Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདུད་འདུལ་མཁའ་འགྲོའི་ཤིན་ཏུ་ཟབ་པའི་བསྲུང་བ་རྣམ་གསུམ།
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousབདུད་འདུལ་མཁའ་འགྲོའི་ཤིན་ཏུ་ཟབ་པའི་བསྲུང་བ་རྣམ་གསུམ།next

བདུད་འདུལ་མཁའ་འགྲོའི་ཤིན་ཏུ་ཟབ་པའི་བསྲུང་བ་རྣམ་གསུམ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ བདུད་འདུལ་མཁའ་འགྲོའི་ཤིན་ཏུ་ཟབ་པའི་བསྲུང་བ་རྣམ་གསུམ་བཞུགས་སོ༔ དཔལ་ཆེན་པོ་ལ་ཕྱག་འཚལ་ལོ༔ བན་བོན་ངན་པའི་སྦྱོར་བ་བཤིག་པའི་མན་ངག་ནི་གསུམ་སྟེ༔ མཁའ་འགྲོ་ནག་མོའི་རྒྱུད་ལས༔ བན་བོན་ངན་པའི་སྦྱོར་བ་ལ༔ སྟེང་འོག་བར་གསུམ་བསྲུང་བ་བརྩམ༔ བྱད་མ་ལྷ་སྲུང་རྡུལ་དུ་བརླག༔ རང་ཉིད་རྡོ་རྗེའི་གུར་དུ་ཆུད༔ ཅེས་པས༔ དང་པོ་མདའ་ཕུར་གྱིས་བསྲུང་བ་སྟེང་གི་རྟེན་འབྲེལ༔ གཉིས་པ་འཁོར་ལོས་བསྲུང་བ་བར་གྱི་རྟེན་འབྲེལ༔ གསུམ་པ་མཆོད་རྟེན་གྱིས་བསྲུང་བ་འོག་གི་རྟེན་འབྲེལ་ལོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་མདའ་ཕུར་གྱི་བསྲུང་བ་སྟེང་གི་རྟེན་འབྲེལ་ལ་དོན་གསུམ་སྟེ༔ བཅའ་གཞི་དང་ལས་སྦྱོར་སྔགས་དམིགས་སོ༔ དང་པོ་བཅའ་གཞི་ནི་སྨྱུག་མ་ཚིགས་གསུམ་ལ༔ བྱ་རྒོད་ཀྱི་སྒྲོ་སྐྱོན་པ་མེ་ལ་བཤུར་བ་ལྔ་བཟོ་ཞིང་༔ གྲི་ལྕགས་ཀྱི་མདེའི་ལ་གྲི་ཁྲག་དང་དུག་ཆུས་ངར་བླུད་པ་སྐྱོན༔ ཟངས་ལྕགས་སམ་ཚེར་མ་ཅན་གྱི་ཤིང་ལ་ཕུར་པ་ལྔ་བཟོ་ཞིང་༔ ལས་སྦྱོར་གཉིས་པ་ལྟར་གྱི་ཟློག་སྔགས་རྣམས༔ ཕུར་པ་རྣམས་ཀྱི་དབལ་ལ་དུག་ཁྲག་གིས་བྲི༔ ཕུར་པའི་སོ་ལ་གྲི་ཁྲག་དུག་ཆུ་བྱུག༔ མདའ་རྣམས་ཀྱི་སྟོད་དང་ཕུར་པའི་མགོ་དབུས་སུ་སྟོན༔ མདེལ་དང་ཕུར་སོ་ཕྱོགས་བཞིར་སྟོན༔ དབུས་ཀྱི་མདའ་ཕུར་གཉིས་ཀྱི་སོ་ཉལ་མལ་ལ་ཐུར་དུ་སྟོན༔ དེ་རྣམས་སྣལ་མ་དམར་པོས་འཁོར་ལོ་རྩིབས་བཞིའི་རྣམ་པར་བསྡམ༔ དར་མཐིང་ནག་གི་ཁུག་མ་ལྔར༔ ཡུངས་དཀར་ནག་ཀེ་ཚེ་ཤང་ཚེ་ཟངས་ལྕགས་སོགས་ཐུན་རྫས་སྣ་ཚོགས་སུ་བླུགས་ལ་མདའི་མགུལ་དུ་བསྡམ་པར་བྱའོ༔ གཉིས་པ་ལས་སྦྱོར་སྔགས་དམིགས་ཀྱི་རིམ་པ་ནི༔ རང་ཉིད་དཔལ་གྱི་མཁའ་འགྲོ་མའི་ཏིང་འཛིན་རབ་ཏུ་གསལ་ཞིང་༔ མདའ་ལྔ་བདུད་འདུལ་ནག་མོ་ལ་མཁའ་འགྲོ་བཞིས་བསྐོར་བར་བསྐྱེད༔ ཕུར་པ་ལྔ་ཡེ་ཤེས་སེམས་དཔའི་ངོ་བོ་ཕྱག་མཚན་ལྔ་ལ་ས་བོན་ཧཱུྃ་ཧ་རི་ནི་ས་ལྔས་མཚན་པའི་དཀྱིལ་དུ་རང་གི་ཚེ་སྲོག་གི་ངོ་བོ་ཡི་གེ་ནྲི་ཡིག་ལྔའི་ཁོང་དུ་ཆུད་པར་བསྒོམ༔ ཐུན་རྫས་རྣམས་སྤྲུལ་བ་ལས་ཀྱ་ིམཁའ་འགྲོ་གྲངས་མེད་དཔག་ཏུ་མེད་པར་གསལ༔ སྣལ་མ་བསྲུང་བའི་གུར་ཁང་དུ་བསྒོམ༔ ལས་སྦྱོར་དང་པོ་ལྟར་བསྲུང་བའི་སྔགས་དམིགས་ལ་བརྩོན་པར་བྱའོ༔ རྟེན་འབྲེལ་གྱི་སྦྱོར་བ་དེ་རང་གི་ཉལ་མལ་གྱི་སྟེང་དུ་གདུགས་ལྟར་དུ་ཕུབ་ནས་བཅང་ངོ་༔ འདི་ནི་ཤིན་ཏུ་ཟབ་པའི་ཕྱིར༔ སྤེལ་བར་ཕངས་ནས་ཟུར་དུ་བཀོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་འཁོར་ལོས་བསྲུང་བ་བར་གྱི་རྟེན་འབྲེལ་ནི༔ གྲོ་ག་ཤིང་ཤུན་ནམ་རས་ལ་འཁོར་ལོ་མུ་ཁྱུད་དགུ་རུ་བསྐོར་ཏེ༔ ལྟེ་བ་ལ་ཧཱུྃ་ཡིག་གི་མཐར་ཆེ་གེ་འདི་ཞེས་བྱ་བའི་ཀཱ་ཡ་ཝཱཀྐ་ཙིཏྟ་རཀྵ་རཀྵ༔ ཞེས་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ སྒྲུབ་པའི་རྩ་བསྙེན་འདེབས༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ་རྩིབས་བཞིར་བཅད་ཅིང་༔ ཧ་རི་ནི་ས་བཞི་བཀོད་པའི་མཐར༔ འདི་ཞེས་བྱ་བ་ལ་སྲུངས་ཤིག་བྱ་བ་བྲི༔ རྩིབས་མཆན་བཞི་ལ་བྱད་མ་འདི་ཞེས་བྱ་བའམ༔ བན་བོན་ངན་པ་ལྷ་སྲིན་སྡེ་བརྒྱད་དང་བཅས་པའི་བྱད་ཁ་ཐམས་ཅད་ཨེ་ཡ་ཧུར་ཐུམ་བྷྱོ་ཟློག༔ ཕུར་ཁ་ཐམས་ཅད་ཨེ་ཡ་ཧུར་ཐུམས་བྷྱོ་ཟློག༔ གཏད་ཁ་ཐམས་ཅད་ཨེ་ཡ་ཧུར་ཐུམ་བྷྱོ་ཟློག༔ ཁྲམ་ཁ་ཐམས་ཅད་ཨེ་ཡ་ཧུར་ཐུམ་བྷྱོ་ཟློག༔ ཅེས་བྲི་དེ་ཡི་ཕྱི་རིམ་མུ་ཁྱུད་ལ་བསྲུང་བའི་བསྙེན་པ་རྣམས་འདེབས༔ དེ་ཡི་ཕྱི་རིམ་བཟློག་པའི་དྲག་སྔགས་རྣམས་འདེབས༔ དེའི་ཕྱི་རིམ་པདྨའི་ཕྲེང་བས་བསྐོར༔ དེའི་ཕྱི་རིམ་རྡོ་རྗེའི་ར་བས་བསྐོར༔ དེའི་ཕྱི་རིམ་མེ་རི་འབར་བས་བསྐོར༔ ཐལ་ཆེན་དང་ཡུངས་དཀར་རྫས་སུ་བཏབ་སྟེ་མཛེས་པའི་ཚོན་གྱིས་བསྒྱུར༔ མཆོད་རྟེན་བཞི་སྤྲོད་རིས་སུ་སྣལ་མཚོན་གྱིས་བསྡམས་ཤིང་ཞྭའི་ནང་ངམ་མགོ་བོ་ལ་གདགས༔ ཁང་ཁྱིམ་འཁོར་གཡོག་བསྲུང་ན་ཉལ་མལ་གྱི་སྟེང་དུ་གདུགས་ལྟར་དུ་དབུབ་བོ༔ རབ་གནས་བགེགས་བསྐྲད་གཞན་དང་མཚུངས༔ འདི་ནི་སུ་ཡི་ལུས་ལ་བཅང་༔ གནམ་ལྕགས་མཁར་དུ་ཚུད་དང་འདྲ༔ བྱད་དང་རྦོད་གཏོང་ཐམས་ཅད་ཐུབ༔ ཤིན་ཏུ་ཟབ་ཕྱིར་ཟུར་དུ་བྲིས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་མཆོད་རྟེན་གྱི་བསྲུང་བ་འོག་གི་རྟེན་འབྲེལ་ནི༔ རྫས་ལ་མཆོད་རྟེན་དམར་པོ་གྲུ་གང་པ་གཅིག་བཟོས༔ སོ་ལེགས་པར་བཏང་ཞིང་༔ རྒྱ་ཤོག་ལ་བཟང་དྲུག་གི་ཆུས་བྱུག་སྟེ༔ འཁོར་ལོ་རྩིབས་བཞི་མུ་ཁྱུད་ལྡན་པར་འབྲི་ཞིང་༔ ལྟེ་བར་ཧཱུྃ་གི་མཐར་ཆེ་གེ་འཁོར་བཅས་སྲུངས་ཤིག་བྱ་བར་བྲི༔ ཧ་རི་ནི་ས་བཞིའི་མཐར་འདོད་གསོལ་བྲི༔ མུ་ཁྱུད་ལ་བསྲུང་བའི་བསྙེན་པ་རྣམས་བྲི༔ མཐའ་མེ་རིས་བསྐོར་ཞིང་རབ་ཏུ་གནས་དར་ཚོན་སྣ་ལྔ་འམ་དར་དམར་གྱིས་དྲིལ་ལ་མཆོད་རྟེན་གྱི་བུམ་པར་གཞུག༔ ཧོམ་ཁུང་དུ་དགྲ་བོ་ཟག་རྫས་ལྡན་པའི་ཉ་བོ་བཟོ་ཞིང་༔ སྙིང་གར་མིང་རུས་བླ་དྭགས་དང་བཅས་པ་གཞུག༔ ཡན་ལག་བཞི་སྙིང་ཁ་དང་བཅས་པར་སེང་ལྡེང་གི་ཕུར་པར་དུག་ཁྲག་བྱུག་ཅིང་བསད་སྔགས་སྟོང་ཕྲག་རེའི་དྲོད་ཀྱིས་གླན་པ་ལྔ་གདབ༔ དེ་ཡི་སྟེང་དུ་མཆོད་རྟེན་བཞག་ཅིང་བཀུག་བཞུག་ཡང་ཡང་བྱ༔ མཆོད་རྟེན་དེ་ཡི་ཕྱོགས་བཞི་མཚམས་བརྒྱད་རྣམས་སུ་སེང་ལྡེང་གི་ཕུར་བུའམ༔ ཚེར་མ་ཅན་གྱི་ཤིང་ལ་བཟོས་པའི་ཕུར་བུ་བརྒྱད་ལ་དུག་ཁྲག་གི་དབལ་རྣམས་སུ་ཟློག་སྔགས་བྲིས་པ་ལ་རང་སྔགས་བརྒྱ་རྩ་བརྒྱད་ཀྱི་དྲོད་ཀྱིས་གླན་པ་བརྒྱད་ཕྱོགས་དང་ཕྱོགས་མཚམས་སུ་གདབ༔ མཆོད་རྟེན་ཉལ་མལ་གྱི་སྔས་སམ་མདུན་དུ་བཞག༔ ཕས་ཀྱི་རྦོད་གཏོང་ཆེ་ན་ཟློག་སྔགས་འདོན་ཅིང་བསྐོར་བ་གཡོན་བསྐོར་དུ་རྒྱབ༔ སྔགས་དམིགས་གཟིར་ཅིང་ཉི་མ་མ་ནུབ་ཙམ་དུ་ཐལ་མོ་དྲག་ཏུ་རྡེབ༔ འདི་ནི་རབ་ཏུ་གསང་བའི་མན་ངག་སྟེ༔ བུ་ལ་སྤེལ་ཀྱང་མནའ་རྒྱ་ལན་གསུམ་སྐྱོར༔ ཆིག་རྒྱུད་མ་གཏོགས་སྤེལ་ན་བཀའ་ཆད་འབྱུང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཧཱུྃ་བཛྲ་དྷཀྐི་ནི་སིདྷ་མུ་ཥ་ཧ་རི་ནི་ས་བཛྲ་ཧ་དེ་དུ་ལིང་ནག་མོས་སྲུངས༔ ཨེ་བུ་ཏ་མ་ཕཊ༔ འདི་ནི་འབུམ་ཕྲག་མཁའ་འགྲོའི་སྙིང་ཞུན་ཏེ༔ རྒྱུན་དུ་བགྲངས་པས་རང་འཁོར་བྲན་གཡོག་རྣམས༔ རབ་ཏུ་བསྲུང་བའི་མན་ངག་ཨེ་མ་ཧོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཤིན་ཏུ་གསང་བའི་མན་ངག་འདི༔ སྐལ་དམན་རྣམས་ལ་གབ་ཕྱིར་ཟུར་དུ་བྲིས༔ ལས་སྦྱོར་དང་པོའི་ལས་ཀྱི་མདེལ་ཐུང་ཡིན༔ མན་ངག་གསང་བའི་སྙིང་ཞུན་དམ་པ་འདི༔ ཕྱི་མའི་དོན་དུ་རིན་ཆེན་གཏེར་དུ་སྦས༔ ལས་འཕྲོ་ཅན་གྱི་བུ་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ་༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་བནྡྷེ་ཉི་མ་གྲགས་པས་གངས་རི་ནས་གདན་དྲངས་པའོ། །མངྒ་ལཾ།། །།


previousབདུད་འདུལ་མཁའ་འགྲོའི་ཤིན་ཏུ་ཟབ་པའི་བསྲུང་བ་རྣམ་གསུམ།next