Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདུད་འདུལ་སེང་གདོང་ནག་མོའི་དགྲ་བོའི་ངག་མནན་པའི་ལས་སྦྱོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousབདུད་འདུལ་སེང་གདོང་ནག་མོའི་དགྲ་བོའི་ངག་མནན་པའི་ལས་སྦྱོར།next

བདུད་འདུལ་སེང་གདོང་ནག་མོའི་དགྲ་བོའི་ངག་མནན་པའི་ལས་སྦྱོར།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ བདུད་འདུལ་སེང་གདོང་ནག་མོའི་དགྲ་བོའི་ངག་མནན་པའི་ལས་སྦྱོར་བཞུགས་སོ༔ དཔལ་ཧེ་རུ་ཀཿལ་ཕྱག་འཚལ་ལོ༔ མ་འོངས་དུས་ཀྱི་སྙིགས་མ་ལ༔ སྔགས་པ་ནང་རྒྱས་བྱུང་བའི་ཚེ༔ བྱད་མའི་ངག་མནན་རིམ་པ་ནི༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ སྔོན་འགྲོ་བཅའ་གཞི་དངོས་གཞི་སྒྲུབ༔ ཐ་མ་ལས་ལ་སྦྱོར་བའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྔོན་འགྲོ་བཅའ་གཞིའི་རིམ་པ་ནི༔ སྐབས་དང་མཐུན་པའི་གནས་སུ༔ མཎྜལ་ནག་པོ་གྲུ་བཞི་པ་གཅིག་བཟོས་པའི་དབུས་སུ་ཟུར་གསུམ་མཐོ་གང་པ་ཚོན་དམར་ནག་གིས་བྱུག༔ ཕྱོགས་གསུམ་གྱི་ཟླ་གམ་སེར་པོར་བྱ༔ དེའི་ཕྱི་ལ་པདྨ་འདབ་མ་བཞི་ཕྱོགས་མདོག་གིས་བསྒྱུར༔ ཁྱི་ཐོད་ཚད་མ་ཞིག་གི་མཆུ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པའི་འགྲམ་པ་གཡས་གཡོན་གཉིས་ལ༔ དགྲ་བོ་ཀཱ་ཡ་ཝཱཀྐ་ཙིཏྟ་སྟམ་བྷ་ཡ་ནན༔ བྱ་བ་བྲི༔ དཔྲལ་བར་རི་རབ་གླིང་བཞི་བྲི༔ ལྟག་ཁུང་གི་ཁ་ལ་རྡོ་རྗེ་རྒྱ་གྲམ་བྲི༔ དེ་ནས་དགྲ་བོའི་ལིངྒ་དུག་ཤོག་ལ་དུག་ཁྲག་གིས་གཟུགས་བརྙན་དོད་ལ་གསལ་བ་ཞིག་བྲིས་པའི༔ དཔྲལ་བར་རུས༔ སྙིང་གར་ནྲྀ་ལ་མིང་གི་མཐར་ཁུག་ཅིག་ནན༔ བྱ་བ་བྲི༔ ཡན་ལག་བཞི་ལ་ཛཿཧཱུྃ་བཾ་ཧོ་བཞིཿབྲི༔ བརླ་ལ་བླ་དག་འདོམས་ལ་ཚ་གསང་གནས་ལ་ཕཊ༔ རྣ་བ་ལ་འོན༔ སྤྱི་བོར་ནན༔ མིག་ལ་ལོང་བྱ་བ་བྲི༔ ལྕེས་བྲང་ཞེང་ཁྱབ་བར་བྲིས་པའི་སྟེང་དུ༔ ཨཱོཾ་བྷནྡྷ་ཤ་རུ༔ བྷནྡྷ་མུ་ཀ་ཆེ་གེ་མོའི་ངག་སྟམ་བྷ་ཡ་ཧཱུྃ་ཕཊ༔ ནན་སོད་སྭཱ་ཧཱ༔ བྱ་བ་བྲི༔ དགྲ་བོའི་མཆིལ་སྣབ་དང་ཟག་རྫས་ཀྱིས་ཁྱབ་པར་བྱུག༔ ཐ་མ་ལ་བསད་སྔགས་ཀྱིས་བསྐོར་ཞིང་དམོད་བཅོལ་སྣ་ཚོགས་བྲི༔ གྲུ་གསུམ་པའི་སྟེང་དུ་ཁྱི་ཐོད་བཞག་ཅིང་ཁྱི་ཐོད་ཀྱི་ཁར་ལིངྒ་བཞག༔ ཤར་དུ་ཆབ་ཆུ་བཞག་ཅིང་སྤྱོད་ལམ་གྱི་དུས་ཆབ་བླང་༔ ལྷོར་ཐོད་ངན་ནང་དུ་ཡུངས་དཀར་ནག་དང་ཐུན་བཞག་ཅིང་ལིངྒ་ལ་བྲབ༔ ནུབ་ཏུ་མར་མེ་བཞག༔ བྱང་དུ་མཁའ་འགྲོ་མའི་ཐུན་གཏོར་བཞག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞི་སྒྲུབ་པའི་རིམ་པ་ནི༔ རང་ཉིད་སྐད་ཅིག་གི་བདུད་འདུལ་དཔལ་གྱི་མཁའ་འགྲོའི་བསྐྱེད་རིམ་གསལ་ཞིང་༔ ཧཱུྃ་བཛྲ་དྷཱཀྐི་ནི་སིདྷ་མུ་ཥ་ཧ་རི་ནི་ས་ཧཱུྃ་ཛ༔ ཞེས་གོང་བསྙེན་ཞག་གཅིག་བྱས་ནས་དཔའ་བོ་མཁའ་འགྲོ་ཐམས་ཅད་དབང་དུ་གྱུར་པར་བསམས་ཤིང་༔ ལིངྒ་ལ་འགུགས་བསྟིམ་དྲག་ཏུ་བྱ༔ ཐུན་གཏོར་བསྔོ་ལས་ལ་བསྐུལ༔ དེ་ནས་ངག་མནན་པའི་སྔགས་འདི་བསྒྲང་ངོ་༔ ཨོཾ་བྷནྡྷ་ཤ་རུ༔ བྷནྡྷ་མུ་ཥ༔ ཆེ་གེ་མོའི་ངག་སྟམ་བྷ་ཡ་ཧཱུྃ་ཕཊ་མཱ་ར་ཡ་ནན༔ ཅེས་འབུམ་ཚོ་གཅིག་བཟླ་ཞིང་༔ སྐབས་སྐབས་སུ་ཐུན་གྱིས་བྲབ༔ བདུད་འདུལ་མཁའ་འགྲོའི་ལྷ་ཚོགས་དྲག་ཏུ་ཁྲོས་ནས་བྱད་མའི་ལུས་ངག་ཡིད་གསུམ་ཁྱད་པར་དུ་ངག་གི་དབང་པོ་ལ༔ ཕྱི་ནས་ཐུན་མཚོན་སྣ་ཚོགས་ཀྱ་ིཆར་ཕབ༔ ནང་ནས་དབུགས་ཀྱི་འགྱུ་བ་བཅད༔ བར་ནས་གཏི་མུག་གི་མུན་པ་གཏིབས་པར་བསྒོམ་མོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་ལས་ལ་སྦྱོར་བ་ནི༔ དེ་ལྟར་བསྒྲུབས་པའི་རྟགས་ཀྱི་རིམ་པ་ནི༔ ཕ་རོལ་གྱི་ལྕེ་བཅད་པ༔ ལྕེ་བཅིངས་པ༔ མཆུ་བཅད་པ༔ རླུང་འགགས་པ་སོགས་ཀྱི་ལྟས་བྱུང་ཚེ༔ ལིངྒ་ཟུར་གསུམ་པའི་རྣམ་པར་ལྟེབ་ཅིང་ཁྱི་ཐོད་ཀྱི་ཁར་བཅུག༔ ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས༔ རེ་བ་ནག་པོས་དྲིལ་ཞིང་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་བཏབ༔ ཕུང་གསུམ་བདུད་ཀྱི་ཉི་མ་ལ་བབ་ཚེ༔ ལམ་རྒྱ་གྲམ་དུ་དོང་གྲུ་གསུམ་པར་བྲུས་པའི་ནང་དུ་མཎྜལ་གྱི་རྡུལ་ཚོན་བཏབ༔ ཐོད་པ་ཁ་ལྷོར་བསྟན་ཞིང་ཁ་སྦུབ་དུ་མནན༔ རོ་གཡམ་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད༔ བཀུག་བསྟིམས་བྱ་ཅིང་རྟ་བྲོ་བརྡུང་༔ ཚ་ཚ་རབ་ཏུ་གནས་པ་དགུ་སྟེང་དུ་བཞག་ཅིང་བརླན་གྱིས་མི་འཇིགས་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་རྒྱ་བོད་ཡུལ་ན་དཀོན་པའི་ནོར༔ ཡིད་ཀྱི་གནག་པ་མཁའ་འགྲོའི་སྙིང་ཁྲག་འདི༔ བསྟན་ལ་གནོད་བྱེད་བྱད་མར་ཞེ་རེ་ཚིམ༔ གསང་བའི་མན་ངག་བསྟན་པའ་ིབཙས་སུ་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཉི་མ་གྲགས་པས་ཤིང་མོ་ཡོས་ཀྱི་ལོ་ལ་ཏི་སེ་གངས་ཀྱི་རི་ནས་གདན་དྲངས་པའོ༔ མངྒ་ལཾ༔


previousབདུད་འདུལ་སེང་གདོང་ནག་མོའི་དགྲ་བོའི་ངག་མནན་པའི་ལས་སྦྱོར།next