང་ཤར་མཚམས་ཀྱི་གཞལ་ཡས་ནས༔ བརྒྱུད་འཛིན་འཇིག་རྟེན་མཁའ་འགྲོ་མ༔ སྤྲུལ་པ་ཁྲོ་མོ་ལྗང་ནག་འབུམ༔ བྱང་ཤར་གདོན་བགེགས༴ རྦོད་གཏོང་རྦད་འདྲེ༴ ཆགས་ཆེ་ཉམ་ང་༴ རྨི་ལྟས་མཚན་ངན༴ ལྟས་ངན་ཡུལ་སྡིག༴ བྱད་ཀ་ཕུར་ཁ༴ གཏད་ཁ་ཁྲམ་ཁ༴ ནད་ཁ་ཡམས་ཁ༴ ཆེ་སྲི་ཆུང་སྲི༴ གོད་ཁ་རྒྱུ་སྦྱོར༴ འབུལ་ལོ་གསང་ཆེན༴ བསྐུལ་ལོ་འཇིག་རྟེན་མཁའ་འགྲོ་འབུམ༔ མ་མོའི་འཇིག་རྟེན་དབང་སྒྱུར་ལ༔ མ་མོའི་ཐན་ལྟས་རྦོད་གཏོང་ཟློག༔ ཟློག་སྒྱུར་འཕྲིན་ལས༴ ཧཱུྃ་ཧཱུྃ༔ མཁའ་འགྲོའི་དཀྱིལ་འཁོར་ཤར་སྒོ་ནས༔ སྒོ་མ་ཆེན་མོ་ཁྭ་གདོང་མ༔ སྤྲུལ་པ་ཁྭ་གདོང་མཁའ་འགྲོ་འབུམ༔ ཤར་སྒོའི་གདོན་བགེགས་ཐམས་ཅད་ཟློག༔ རྦོ་གཏོང་རྦད་འདྲེ༴ ཆགས་ཆེ་ཉམ་ང་༴ རྨི་ལྟས་མཚན་ངན༴ ལྟས་ངན་ཡུལ་སྡིག༴ བྱད་ཀ་ཕུར་ཁ༴ གཏད་ཁ་ཁྲམ་ཁ༴ ནད་ཁ་ཡམས་ཁ༴ ཆེ་སྲི་ཆུང་སྲི༴ གོད་ཀ་རྒྱུ་སྦྱོར༴ འབུལ་ལོ་གསང་ཆེན༴ བསྐུལ་ལོ་ཁྭ་གདོང་མཁའ་འགྲོ་འབུམ༔ འགུགས་བྱེད་མ་ཚོགས་དབང་སྡུས་ལ༔ ལྕགས་ཀྱུ་ཅན་གྱིས་རྦོད་གཏོང་ཟློག༔ ཟློག་སྒྱུར་འཕྲིན་ལས༴ ཧཱུྃ་ཧཱུྃ༔ མཁའ་འགྲོའི་དཀྱིལ་འཁོར་ལྷོ་སྒོ་ནས༔ སྒོ་མ་ཆེན་མོ་ཕག་གདོང་མ༔ སྤྲུལ་པ་ཕག་གདོང་མཁའ་འགྲོ་འབུམ༔ ལྷོ་སྒོའི་གདོན་བགེགས་ཐམས་ཅད་ཟློག༔ རྦོད་གཏོང་རྦད་འདྲེ༴ ཆགས་ཆེ་ཉམ་ང་༴ རྨི་ལྟས་མཚན་ངན༴ ལྟས་ངན་ཡུལ་སྡིག༴ བྱད་ཀ་ཕུར་ཁ༴ གཏད་ཁ་ཁྲམ་ཁ༴ ནད་ཁ་ཡམས་ཁ༴ ཆེ་སྲི་ཆུང་སྲི༴ གོད་ཁ་རྒྱུ་སྦྱོར༴ འབུལ་ལོ་གསང་༴ བསྐུལ་ལོ་ཕག་གདོང་མཁའ་འགྲོ་འབུམ༔ འཆིང་བྱེད་མ་ཚོགས་དབང་སྡུས་ལ༔ ཞགས་པ་ཅན་གྱིས་རྦོད་གཏོང་ཟློག༔ ཟློག་སྒྱུར་འཕྲིན་ལས༴ ཧཱུྃ་ཧཱུྃ༔ མཁའ་འགྲོའི་དཀྱིལ་འཁོར་ནུབ་སྒོ་ནས༔ སྒོ་མ་ཆེན་མོ་ཁྱི་གདོང་མ༔ སྤྲུལ་པ་ཁྱི་གདོང་མཁའ་འགྲོ་འབུམ༔ ནུབ་སྒོའི་གདོན་བགེགས་ཐམས་ཅད༴ རྦོད་གཏོང་རྦད་འདྲེ༴ ཆགས་ཆེ་ཉམ་ང་༴ མི་ལྟས་མཚན་ངན༴ ལྟས་ངན་ཡུལ་སྡིག༴ བྱད་ཀ་ཕུར་ཁ༴ གཏད་ཁ་ཁྲམ་ཁ༴ ནད་ཁ་ཡམས་ཁ༴ ཆེ་སྲི་ཆུང་སྲི༴ གོད་ཀ་རྒྱུ་སྦྱོར༴ འབུལ་ལོ་གསང་ཆེན༴ བསྐུལ་ལོ་ཁྱི་གདོང་མཁའ་འགྲོའི་ཚོགས༔ སྡོམ་བྱེད་མ་ཚོགས་དབང་སྡུས་ལ༔ ལྕགས་སྒྲོག་ཅན་གྱིས་རྦོད་གཏོང་ཟློག༔ ཟློག་སྒྱུར་འཕྲིན་ལས༴ ཧཱུྃ་ཧཱུྃ༔ མཁའ་འགྲོའི་དཀྱིལ་འཁོར་བྱང་སྒོ་ནས༔ སྒོ་མ་ཆེན་མོ་འུག་གདོང་མ༔ སྤྲུལ་པ་འུག་གདོང་མཁའ་འགྲོ་འབུམ༔ བྱང་སྒོའི་གདོན་བགེགས་ཐམས་ཅད་ཟློག༔ རྦོད་གཏོང་རྦད་འདྲེ༴ ཆགས་ཆེ་ཉམ་ང་༴ རྨི་ལྟས་མཚན་ངན༴ ལྟས་ངན་ཡུལ་སྡིག༴ བྱད་ཀ་ཕུར་ཁ༴ གཏད་ཁ་ཁྲམ་ཁ༴ ནད་ཁ་ཡམས་ཁ༴ ཆེ་སྲི་ཆུང་སྲི༴ གོད་ཀ་རྒྱུ་སྦྱོར༴ འབུལ་ལོ་གསང་ཆེན་རྡོ་གཏོར་འབུལ༔ བསྐུལ་ལོ་འུག་གདོང་མཁའ་འགྲོ་འབུལ༔ སྒྱུར་བྱེད་མ་ཚོགས་དབང་བསྡུས་ལ༔ དྲིལ་བུ་ཅན་གྱིས་རྦོད་གཏོང་ཟློག༔ ཟློག་སྒྱུར་འཕྲིན་ལས༴ ཧཱུྃ་ཧཱུྃ༔ དཀྱིལ་འཁོར་བར་འཁྱམས་ཕྱི་རིམ་ཁོར་ཡུག་ནས༔ རྩ་གསུམ་ཆོས་སྐྱོང་གིང་དང་ཕོ་ཉའི་ཚོགས༔ གནས་ཡུལ་དུར་ཁྲོད་ཞིང་སྐྱོང་སྲུང་མ་དང་༔ འབུམ་ཕྲག་ཡངས་པའི་དཔའ་བོ་དཔའ་མོ་རྣམས༔ ཡེ་ཤེས་འཇིག་རྟེན་སྤྲུལ་པ་ཡང་སྤྲུལ་འབུམ༔ སྟེང་འོག་ཕྱོགས་བཅུའི་བྱད་མ་རྦོད་གཏོང་ཟློག༔ ནད་རིགས་བཞི་བརྒྱ་རྩ་བཞི་ཐམས་ཅད་ཟློག༔ རྐྱེན་ངན་ཉི་ཁྲི་ཆིག་སྟོང་མ་ལུས་ཟློག༔ ཡེ་འབྲོག་སུམ་བརྒྱ་དྲུག་ཅུའི་གནོད་པ་ཟློག༔ གློ་བུར་བདུན་བརྒྱ་ཉི་ཤུའི་བར་ཆད་ཟློག༔ དུས་མིན་འཆི་བ་རྣམ་བརྒྱད་འཇིགས་པ་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཆག་སྒོ་ཟློག༔ བྱིས་པའི་གདོན་ཆེན་བཅོ་ལྔའི་ཟ་ཁ་ཟློག༔ ལོ་ནག་ཟླ་ནག་ཟ་མའི་བདུན་ཟུར་ཟློག༔ ལོ་སྐག་ཟླ་སྐག་ཞག་སྐག་ཐམས་ཅད་ཟློག༔ མོ་ངན་རྩིས་ངན་མཚན་ལྟས་ངན་པ་ཟློག༔ སྨེ་བའི་བདུན་ཟུར་སྤར་ཁའི་སྐྱ་མདའ་ཟློག༔ ཕྱི་ནང་སྡེ་བརྒྱད་ཟ་ཁ་གཏོད་པ་ཟློག༔ ཡེ་ཤེས་འཇིག་རྟེན་མཁའ་འགྲོའི་བསུན་མ་ཟློག༔ རྒྱལ་བསེན་དམ་སྲི་འདྲེ་མོའི་གདུག་པ་ཟློག༔ ཟ་འདྲེ་ཤི་གཤེད་སྒབ་འདྲེ་འབྱུང་པོ་ཟློག༔ བནྡྷེ་ནག་པོས་མནན་གཏད་བཅིང་བ་ཟློག༔ ལྟ་ལོག་བོན་པོས་ངན་སྔགས་བྱེད་པ་ཟློག༔ མུ་སྟེགས་ཕྲ་མེན་སེལ་དང་འཕུང་ལས་ཟློག༔ སྔགས་པ་ནག་པོས་གཏོར་ཟོར་དམོད་པ་ཟློག༔ རྒྱ་གར་ཆོས་ཀྱི་མཐུ་བསྒྲུབ་བྱེད་པ་ཟློག༔ རྒྱ་ནག་རྩིས་ཀྱི་བཟློག་མདོས་བསྒྱུར་བ་ཟློག༔ ཞང་ཞུང་ཡུལ་གྱི་བཙོ་ཟོར་འཕེན་པ་ཟློག༔ སུམ་པའི་ཡུལ་གྱིས་གླང་ཟོར་འཕེན་པ་ཟློག༔ སྐྱེས་པ་རྣམས་ཀྱིས་མཚོན་ཟོར་འཕེན་པ་ཟློག༔ བུད་མེད་རྣམས་ཀྱིས་དམོད་ཟོར་འདེབས་པ་ཟློག༔ རྦོད་གཏོང་རྦད་འདྲེ་ཆགས་ཆེ་ཉམ་ང་ཟློག༔ རྨིས་ལྟས་མཚན་ངན་ལྟས་ངན་ཡུལ་སྡིག་ཟློག༔ བྱད་ཀ་ཕུར་ཁ་གཏད་ཁ་ཁྲམ་ཁ་ཟློག༔ ནད་ཁ་ཡམས་ཁ་ཆེ་སྲི་ཆུང་སྲི་ཟློག༔ འབུལ་ལོ་གསང་ཆེན་རྡོ་ཡི་གཏོར་མ་འབུལ༔ བསྐུལ་ལོ་རྩ་གསུམ་འབུམ་ཕྲག་སྲུང་མའི་ཚོགས༔ ཡེ་ཤེས་འཇིག་རྟེན་ཐམས་ཅད་དབང་སྡུས་ལ༔ འཁོར་འདས་ཡོངས་ཀྱི་བྱད་མ་རྦོད་གཏོང་ཟློག༔ ཟློག་གོ་གསང་ཆེན་རྡོ་ཡི་གཏོར་མས་ཟློག༔ སྒྱུར་རོ་གསང་ཆེན་རྡོ་ཡི་གཏོར་མས་སྒྱུར༔ ཟློག་ཅིག་སྒྱུར་ཅིང་འཕྲིན་ལས་གྲུབ་པར་མཛོད༔ དེ་ནས་སྔགས་པ་རྣམས་རལ་པའི་ཐོད་བཅིངས༔ གོས་ནག་གྱོན་ཏེ་གདོང་ལ་ཁྲག་གིས་བྱུག༔ ལྟ་བའི་གདེངས་གསལ༔ སྒོམ་པའི་གཟེངས་བསྟོད༔ སྤྱོད་པའི་བརྟུལ་ཞུགས་བསྐྱེད་དེ༔ གསེར་སྐྱེམས་མཆོད༔ བདུད་འདུལ་དཔལ་གྱི་མཁའ་འགྲོ་མ་འཁོར་ལས་བྱེད་བྱེ་བ་དུང་ཕྱུར་གྲངས་མེད་དཔག་ཏུ་མེད་པ་ཐམས་ཅད་བསྐལ་བ་ཆེན་པོའི་མེ་ཆེན་ལྟར་འབར༔ ལྕགས་ཀྱི་སེར་ཆེན་ལྟར་འདྲིལ༔ དུག་གི་རྒྱ་མཚོ་ཆེན་པོ་ལྟར་ཁོལ༔ འབྲུག་སྟོང་ལྡིར་བ་ལྟར་ངར༔ བུ་ཡུག་རླུང་དམར་ལྟར་འཚུབ༔ གློག་ཆེན་འགྱུ་བ་ལྟར་འཁྱུག༔ དྲག་པོའི་གནམ་ལྕགས་ཀྱི་ཐོག་ཆེན་ལྟར་དགྲ་བོ་བྱད་མ་འཁོར་བཅས་ལ་བརྒྱབ་པས༔ ནད་མུག་མཚོན་གསུམ་གྱི་ཆར་ཕབ༔ མི་རུང་པའི་ལྟས་ངན་ཐམས་ཅད་སྐད་ཅིག་དེ་ལ་འཇོམས་ནས་བྱད་མ་ལྷ་སྲུང་རྦད་འདྲེ་རྦོད་གཏོང་གི་ཚོགས་ཐམས་ཅད་ཁ་ཕུང་རྗེས་མེད་དུ་བཏང་སྟེ༔ མེས་བསྲེགས་ཆུས་བཀྲུས་རླུང་གིས་གཏོར་སས་བཀབ་སྟེ་རྣམ་ཤེས་མི་དམིགས་ནམ་མཁའི་ཁམས་དང་འདྲེས་པར་བསམ་ཞིང་༔ བསྐུལ་འདོན་རྡོ་གཏོར་དང་ཐུན་སྣ་ཚོགས་དགྲ་ཕྱོགས་ལ་རྡེག༔ གཡབ་མོ་རྡེབ༔ དམོད་བཅོལ༔ ཝ་དམར་མོ་འཁོས་མེད་མ་ཚོ་ད་རྒྱུག༔ ཤུགས་ཕྱུངས་རྩལ་བསྐྱེད༔ ནུས་མཐུ་ད་ལྟ་ཉིད་དུ་སྟོན་ཅིག༔ བརྗོད་ལ་ཟློག་སྔགས་ཀྱིས་སྦྲན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་གསང་བའི་སྙིང་པོ་འདི༔ འཕགས་ཡུལ་རྡོ་རྗེ་གདན་དྲུང་དུ༔ མུ་སྟེགས་སྟོན་པའི་རྩོད་པ་བྱུང་༔ ལུང་རིགས་ནུས་མཐུའི་རྩལ་འགྲན་ཚེ༔ མཁའ་འགྲོ་རྡོ་རྗེ་ཕག་མོ་ཡིས༔ སེང་གེའི་གདོང་ཅན་ཐུགས་བརྒྱུད་ནས༔ བདག་ཉིད་རྡོ་རྗེ་དྲག་རྩལ་ལ༔ དབང་བསྐུར་ལུང་བསྟན་བཀའ་གཏད་མཛད༔ བཟློག་པས་མི་ཟློག་མཁན་གྱི་གཤེད༔ མཁའ་འགྲོའི་དྲག་སྔགས་རྡོ་སྒྱོགས་འདིས༔ མུ་སྟེགས་ངན་པའི་རྒོལ་བ་ཟློག༔ རང་མཐུ་རང་ཟུག་ཁ་ཕུང་བཏང་༔ དེ་ཕྱིར་ཕྱི་རབས་རྣལ་འབྱོར་པས༔ ལས་སྦྱོར་འདི་ལ་བརྩོན་གྱུར་ན༔ བན་བོན་སྡེ་བརྒྱད་རྦོད་གཏོང་དང་༔ མི་མཐུན་ལྟས་ངན་ཡེ་འབྲོག་བགེགས༔ བཟློག་ཅིང་བརླག་པར་ཐེ་ཚོམ་མེད༔ ཆོས་བྱེད་རྣམས་ཀྱི་སྲུང་མར་ཤོག༔ མ་སྤེལ་སྙིང་གི་དཀྱིལ་དུ་སྦོས༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ཁ་ཐཾ༔ གྷུ་ཧྱ་རྒྱ་རྒྱ་རྒྱ༔ ཅེས་པ་འདི་བདག་སྤྲང་བན་ཉི་མ་གྲགས་པས་སེང་གདོང་མཁའ་འགྲོའི་ཕོ་བྲང་ནས་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། །།


previousབདུད་འདུལ་མཁའ་འགྲོ་ནག་མོའི་རབ་ཏུ་གསང་བ་བཟློག་པའི་འཕྲིན་ལས།next