Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  collapse section
   
   
   
   
   
   
   
   
   
   
   
བདུད་འདུལ་མཁའ་འགྲོའི་ལས་སྦྱོར་གསུམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousབདུད་འདུལ་མཁའ་འགྲོའི་ལས་སྦྱོར་གསུམ་པ།next

བདུད་འདུལ་མཁའ་འགྲོའི་ལས་སྦྱོར་གསུམ་པ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ བདུད་འདུལ་མཁའ་འགྲོའི་ལས་སྦྱོར་གསུམ་པ་བཞུགས་སོ༔ དཔལ་ཆེན་ཧེ་རུ་ཀཿལ་འདུད༔ ངན་སྔགས་ཐམས་ཅད་འདུས་པའི་ཉིང་ཁུ༔ བདུད་འདུལ་མཁའ་འགྲོའི་བསད་པའི་ལས་སྦྱོར་འདི་ལ་དོན་གསུམ་གྱིས་བསྟན་ཏེ༔ སྔོན་འགྲོ་བཅའ་གཞི་དངོས་གཞི་སྒྲུབ་པ་རྗེས་ལས་སྦྱོར་རོ༔ ས་མ་ཡཱ་ཁ་ཐམ་རྒྱ་རྒྱ་རྒྱཿ དང་པོ་སྔོན་འགྲོ་བཅའ་གཞིའི་རིམ་པ་ནི༔ དུར་ཁྲོད་དམ་ལུང་སྟོང་མ་མོ་དང་ཤ་ཟ་ཕྲ་མེན་གནས་པའི་ཡུལ་ལམ༔ རི་བྲག་རྔམ་དྲག་ཅན་ཚང་ཚིང་འཁྲུག་ཅིང་ལྷ་འདྲེའི་འགྱུ་སྲང་ཆེ་བ༔ རི་ལུང་བྲག་སོགས་བརྔམ་ལ་བརྗིད་པ༔ གཞན་གྱི་འཚེ་བ་མེད་པའི་ལུང་དུ་ཕྱིན་ལ༔ གཉུགས་མར་གནས་པ་ལ་གཏོར་མ་བསྔོ༔ འཕྲིན་ལས་བཅོལ་བདེན་སྟོབས་བརྗོད་དོ༔ དེ་ནས་ཕུང་ཤུལ་གྱི་ས་ལ་སྟེགས་བུ་གྲུ་གསུམ་པ་བཟོ༔ དུག་ཁྲག་དང་རོ་སོལ་གྱིས་ཆག་ཆག་གདབ༔ མ་ཏྲམ་བྲིས་པའི་ལྟོ་བར་ཆོས་འབྱུང་ཟླ་གམ་གསུམ་ལྡན༔ མུ་ཁྱུད་ལ་ཐོད་རས་མཚན་པའི་མཐར༔ འཁོར་ལོ་རྩིབས་བརྒྱད་ཚོན་གྱིས་བཅད་ཅིང་སླར་ཡང་ཐོད་རས་བསྐོར༔ མ་ཊཾ་གི་ཡན་ལག་བཞི་ལ་སྒོ་མ་བཞིའི་ངོ་བོ་རྡུལ་ཚོན་གྱི་ཚོམ་བུ་རེ་བླུག༔ མཐར་མེ་རིས་བསྐོར༔ ཆོས་འབྱུང་གི་དབུས་སུ་ཁྲིའི་ཁར་ཟངས་ལྕགས་སམ་བྷནྡྷའི་སྣོད་དུ༔ ནས་ནག་གི་ཕྱེ་ལ་དུག་ཁྲག་གིས་སྦྲུས་པའི་དཔལ་བཤོལ་གཙོ་འཁོར་དགུ་པ་ཤ་སྣ་སྙིང་སྣས་བརྒྱན་པ་ལ༔ བམ་གྱི་རྒྱལ་མཚན་བྷནྡྷའི་ཀོང་བུར་ཚིལ་ཆེན་གྱི་མར་མེ་དགྲ་བགེགས་ཀྱི་ལིངྒ༔ མཚེ་དང་རྩང་ཡུངས་དཀརསོགས་ཀྱིས་བརྒྱན༔ དཀྱིལ་འཁོར་གྱི་མདུན་དུ་ཁམས་ས་ལ་ཧོམ་ཁུང་གྲུ་གསུམ་བང་རིམ་དགུས་མཚན་པ༔ ཁ་དོག་ཅིང་མཐིལ་ཡངས་པ༔ གས་དང་སྲུབ་མེད་པ་དུག་ཁྲག་སྣ་ཚོགས་ཀྱིས་མདོག་བསྒྱུར་བ༔ ཁ་གཅོད་ལ་པུ་རིས་མཚན་པ༔ ཛ་ཁུང་ལ་རྡོ་རྗེས་མཚན་པ་གཅིག་བཟོ༔ དེའི་ནང་དུ་དགྲ་བགེགས་ཀྱི་ལིང་ག །་སྐྱེ་མཆེད་དོད་ཅིང་བུག་ག་ཚང་བ༔ དགྲ་བོའི་ཟས་དང་ངར་སྣབ་ཚང་བ་བཾ་ཆེན་གྱི་ཤའམ༔ དུག་ཁྲག་གི་སྦྲུབ་པའི་ཟན་ལ་བཟོས་པ་གཞུག༔ དགྲ་བོ་ཤིན་ཏུ་ཐུ་ན་དུག་ཤོག་ལ་ལིང་ག་མང་ཉུང་ཅི་རིགས་པར་བྲིས་ཏེ༔ ཧོམ་ཁུང་དུ་གཟུད་དོ༔ ཧོམ་ཁུང་ཁ་རྩང་གིས་བརྒྱན་ཅིང་མཐའ་བསྐོར་རྣམས་ལ་ཐུན་རྫས་དང་མཚོན་ཆས་བསྐོར་ཞིང་༔ ཕུང་གསུམ་བདུད་ཀྱི་ཉི་མ་ལ་ལས་ལ་འཇུག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞི་སྒྲུབ་པའི་རིམ་པ་ནི། བསྙེན་སྒྲུབ་དང་ལྡན་པའི་རྣལ་འབྱོར་པ་བདེ་བའི་གདན་ལ་འདུག༔ བསྟན་པ་དང་སེམས་ཅན་གྱི་དོན་དུ་སེམས་བསྐྱེད༔ ལས་ཀྱི་གཞུང་བསྲང་ཞིང་སྒྲུབ་ཐབས་ལྟར་བསྐྱེད་རིམ་ལྷའི་ཡི་རྣལ་འབྱོར་ལ་འཇུག་སྟེ༔ གཞལ་ཡས་ཀྱི་ཁང་པ་དེ་ཡང་ཐོད་པ་ཚར་གསུམ་ལས་གྲུབ་པ༔ མི་ཁྲག་གི་རྒྱ་མཚོ༔ ཤ་ཆེན་གྱི་བརྩེགས་འཇམ་འཇིམ༔ མི་རོའི་རྩིག༔ མི་རུས་ཀྱི་གྲམ་ཁྲོད༔ དྲི་ང་བ་དང་མི་ང་བའི་བམ་གསར་རྙིང་མང་པོ་རི་ལྟར་བརྩེགས་ཤིང་ལུད་ལྟར་དུ་སྤུངས༔ མཐོང་བ་ཙམ་གྱིས་ཡ་ང་ཞིང་སྐྱི་བུང་བྱེད་པའི་དུར་ཁྲོད་ཀྱི་ཕོ་བྲང་བསྲུང་བའི་འཁོར་ལོ་དགུ་རིམ་གྱིས་མཚན་པའི་འོག་ཏུ༔ གནམ་ལྕགས་ལས་གྲུབ་པའི་བསད་ཁང་མུན་པ་དགུ་རིམ་དང་ལྡན་ཞིང་༔ ཕྱི་ན་ཞེ་སྡང་གི་མེ་འབར་བ༔ ནང་ན་འདོད་ཆགས་ཀྱི་ཁྲག་ཁོལ་བ༔ བར་ན་གཏི་མུག་གི་མུན་པ་འཐིབས་པ༔ ལོགས་ན་ང་རྒྱལ་གྱི་བྲག་རི་ཉིལ་བ༔ སྟེང་ནས་ཐོག་དང་མཚོན་ཆ་སྣ་ཚོགས་ཀྱི་ཆར་འབབ་པ༔ མཐའ་ན་ཕྲག་དོག་གི་རླུང་དམར་ནག་ཏུ་འཚུབ་པའི་ནང་དུ༔ དགྲ་བགེགས་བྱད་མ་ལྷ་སྲུང་བསྐྱེད་བསྟིམ་བྱ་ཞིང་མངོན་སུམ་དུ་ཚུད་པར་བསྒོམ༔ རང་ཉིད་དཔལ་གྱི་མཁའ་འགྲོ་མ་འཁོར་ལས་བྱེད་བཀའ་སྡོད་འབུམ་ཕྲག་ཡངས་པའི་ཡེ་ཤེས་དང་ལས་ལ་གྲུབ་པའི་ལྷ་ཚོགས་ཐམས་ཅད་རབ་ཏུ་ཁྲོས་དྲག་ཏུ་ཁྲོས་ཏེ༔ དྲག་ཏུ་བསྐྱོད་ནས༔ སྤྲུལ་པའི་མཁའ་འགྲོ༔ སྒོ་མ་བཞིའི་ཕྱག་མཚན་ཐོགས་པ་གྲངས་མེད་པས༔ དགྲ་བོ་བྱད་མ་ལྷ་སྲུང་དང་བཅས་པ་བཀུག་ནས༔ བསད་ཁང་དུ་རང་དབང་མེད་པར་བཙུད༔ དུག་མཚོན་སྣ་ཚོགས་ཀྱིས་ཆར་པ་སི་ལི་ལི་ཕབ་པས༔ ཁོའི་རྣམ་པར་ཤེས་པ་མར་མེ་འཆི་ཁའི་འོད་ཙམ་པ་དེ༔ ནག་ཐུམ་ཐུམ་བསད་ཅིང་༔ དམར་ཉིལ་ཉིལ་གཏུབས་ཏེ༔ ཤ་ཁྲག་རུས་པ་ཏིལ་འབྲུ་ཙམ་ཡང་མ་ལུས་པར༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་གཙོ་འཁོར་ཐམས་ཅད་ཀྱིས་ཧབ་སྒྲ་དིར་དིར༔ ཤ་རུས་ཐམས་ཅད་ཆོམ་ཆོམ་དུ་གསོལ་བར་བསམ་ཞིང་སྔགས་འདི་བཟླའོ༔ ཧཱུྃ་བཛྲ་དྷཀྐི་ནི་སིང་ཧ་མུ་ཥ་ཧ་རི་ནི་ས་ཡ་མ་རུ་ཊ་ཤ་ད་ཡཱ་ཕཊཿཛ་ཛ་བྷྱོ་བྷྱོ༔ དགྲ་བོ་མ་ར་ཡ་ཁུག་ཁུག་རིལ་རིལ་ཐུམ་ཐུམ་རྦུད་རྦུད༔ ཅེས་བཟླ་ཤིང་བར་བར་རྣམས་སུ་མཆོད་པས་མཆོད་བསྟོད་པས་བསྟོདཿ ཐུན་མཇུག་རྣམས་སུ་ཐུན་གཏོར་དགྲ་བགེགས་ཀྱི་ཤ་ཁྲག་ཏུ་བྱིན་གྱིས་བརླབས་ལཿ མཁའ་འགྲོའི་འགྱུ་ཕྱོགས་དང་བསྟུན་ཏེ་ལས་ལ་བསྐུལ་བར་བྱའོཿ དེ་ལྟར་བརྩོན་པས་ཉམས་སུ་བླངས་ཚེ་རྟགས་ཀྱི་རིམ་པ་འོང་སྟེཿ བཙད་པོ་དང་ཿ དགེ་བཤེས་དང་ཿ བཙུན་པ་དང་ཿ ཞང་བློན་དང་ཿ མོན་པ་དང་ཿ ཨ་ཙ་ར་དང་ཿ རྟ་བ་ངརཿ ཆོ་འཕྲུལ་སྣ་ཚོགས་འོང་ང་ོཿ དེ་ལྟར་བྱུང་ན་ལས་མྱུར་རོཿ བཙན་མོ་དང་ཿ རྗེ་མོ་དང་ཿ མ་དང་ཿ སྲིང་མོ་དང་ཿ ཆུང་མ་དང་ཿ བྱི་མོ་དང་ཿ མཛའ་མོ་དང་ཿ བྲན་མོ་བུད་མེད་ཀྱི་ཚོགས་མང་པོ་དང་ཿ བྱ་ནག་སྐྱ་ནག་རྣམས་བྱུང་ན་རྒྱུད་འཇམ་ཡང་ལས་འགོར་རོཿ དེ་ནས་ལས་ལ་ཆུད་པའི་རྟགས་ནི་མོ་བརྒྱུད་ཕོ་བརྒྱུད་མང་པོས་དམག་འདྲེན་པཿ སྒྱོགས་འཕེན་པ་ལིངས་བྱེད་པ་རྔ་བརྡུང་བ་ཤིང་གཅོད་པ་བྲག་བཤིགས་པ་རི་དྭགས་བྱེད་པ་དང་ཿ དགྲ་བོ་བཙོན་ལ་ཟིན་པ་སོགས་ཁུགས་རྟགས་བྱུང་ཚེཿ དགྲ་བོ་བསད་པའི་ལས་སྦྱོར་བྱ་སྟེཿ ཧཱུྃ་བཛྲ་དྷཀྐི་ནི་སིངྷ་མུ་ཥ་ཧ་ནི་ནི་ས་ཛཿབྷྱོཿ དགྲ་བོའི་སྙིང་ཁྲག་རྦད་སུ་ཐུན་བྷྱོཿ ཤ་ཏྲུཾ་ཨ་མུ་ཀ་མཱ་ཀ་མཱ་ར་ཡ་རྦད་རྦདཿ ཚལ་པ་ཚལ་པ་སོད་སོདཿ དུག་གསུམ་དུ་ཐུན་གྱིས་བྲབ་ཅིང་གནད་དུ་བསྣུན་པསཿ རྟགས་ནི་དགྲ་བོ་དངོས་སུ་ཁུགས་ནས་བསད་པའམཿ བླ་རྟགས་བསད་པའི་རྟགས་བྱུང་ན་ལས་ལ་སྦྱོར་རོཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གསུམ་པ་ལས་ལ་སྦྱར་བ་ནིཿ ཐུན་རྫས་ཚོགས་ཚད་ཀྱིས་བྲབ་ཅིང་ཿ རང་ཉིད་ཁྲོ་མོའི་ང་རྒྱལ་དྲག་ཏུ་བསྐྱེདཿ འཁོར་ལས་བྱེད་སྤྲུལ་པ་ཡང་སྤྲུལ་གྱི་ཚོགས་ཐམས་ཅད་་ཀྱིས་གཅན་སྤྱང་ཤ་ལ་རུབ་པ་ལྟརཿ དགྲ་བོ་མི་ནོར་འཁོར་དང་བཅས་པ་ཁ་ཕུང་རྗེས་མེད་དུ་བཏང་བར་བསམས་ཤིང་ཐུན་སྣ་ཚོགས་ཀྱིས་བྲབ་སྟེ་སྔགས་འདིས་བསྒྲལ་ལོཿ ཧཱུྃ་བཛྲ་དྷཀྐི་ནི་སིངྷ་མུ་ཥ་ཧ་རི་ནི་ས་དགྲ་བོའི་སྙིང་ཁྲག་ཧུར་ཐུམ་བྷྱོཿ བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བོ་མི་ནོར་འཁོར་དང་བཅས་པ་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊཿ སརྦ་དྷཀྐི་ནི་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བོ་མི་ནོར་འཁོར་དང་བཅས་པ་ཤ་ཏྲུཾ་མཱ་ར་ཡ་ཧཱུཾ་ཕཊཿ བཛྲ་དྷཀྐི་ནི་དགྲ་བོའི་ཤ་ལ་ཀཾ་ཀཾཿ རཏྣ་དྷཀྐི་ནི་དགྲ་བོའི་རུས་ལ་ཆེམ་ཆེམཿ པདྨ་དྷཀྐི་ནི་དགྲ་བོའི་ཁྲག་ལ་གཏིབས་གཏིབསཿ ཀརྨ་དྷཀྐི་ནི་དགྲ་བོའི་དབུགས་ལ་ཧབ་ཧབཿ བྷུངྔྷ་དྷཀྐི་ནི་སིངྷ་མུ་ཥ་ཧ་རི་ནི་ས་དགྲ་བོའི་སྲོག་རྩ་ལ་རྦད་རྦདཿ ད་ཡ་ད་ཡཿ ཆོད་ཡ་ཆོད་ཡཿ མཱ་ར་ཡ་ཛ་ཛཿ ཐུན་བྷྱོ་ཐུན་བྷྱོཿ ཅེས་བསྒྲལ་ལིང་རོ་གཏོར་མར་འབུལཿ ཧཱུྃ་བཛྲ་དྷཀྐི་ནི་སིངྷ་མུ་ཥ་ཧ་རི་ནི་ས་དགྲ་བོ་ཤ་ཏྲུཾ་མཱ་ར་ཡཿ མཾ་ས་རཀྟ་ཀེཾ་ནི་རི་ཏི་ཙིཏྟ་བྷ་སུ་ཏ་བྷ་ལིངྟ་་ཁཱ་ཁཱ་ཁཱ་ཧི་ཁཱ་ཧིཿ སརྦ་དྷཀྐི་ནི་ས་མ་ཡཿ མཾ་ས་རཀྟ་ཀེཾ་ནི་རི་ཏི་ཙིཏྟ་བྷ་སུ་ཏ་བྷ་ལིངྟ་ཁཱ་ཁ་ཁཱ་ཧི་ཁཱ་ཧིཿ ཅེས་ཟན་ལིང་གཏོར་མར་འབུལཿ ཤོག་ལིང་ཐུན་རྫས་དང་མི་ཁའི་རྫས་སོགས་བཏབ་སྟེ་གཅན་གཟན་ནམ་མིའི་ཐོད་ངན་ནང་དུ་འབྲུབ་ཅིང་བྱད་ཐག་གིས་དཀྲིསཿ རེ་ནག་གིས་གཏུམ་མོཿ གཏོར་ཟོར་དང་ཐུན་རྫས་དགྲ་བོའི་ཁང་པ་ལ་འབྲུབ་པའམཿ དགྲ་ཕྱོགས་སུ་འཕེན་ཞིང་དམོད་པ་སྣ་ཚོགས་འདེབསཿ གཡབ་མོས་གཡབཿ ཆོ་ངེ་འདོན་ཐལ་བ་བཤོརཿ ཆེ་གེ་འདི་ཞེས་བྱ་བ་མྱུར་དུ་སྒྲོལ་ལྷག་མ་རྗེས་ཤུལ་མེད་པར་ཐོངས་ཤིག་སོགས་བརྗོདཿ དེ་ནས་སྦྱིན་བསྲེག་ཏུ་འདོད་ན་དུག་ཤིང་གི་ཧོམ་བརྩེགས་པ་ལ་མེ་སྦར་ཞིང་ཿ ལིངྒ་ཤ་ཁྲག་སྣ་ཚོགས་ཀྱི་སྲེག་རྫས་དང་བཅས་པ་འབུལ་ཞིང་ཿ ཧཱུྃ་བཛྲ་དྷཀྐི་ནི་སིངྷ་མུ་ཥཧ་རི་ནི་ས་ཆེ་གེ་མོ་ཛྭ་ལ་རཾ་རཾཿ སརྦ་དྷཀྐི་ནི་ཆེ་གེ་མོ་ཛྭ་ལ་རཾ་རཾཿ ཅེས་བརྗོད་ཅིང་མེའི་ནང་དུ་མཁའ་འགྲོ་འཁོར་དང་བཅས་བསམས་ལཿ ལིངྒ་བསྲེག་རྫས་དགྲ་བོའི་ཤ་ཁྲག་ཏུ་བསམ་ཏེ་འབུལ་ཞིང་ཿ དགྲ་བོ་འཁོར་བཅས་བྱ་སྒྲོ་མེ་ལ་རེག་པ་ལྟར་བསྒོམ་མོཿ ཐལ་བ་ལིངྒ་དང་མཉམ་དུ་མནན་ན་ཟབཿ དེ་ནས་མནན་པ་བྱ་བ་ནིཿ གོང་གི་ཐོད་པ་ཧོམ་ཁུངདུ་བཅུག་ཅིང་འགུགས་བསྟིམ་ཡང་ཡང་བྱཿཛཿཧཱུྃ་བཾ་ཧོ་ས་རྒྱས་གདབ་ཅིང་ཞག་གསུམ་སྨྲ་བ་བཅད་ལ་སྔགས་འདིས་བསྒྲུབ་བོཿ ཧཱུྃ་བཛྲ་དྷཀྐི་ནི་སིངྷ་མུ་ཥ་ཧ་རི་ནི་ས་དགྲ་བོ་སརྦ་ཤ་ཏྲུཾ་མཱ་ར་ཡ་ནན་ནནཿ སྟམ་བྷ་ཡ་ནནཿ དགྲ་བོ་ཀཱ་ཡ་ཝཀྐ་ཙིཏྟ་མོ་ཧ་ཡ་ནན་ནནཿ ཅེས་བཟླས་ལ་དུར་ཁྲོད་མཁའ་འགྲོ་འདུ་བའི་སའམཿ ལྷ་འདྲེ་འཚུབ་ཆེ་སར་སྲོད་དྲག་པོ་ལ་མནན་ཞིང་ལྷ་འདྲེ་རྣམས་ལ་གསེར་སྐྱེམས་མཆོདཿ གཉེར་གཏད་དྲག་ཏུ་བྱའོཿ དགྲ་བོ་ཀླུ་ལ་གཏད་ན་སྦལ་པ་ནག་པོ་གྲོ་ག་ལ་བྲིས་པའི་ལྟོ་བར་དགྲ་བོ་ལིངྒ་གཞུང་ལྟར་བྲིཿ ཐ་མར་སྔགས་འདིས་བསྐོར་རོཿ ནཱ་ག་ཁ་མེད་དགྲ་བོ་མི་ནོར་འཁོར་དང་བཅས་པ་ཁཱ་ཧི་ཁཱ་ཧིཿ ནཱ་ག་ནཱ་ག་ཕོ་ཏྲི་ཏེ་ནཱ་ག་ནག་པོ་ཀྲོ་ཏཿ བཛྲ་ཡཀྴ་ཀྲོ་ཏ་ནིཿ ནཱ་ག་ནི་རི་མེ་དཿ ཤ་ཏྲུཾ་ཙནྡྷ་ཙནྡྷ་ཆེ་གེ་མོ་ལ་ཛཿཛཿ ཞེས་ཞག་གསུམ་བཟླ་ཞིང་མཁའ་འགྲོ་མས་ཀླུ་བཀུགཿ ཀླུས་དགྲ་བོ་བརླགས་པར་བསམས་ལཿ ཁམ་པའི་སྦལ་པ་སོ་བཏང་བའི་ནང་དུ་བཅུགཿ ཁ་ལ་ཆས་བསྡམསཿ ཀླུ་གདོལ་ལ་གནས་པའི་ཆུ་མིག་གི་དོང་དུ་སྦའོཿ ཀླུའི་འགྱུ་བ་དང་བསྟུན་ཐུབ་ན་རབ་བོཿ དགྲ་བོ་ཀླུའི་གནོད་པས་བརླག་པར་ཐེ་ཚོམ་མེད་དོཿ འབོད་རྦད་བསད་གསུམ་གང་ལའང་རྟགས་མེད་འགྱངས་ནཿ རང་གཞུང་གི་སྔགས་མགོ་ཞབས་བཟློག་སྟེ་བཟླས་པས་རྟགས་མྱུར་དུ་ཐོན་ནོཿའདི་ནི་ཤིན་ཏུ་འགྱངས་ན་མ་གཏོགས་བྱར་མི་རུང་ངོ་ཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གདམས་པ་ཟབ་མོ་འདིས་སྔོན་རྒྱ་གར་དུཿ བདག་པདྨ་ཐོད་ཕྲེང་གིས་མུ་སྟེགས་ཀྱི་སྡེ་ལངྐའི་བདག་པོ་དང་བཅས་པ་ཁ་ཕུང་ལ་བཏང་ནསཿ སངས་རྒྱས་ཀྱི་བསྟན་པ་དར་བར་བྱས་ཤིང་ཿ ཁ་བ་ཅན་གྱི་རྒྱལ་ཁམས་སུ་འོངས་ཏེཿ ཆོས་རྒྱལ་གྱི་དགོངས་པ་སྒྲུབསཿ སངས་རྒྱས་ཀྱི་བསྟན་པ་བཙུགས་ཤིང་མཁའ་འགྲོའི་གདམས་ཟབ་མང་པོ་མཚོ་རྒྱལ་ཁྱོད་ལ་གདམས་པའི་ཉིང་ཁུ་ནི་འདིའོཿ ཞེས་གསུངས་པ་རྣམས་བདག་མཚོ་རྒྱལ་གྱིས་ཡི་གེར་བཏབ་སྟེཿ བདེ་མཆོག་དབང་གི་འཁོར་ལོའི་ཆོས་སྐོར་དུཿ སེང་གདོང་མཁའ་འགྲོའི་གནས་ལ་རིན་པོ་ཆེའི་གཏེར་དུ་སྦས་པ་ས་མ་ཡཱཿ རྒྱ་རྒྱ་རྒྱཿ ལས་འཕྲོད་ཅན་དང་འཕྲད་པར་ཤོགཿ གཏེར་རྒྱཿ སྦས་རྒྱཿ ཟབ་རྒྱཿ གཉན་རྒྱཿ གཞད་རྒྱཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ ཁ་ཐཾ་རྒྱཿ བདག་སྤྲང་བན་ཉི་མ་གྲགས་པས་གངས་རིའི་རྒྱལ་པ་ོཏི་སེ་ནས་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ། །


previousབདུད་འདུལ་མཁའ་འགྲོའི་ལས་སྦྱོར་གསུམ་པ།next