Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདུད་འདུལ་མཁའ་འགྲོའི་ཆོ་འཕྲུལ་གྱི་ལས་མཐའ།
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousབདུད་འདུལ་མཁའ་འགྲོའི་ཆོ་འཕྲུལ་གྱི་ལས་མཐའ།next

བདུད་འདུལ་མཁའ་འགྲོའི་ཆོ་འཕྲུལ་གྱི་ལས་མཐའ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ བདུད་འདུལ་མཁའ་འགྲོའི་ཆོ་འཕྲུལ་གྱི་ལས་མཐའ་བཞུགས་སོ༔ དཔལ་ཆེན་པོ་མཁའ་འགྲོའི་དབང་ཕྱུག་ལ་ཕྱག་འཚལ་ལོ༔ བདུད་འདུལ་དཔལ་གྱི་མཁའ་འགྲོའི་བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས༔ བསྟན་པ་བཤིག་པའི་དགྲ་བོ་ལ་ཆོ་འཕྲུལ་གཏོང་བའི་ལས་སྦྱོར་ནི༔ འཕུང་ཤུལ་གྱི་ས་ལ་མཎྜལ་གྲུ་གསུམ་པར་བཟོས་པའི་དབུས་སུ༔ ཟུར་གསུམ་དུ་བྲུས་པའི་ནང་དུ་དུག་ཤིང་ངམ༔ དུག་ཤོག་ལ་ལིངྒ་གཞུང་ལྟར་བྲིས་པ་བཅུག༔ ཁམ་ས་ལ་མཁའ་འགྲོ་མའི་གཟུགས་བཞི་བཟོས༔ སྐུ་མདོག་དམར་པོ་ལུས་གོས་ནག་པོར་བྱས་པའི་ལག་ཏུ་དུག་ཤིང་གི་གཞུ་འམ་མི་གྲིར་ཤི་བའི་རྩིབ་རུས་ལ་ཡུག་ས་མའི་སྐྲ་ཤད་ཀྱིས་གཞུ་རྒྱུད་བྱས་པ་ལ་འུག་སྒྲོ་སྐྱོན་པའི་སྐྱེར་མདའ་བཀང་བ་མཁའ་འགྲོའི་ལག་ཏུ་བཞག༔ དམར་གྱི་བཤོས་བུ་བཞི་ཕྱོགས་བཞིར་བཤམ༔ དཀར་གསུམ་མངར་གསུམ་གྱི་གཏོར་མ་ཞིག་ཀྱང་བཤམ༔ ཐོད་ངན་ལ་འཁོར་ལོ་རྩིབས་བརྒྱད་བྲིས་ལ་སྔགས་རྣམས་བཀོད༔ ལྟེ་བར་ནྲི་ལ་མིང་གིས་བསྐོར༔ རྩིབས་བརྒྱད་ལ་དགྲ་བོ་འཁོར་བཅས་ལཾ་ལཾ་སྟཾ་བྷ་ཡ་ནན་ཛཿབྷྱོ་ཧྲིང་ཡ༔ དགྲ་བོ་སརྦ་མ་མ་ནན་ཛཿབྷྱོ་ཧྲིང་ཡ༔ དགྲ་བོ་སརྦ་ཙིཏྟ་ཐུཾ་རིལ་ཛཿ བྷྱོཿཧྲིང་ཡ༔ དགྲ་བོ་སརྦ་ཙིཏྟ་ཐུཾ་རིལ་ཛ་བྷྱོ་ཧྲིང་ཡ༔ དགྲ་བོ་སརྦ་ཧ་ན་ཧ་ན་ཐུམ་རིལ་ཛཿ བྷྱོ་ཛ་ཧྲིང་ཡ༔ དགྲ་བོ་ཏྲི་ཏྲན་ཛ་ཤི་དུ་སོད་ཛཿབྷྱོ་ཧྲིང་ཡ༔ དགྲ་བོ་གྷྲིནྡུ་མདའ་མ་ཛཿབྷྱོཿཧྲིང་ཡ༔ དགྲ་བོ་ཀཱ་ཡ་ཝཱཀྐ་མཱ་ར་ཡ་ཛ་ཐུམ་རིལ་ཧཱུྃ༔ དགྲ་བོ་ཨེ་ཧུར་ཐུམ་རྦད་ཡ་ཛ་ནན༔ ཅེས་བྲིས་ཤིང་༔ དོམ་གྱི་རུས་པ༔ ཡུངས་དཀར་ནག་བྱ་མོའི་སྒོང་ངར་གདམས་པ་ལངྒིའི་འོག་ཏུ་བཞག་ཐོད་པས་ཁ་བཅད་དེ༔ དང་པོ་རང་ཉིད་དཔལ་བདུད་འདུལ་ནག་མོར་བསྒོམ་ཞག་གཅིག་བསྙེན་པ་འདིས་སྒྲུབ་བོ༔ ཧཱུྃ་བཛྲ་དྷཀྐི་ནི་སིང་ཧ་མུ་ཥ་ཧ་རི་ནི་ས་ཧྲིང་ཛ་ཧྲིང་ཛ༔ ཏྲི་ནན་ཛཿ བྷི་དུར་ཧུ་ཡཱ༔ ཞེས་བཟླས་པས་ཨ་ཙ་ར་མིག་སྔ་ལ་ཡོང་ངོ༔ དེ་ནས་རྦད་པའི་སྔགས་འདི་བཟླ་འོ༔ ཧཱུྃ་བཛྲ་དྷཀྐི་ནི་སིང་ཧ་མུ་ཥ་ཏྲི་ནན་ཛ༔ བྷི་དུར་ཧུར་ཡཿམ་མ་ཙིཏྟ་ནག་མོ་དགྲ་ལ་བྷྱོ༔ ཞེས་ཞག་བདུན་བཟླས་ཤིང་གཏོར་མ་དགྲ་ཕྱོགས་སུ་འབུལ༔ བསྐུལ་བ་འདོན་མདའ་རྣམས་ལིང་ག་ལ་བརྒྱབ༔ ལིང་ག་ཐོད་པར་རྫས་དང་བཅས་པ་བཅུག༔ རེ་བ་ནག་པོས་དྲིལ༔ དགྲ་བོའི་ཐེམ་འོག་ཏུ་མནན༔ དམོད་བཅོལ་བྱ༔ བདུད་འདུལ་མཁའ་འགྲོ་འཁོར་དང་བཅས་པས་དགྲ་བོ་བརླག་པར་བསམ༔ དགྲ་ལ་ཆོ་འཕྲུལ་སྣ་ཚོགས་འོང་ཞིང་༔ མི་ནོར་ཐམས་ཅད་རྩད་ནས་གཅོད་ཅིང་༔ དྲུང་ནས་འབྱིན་པར་འགྱུར་རོ༔ འདི་ནི་མཁའ་འགྲོའི་གསང་བའི་མན་ངག་ཡང་དག་པའོ༔ དེ་སྐད་ཅེས་སློབ་དཔོན་ཆེན་པོས་གསུངས་པ་དང་༔ བདག་བུད་མེད་མཚོ་རྒྱལ་གྱིས་ཕྱི་རབས་ཀྱི་དོན་དུ་ཡི་གེར་བཏབ་སྟེ་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ་༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ཁ་ཐམ་གྷུ་ཧྱ༔ བདག་ཁམས་ཞིག་ཉི་མ་གྲགས་པས་སེང་གདོང་མཁའ་འགྲོའི་གནས་ནས་གདན་དྲངས་པའོ༔ མངྒ་ལཾ།། །།


previousབདུད་འདུལ་མཁའ་འགྲོའི་ཆོ་འཕྲུལ་གྱི་ལས་མཐའ།next