Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  collapse section
   
   
   
   
   
   
   
   
   
བདུད་འདུལ་མཁའ་འགྲོའི་ལས་སྦྱོར་དང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousབདུད་འདུལ་མཁའ་འགྲོའི་ལས་སྦྱོར་དང་པོ།next

བདུད་འདུལ་མཁའ་འགྲོའི་ལས་སྦྱོར་དང་པོ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ བདུད་འདུལ་མཁའ་འགྲོའི་ལས་སྦྱོར་དང་པོ་བཞུགས་སོ༔ ཧེ་རུ་ཀ་དཔལ་ལྷ་ལ་འདུད༔ མན་ངག་ཐམས་ཅད་འདུས་པའི་མདོ་ཆིངས༔ ཟབ་པའི་སྙིང་པོ་བཅུད་དུ་དྲིལ་བ༔ མཁའ་གྲོ་བདུད་འདུལ་ནག་མོའི་བསྲུང་བའི་ལས་སྦྱོར་འདི་ལ་དོན་བཞིས་སྟོན་སྟེ༔ སྔགས་དང་དམིགས་པ་ཏིང་འཛིན་དགོས་ཆེད་དོ༔ དང་པོ་དམིགས་པ་ནི༔ སྒྲུབ་པའི་གཞུང་དང་མཐུན་པར་བསྐྱེད་རིམ་ལྷའི་རྣལ་འབྱོར་གཞལ་ཡས་སྒོ་གྲུ་རྟ་བབ་མཚན་ཉིད་ཐམས་ཅད་ཡོངས་སུ་གསལ་ཞིང་༔ དེ་ཡང་གཞལ་ཡས་ཀྱི་ཁང་པ་དེ་ཉིད་གནམ་ལྕགས་ལས་གྲུབ་པའི་ཕོ་བྲང་འཇིགས་ཤིང་བརྗིད་པ༔ བརྔམ་ཞིང་འཁྲུག་པ༔ ཚ་ཞིང་བསྲེག་པ་ཅིག་ཏུ་གསལ་བའི་ཕྱི་རོལ་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ༔ ཚ་བའི་ཟེར་རྣོ་བའི་ངར་དང་ལྡན་པའི་གུར་ཁང་༔ དེའི་ཕྱི་རོལ་དུ་གནམ་ལྕགས་རྡོ་རྗེ་མེ་རབ་ཏུ་འབར་བའི་གུར་ཁང་༔ དེའི་ཕྱི་རོལ་དུ་གནམ་ལྕགས་ལས་གྲུབ་པའི་གྲི་གུག་མེ་ཤིན་ཏུ་འབར་བའི་གུར་ཁང་༔ དེའི་ཕྱི་རོལ་དུ་གནམ་ལྕགས་ཀྱི་ཕུར་པ་དབལ་ཤིན་ཏུ་རྣོ་ཞིང་ཁྲོ་ཆུའི་ཚྭ་ཚྭ་འཕྲོ་བའི་གུར་ཁང་༔ དེའི་ཕྱིར་རོལ་དུ་གནམ་ལྕགས་ཀྱི་དགྲ་སྟྭ་འབར་བའི་གུར་ཁང་༔ དེའི་ཕྱི་རོལ་དུ་གནམ་ལྕགས་ལས་གྲུབ་པའི་ཁ་ཊྭཾ་འབར་བའི་གུར་ཁང་། དེའི་ཕྱི་རོལ་དུ་གནམ་ལྕགས་ཞུན་མའི་རལ་གྲི་འབར་བའི་གུར་ཁང་༔ དེའི་ཕྱི་རོལ་དུ་མེ་རི་དམར་ནག་ཏུ་འབར་ཞིང་༔ རབ་ཏུ་འཚེག་པའི་གུར་ཁང་༔ དེའི་ཕྱི་རོལ་དུ་སྲིད་པའི་རླུང་ཆེན་པོ་སྤུ་གྲི་འབར་བའི་གུར་ཁང་༔ དེའི་ཕྱི་རོར་དུ་སྟོང་ཉིད་སྒྲ་ཡི་གུར་ཁང་༔ གུར་ཁང་དེ་དག་གི་བར་མཚམས་དང་དྲ་མིག་རྣམས་ཀྱི་མཚམས་མཚམས་སུ་སྤྲུལ་པའི་མཁའ་འགྲོ་སྐུ་མདོག་སྣ་ཚོགས་ཀྱི་མདོག་ཅན༔ ཕྱག་ན་སྣ་ཚོགས་འབར་བའི་མཚོན་ཆ་ཐོགས་པ༔ འཇིགས་ཤིང་བརྔམ་པ༔ དཔའ་ཞིང་སྒེག་པ་གྲངས་མེད་དཔག་ཏུ་མེད་པ་སྐར་ལྟར་འཁྲུག་ཅིང་གློག་ལྟར་དུ་འཁྱུག་པ༔ ཞལ་ནས་བསྲུང་བའི་སྔགས་སྒྲ་འབྲུག་ལྡིར་བ་ཙམ་དུ་སྒྲོགས་པས༔ སྐུ་ལུས་དང་གཞལ་ཡས་ཁང་གུར་ཁང་དང་བཅས་པ་ཐམས་ཅད་ཀྱི་ཚ་ཟེར་རབ་ཏུ་འཁྲུག་པ༔ གནོད་བྱེད་ལྷ་སྲིན་སྡེ་བརྒྱད༔ རྒྱལ་བསེན་འབྱུང་པོ་བན་བོན་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་རྡུལ་དུ་བརླག་པའི་རང་བཞིན་དུ་བསྒོམ་མོ༔ རང་ཉིད་བདུད་འདུལ་གྱི་མཁའ་འགྲོ་མར་གསལ་བའི་སྤྱི་གཙུག་རིགས་བདག་ཡབ་ཡུམ་གྱི་ཐུགས་ཀར་བླ་མ་སློབ་དཔོན༔ གཡས་སུ་བསྲུང་བྱ་ཕོ་བརྒྱུད༔ གཡོན་དུ་བསྲུང་བྱ་མོ་རིགས༔ འོག་ཏུ་ནོར་རྫས༔ མདུན་དུ་བྲན་གཡོག༔ རྒྱབ་ཏུ་ཞིང་ཁང་དེ་ཐམས་ཅད་ཀྱང་ཀྱང་གཞལ་ཡས་ཁང་ལྷ་དང་ལྷ་མོའི་རང་བཞིན་ལས་གཞན་དུ་མ་གྲུབ་ཅིང་གཉིས་སུ་མི་གནས་པ༔ གཙོ་མོའི་གནས་རྣམས་དང་བ་སྤུའི་འོད་ཀློང་རེ་རེ་ནས་ཀྱང་སྤྲུལ་པ་དང་ཡང་སྤྲུལ་ཉིང་སྤྲ྄ུལ་བསམ་གྱིས་མི་ཁྱབ་པར་འཕྲོ་ཞིང་བསྲུང་བའི་ལས་བྱེད་པར་བསམ་མོ༔ འཁོར་གྱི་མཁའ་འགྲོ་སྤྲུལ་པའི་ལས་བྱེད་ཐམས་ཅད་ཞལ་ནང་དུ་གཟིགས་ཤིང་བར་ཆད་བཟློག་པ་དང་དངོས་གྲུབ་སྟེར་བར་བསམ་མོ༔ ས་མ་ཡཱཿ རྒྱ༔ གཉིས་པ་སྔགས་ནི༔ ཧཱུྃ་བཛྲ་དྷཱཀྐི་ནི་སིང་ཧ་མུ་ཥ་ཧ་རི་ནི་ས་བདག་ཅག་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་སྲུངས་ཤིག །རཀྵ་རཀྵ་སིདྷི་སྭཱ་ཧཱ༔ ཅེས་གསང་བའི་སྙིང་པོ་བསྲུང་བའི་མཐར་ཐུག་འདི༔ བརྒྱ་སྟོང་ཁྲི་འབུམ་སོགས་རང་གི་འདོད་སྐབས་ལྟར་བཟླས་པར་བྱའོ༔ འདི་ནི་གལ་ཤིན་ཏུ་ཆེ་ན་སྒྲུབ་གཞུང་གི་སྒྲུབ་པའི་བསྙེན་གྲངས་བསྐྱལ་བའི་མཇུག་ཏུ་འབུམ་ཚོ་ཅིག་བསྙེན་ཞིང་༔ དེ་ནས་རྒྱུན་ལྡན་དུ་བརྒྱ་སྟོང་སོགས་མ་ཆགས་པར་བརྩོན་ན་སངས་རྒྱས་སྟོང་གི་ཡང་མཐུ་བརྡུགས་པར་བྱེད་དོ༔ ཕྲན་བུའི་བར་ཆད་ཀྱི་ཚོགས་ནི་སྨོས་ཀྱང་ཅི་དགོས་སོ༔ དངོས་གྲུབ་ཀྱི་ཚོགས་ཐམས་ཅད་ཀྱང་སྤྲིན་ལྟར་དུ་འདུ་ཞིང་ཆར་ལྟར་དུ་འབབ་བོ༔ དེ་ལྟར་ན་སྐལ་ལྡན་རྣམས་ཀྱིས་སྤྱོད་མཁས་པར་བྱའོ༔ ས་མ་ཡ་རྒྱཿ ཁ་ཐམ༔ གསུམ་པ་ཏིང་ངེ་འཛིན་སྔགས་དམིགས་ཀྱི་རིམ་པ་འདི་རྣམས་ལ་སྐད་ཅིག་ཀྱང་མ་ཡེངས་པར་འབད་པ་ཆེན་པོས་བརྩོན་ཞིང་༔ ཁྱད་པར་དུ་རང་ཉིད་དཔལ་ཆེན་པོ་མཁའ་འགྲོ་བདུད་འདུལ་མར་གསལ་བའི༔ ཐུགས་ཀར་ཕྱག་མཚན་གྱི་ལྟེ་བར༔ ས་བོན་ཧཱུྃ་ཡིག་གི་ཧ་ཁོག་གི་ནང་དུ་རང་གི་རྣམ་པར་ཤེས་པའམ༔ བསྲུང་བྱའི་རྣམ་པར་ཤེས་པ་ཡི་གེ་རྣ྄ི་ལྗང་ཁུ་གསལ་ལ་མདངས་དང་ལྡན་པ༔ སྣུམ་ལ་འོད་ཟེར་ཚེར་བ་ཞིག་ཏུ་བསྒོམ༔ གཙོ་མོ་འཁོར་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་ཐམས་ཅད་ཀྱི༔ གནས་རྣམས་ལས་འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུའི་ཞིང་རབ་འབྱམས་རྡུལ་གྱིས་གྲངས་དང་མཉམ་པའི་ཕྱི་སྣོད་ནང་བཅུད་ཀུན་ལ་འཕྲོས་ཤིང་ཕོག་པས༔ འཁོར་འདས་ལམ་གསུམ་གྱི་ནུས་སྟོབས་ཡོན་ཏན་གཟི་བརྗིད་དབང་ཐང་དང་བཅས་པ་ཐམས་ཅད༔ རྡོ་ཁབ་ལེན་གྱིས་ལྕགས་བསྡུས་པའམ༔ ཉི་ཟེར་ལ་རྡུལ་འཚུབ་པ་ལྟར་འུབ་འུབ་བསྡུས་ཤིང་༔ འཁོར་མཁའ་འགྲོ་བསྲུང་བའི་ཕོ་བྲང་དང་བཅས་པ་རྣམས་དང་༔ ཁྱད་པར་ཐུགས་ཀའི་སྔགས་ཕྲེང་ས་བོན་ཚེ་སྲོག་གི་ངོ་བོ་རྣ྄ི་ཡིག་དང་བཅས་པ་ལ་ཐིམ་པས༔ ཆེས་ཆེར་གཟི་བརྗིད་འབར་ཞིང་དྲག་རྩལ་ནུས་མཐུ་ཐོགས་པ་མེད་པར་བསམ་ཞིང་སྙིང་པོ་ལ་འབད་པར་བྱའོ༔ སྐབས་སྐབས་མཆོད་བསྟོད་བསྡུས་པ་རེ་བྱེད༔ ཐུན་དུ་མི་གཅོད་པར་སྒོ་གསུམ་དཀྱིལ་འཁོར་གསུམ་ལྡན་དུ་སྤྱོད་པའི་རྣལ་འབྱོར་པ་ལ༔ བརྩམ་པའི་ཡོན་ཏན་རྣམས་འབད་མེད་དུ་འགྲུབ་པར་གདོན་མི་ཟའོ༔ ས་མ་ཡཱ༔ རྒྱ་༔ བཞི་པ་དགོས་ཆེད་བསྟན་པ་ནི༔ གདམས་པ་ཟབ་མོ་འདི་ནི་མན་ངག་ཐམས་ཅད་ཀྱི་སྙིང་པོ་ཡིན་སྟེ༔ ཅི་ཡི་ཕྱིར་ཞེ་ན༔ མཁའ་འགྲོ་གསང་རྒྱུད་ལས༔ བསྲུང་བ་མེད་པར་ཟློག་བྱེད་པ༔ དགྲ་རྐུན་ནང་ཞུགས་མ་མཐོང་བར༔ མེལ་ཚེ་ཕྱི་ལ་བྱེད་དང་མཚུངས༔ དེ་ཕྱིར་བསྲུང་བ་འདི་ལྟ་སྟེ༔ ཅེས་དང་། མཁའ་འགྲོ་ནག་མོ་ལས༔ ལས་རྣམས་གང་དང་གང་འདོད་ཀྱང་༔ དཔའ་བོ་ཆེན་པོའི་གོ་གྱོན་ལྟར༔ ཐོག་མར་རང་ཉིད་ཚགས་སུ་འཛུད༔ དེ་ནས་ལས་སྦྱོར་ཕྲིན་ལས་བརྩམ༔ ཅེས་སོགས་རྒྱ་ཆེར་གསུངས་པའི་སྙིང་ཐིག་བསྡུས་ཏེ༔ མ་འོངས་བོད་ཀྱི་རྒྱལ་ཁམས་འདིར་འབྱུང་བའི༔ སྐལ་ལྡན་གྱི་སྐྱེས་བུ་འགའ་ལ་དགོས་པར་བསམ་སྟེ༔ ད་ལྟ་མཚོ་རྒྱལ་ཁྱོད་ལ་གདམས་པ༔ རིན་པོ་ཆེའི་གཏེར་དུ་སྦོས་ཤིག༔ ཅེས་གསུངས་པ་རྣམས་བདག་མཚོ་རྒྱལ་གྱིས་ཡི་གེར་བཏབ་སྟེ་སེང་གདོང་མཁའ་འགྲོའི་གནས་སུ་གཏེར་དུ་སྦས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ བདག་སྤྲང་པོ་ཉི་མ་གྲགས་པས་གཏེར་ནས་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའོ། མངྒ་ལཾ།། །།


previousབདུད་འདུལ་མཁའ་འགྲོའི་ལས་སྦྱོར་དང་པོ།next