Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  collapse section
   
   
   
   
   
   
   
   
   
   
བདུད་འདུལ་མཁའ་འགྲོའི་ལས་སྦྱོར་གཉིས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousབདུད་འདུལ་མཁའ་འགྲོའི་ལས་སྦྱོར་གཉིས་པ།next

བདུད་འདུལ་མཁའ་འགྲོའི་ལས་སྦྱོར་གཉིས་པ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ བདུད་འདུལ་མཁའ་འགྲོའི་ལས་སྦྱོར་གཉིས་པ་བཞུགས་སོ༔ དཔལ་ཆེན་པོ་མཁའ་འགྲོའི་དབང་ཕྱུག་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ བདུད་འདུལ་མཁའ་འགྲོ་ནག་མོའི་ལས་སྦྱོར་གཉིས་པ༔ བཟློག་པའི་རིམ་པ་འདི་དོན་བཞིས་སྟོན་ཏེ༔ བསྐྱེད་རིམ་ཏིང་ངེ་འཛིན་གྱི་སྐོར༔ བཟླས་པ་སྔགས་ཀྱི་སྐོར༔ བཟློག་པ་དམོད་བྱང་གི་སྐོར༔ ཕན་ཡོན་དགོས་ཆེད་ཀྱི་རིམ་པའོ༔ ས་མ་ཡཱ་རྒྱ་ཁ་ཐམཿ དང་པོ་བསྐྱེད་རིམ་ཏིང་ངེ་འཛིན་གྱི་སྐོར་ནི༔ སྒྲུབ་གཞུང་ལྷའི་བསྐྱེད་རིམ་ལྟར་སྐད་ཅིག་གིས་བསྐྱེད་པའམ༔ མངོན་རྟོགས་ལྟར་གསལ་ཞིང་༔ ཁྱད་པར་ཕོ་བྲང་དེ་ཡང་ཁྲོ་ཆུ་ཞུན་མ་ལས་གྲུབ་པ༔ བརྔམ་ཞིང་འཁྲུག་པ་སྟོབས་ལྡན་རབ་ཏུ་འཇིགས་པའི་ཕོ་བྲང་དེའི་ཕྱི་རོལ་དུ་རིམ་བཞིན༔ འཁོར་ལོ་དང་༔ རྡོ་རྗེ་དང་༔ གྲི་གུག་དང་༔ ཕུར་པ་དང་༔ དགྲ་སྟྭ་དང་༔ ཁ་ཊྭཾ་དང་༔ རལ་གྲི་དང་༔ མེ་རླུང་སྟོང་ཉིད་སྒྲའི་གུར་ཁང་དང་བཅས་པ་ཐམས་ཅད་ཀྱང་༔ འཁོར་རབ་ཏུ་འཁོར༔ འཁྲུག་རབ་ཏུ་འཁྲུག༔ འབར་རབ་ཏུ་འབར༔ འཚེག་རབ་ཏུ་འཚེག༔ སྤྱོད་རབ་ཏུ་སྤྱོད་པས་གནོད་བྱེད་བྱད་མ་ལྷ་སྲུང་གདོན་བགེགས་འབྱུང་པོ་ཐམས་ཅད་དམར་ཉི་ལི་ལི་གཏུབ་པ༔ གཙོ་མོ་སྤྲུལ་པ་འཁོར་ལས་བྱེད་བྱེ་བ་ས་ཡ་མང་པོའི་ཞལ་ནས་ཟློག་པའི་སྔགས་སྒྲ་འབྲུག་སྟོང་ལྡིར་བ་ཙམ་དུ་སྒྲིག་ཅིང་༔ ཞལ་ཕྱིར་གཟིགས་ནས་ཟློག་པའི་ལས་མཛད་པས༔ དགྲ་བགེགས་བྱད་མ་བན་བོན་ལྷ་སྲུང་ཆོས་བོན་སྐྱོང་བའི་སྡེ་བརྒྱད་ཕྱི་ནང་གསང་བ་དང་བཅས་པ་ཐམས་ཅད་དབང་དུ་བསྡུས༔ རང་དབང་མེད་པར་བཀུག༔ བསྐྲད་གཟིར་མནན་བསྲེག་གཏུབས་ཏེ་མིང་ཙམ་ཡང་མེད་པར་བསྒོམ་མོ༔ བསྲུང་བྱ་མི་ནོར་སོགས་ཀྱི་དམིགས་པ་ནི་བསྲུང་བའི་གཞུང་ལྟར་རོ༔ ས་མ་ཡཱ༔ གཉིས་པ་བཟླས་པ་སྔགས་ཀྱི་སྐོར་ནི༔ གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་ཐུགས་ཀྱི་ངོ་བོ་ཕྱག་མཚན་ས་བོན་རང་གཞུང་ལྟར་གསལ་བའི་མཐར༴ ཟློག་པའི་སྔགས་འབྲུ་རྣམས་གཡོན་བསྐོར་དུ་འཁོར་ཞིང་དྲག་ཏུ་འཁོར་བ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་དེ་བཟླ་བར་བྱའོ༔ ཧཱུྃ་བཛྲ་དྷཱཀྐི་ནི་སིངྷ་མུ་ཥ་ཧ་རི་ནི་ས་ཨ་ཀ་ས་མ་ར་ཙ་ཤ་ད་ར་ཡ་ཧཱུྃ་ཕཊ༔ དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་རྣ྄ི་ཏྲི་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་བཟླས་སོ༔ ས་མ་ཡཱ་རྒྱ༔ གསུམ་པ་ཟློག་པ་དམོད་བྱང་གི་སྐོར་ནི༔ གསང་བའི་ཟློག་སྔགས་བརྒྱ་སྟོང་གི་མཇུག་ཏུ༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་ཐམས་ཅད་ཀྱི་ཕྱག་གཡས་གཡོན་རྣམས་སུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་དང་༔ ཟངས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་དང་༔ གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་དང་༔ གནམ་ལྕགས་ལས་གྲུབ་པའི་སྤུ་གྲི་རབ་ཏུ་འབར་བའི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་དང་༔ གསལ་བྱེད་ཉི་ཟླའི་དཀྱིལ་འཁོར་ལ་སོགས་པ་ཐམས་ཅད་ཆ་ལང་བརྡབས་པས༔ དགྲ་བགེགས་བྱད་མ་ལྷ་སྲུང་བན་བོན་ངན་པའི་ཚོགས་དང་བཅས་པ་ཐམས་ཅད༔ དམར་ཆོམ་ཆོམ་དུ་བཏང་བས༔ ཤ་ཚལ་པ་ཁྲག་ཐིགས་པ་ཅིག་ཀྱང་མ་ལུས་པར་བྱ་སྒྲོ་མེ་ལ་བཤུར་བའམ༔ ཐལ་བ་རླུང་ལ་བསྐུར་བ་ལྟར་སོང་བར་བསམ་ཞིང་༔ དགྲ་བགེགས་བྱ་མ་ལྷ་སྲུང་བྱད་ཁ་ཕུར་ཁ་གཏད་ཁ་ཁྲམ་ཁ་རྦད་འདྲེ་རྦོད་གཏོང་རྨིས་ལྟས་མཚན་མ་ངན་པ་དང་བཅས་པ་ཐམས་ཅད་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག་ཅེས་བརྗོད་ཐལ་མོ་བརྡབ་བོ༔ ས་མ་ཡཱཿ རྒྱ་རྒྱ་རྒྱ༔ བཞི་བ་ཕན་ཡོན་དགོས་ཆེད་ཀྱི་རིམ་པ་བསྟན་པ་ནི༔ མཁའ་འགྲོ་སྤྱི་རྒྱུད་ལས༔ དགྲ་བོ་སྒྲོལ་བ་མཐུ་འཇིགས་ཀྱང་༔ མཐུ་ཡི་ནུས་པ་བཟློག་གྱུར་ན༔ བྱད་མ་དགྲ་བགེགས་རང་ཕུང་འགྲོ༔ ཞེས་དང་། མཁའ་འགྲོ་ནག་མོའི་བཟློག་རྒྱུད་ལས༔ གསང་བའི་དོན་ལྡན་དྲོད་ཐོབ་པས༔ བཟློག་པས་མི་བཟློག་མཁན་གྱི་གཤེད༔ 'སྤུ་གྲི་སྔགས་ཀྱིས་གཟེར་གཏབ་པ༔ ཟ་བྱེད་ཚོགས་རྣམས་རང་གཤེད་འབབ༔ གནམ་ལྕགས་ཞུན་མའི་རྩིབས་ལ་གཟེར༔ ལྷ་སྲུང་མི་བཟོད་བྱད་མ་སྒྲོལ༔ བསྟན་པའི་དགྲ་བོ་ཁ་དག་གཏོང་༔ ཞེས་གསུངས་པའི་ཕྱིར༔ སྔགས་པ་ནང་འགྲས་པའི༔ སྡེ་དགོན་ཆེན་པོའི་བསྲུང་ཁ་བྱེད་པའམ༔ ཕ་རོལ་གྱིས་བྱད་མ་རྦོད་གཏོང་གིས་རང་ལ་གཟིར་བའི་རྟགས་བྱུང་ན༔ སྒྲུབ་པ་ཉམས་སུ་བླངས་པའི་མཇུག་ཏུ༔ བཟློག་པའི་གཟེར་ཁ་འདི་ཕ་རོལ་གྱི་ནུས་སྟོབས་དང་བསྟུན་ཏེ༔ སྔགས་ཚན་མང་ཉུང་གི་ལས་ལ་སྦྱར་བས་དགྲ་བོ་ཐམས་ཅད་རང་ཕུང་ལ་འགྲོའོ༔ རྒྱུན་དུ་མ་ཆགས་པར་བརྩོན་ན་སངས་རྒྱས་སྟོང་གི་མཐུ་རྡུགས་ཤིང་༔ ཕུར་ཐོགས་ཁྲི་འབུམ་གྱིས་བྲུབས་ཀྱང་ཉམ་ང་མི་དགོས་སོ༔ དེ་ཕྱིར་ཡང་ཟབ་སྙིང་པོའི་གདམས་པ་ཟབ་མོ་འདི༔ ད་ལྟ་མཚོ་རྒྱལ་ཁྱོད་ལ་གདམས་ཤིང་༔ མ་འོངས་ཀྱི་བསྐལ་ལྡན་འགའི་དོན་ཏུ་གཏེར་དུ་སྦོས་ཤིག༔ ཅེས་གསུངས་པ་བདག་མཚོ་རྒྱལ་གྱིས་མཁའ་འགྲོའི་ཟབ་ཡིག་ཏུ་བཏབ་སྟེ༔ སེང་གདོང་མཁའ་འགྲོའི་ཕོ་བྲང་དུ་གཏེར་དུ་སྦས་སོ༔ ལས་འཕྲོ་ཅན་དང་འདི་འཕྲད་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ གཉན་རྒྱ༔ གསང་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་པའོ། མངྒ་ལཾ།། །།


previousབདུད་འདུལ་མཁའ་འགྲོའི་ལས་སྦྱོར་གཉིས་པ།next