Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  expand section
  collapse section
   
   
   
   
   
  expand section
   
  expand section


 
previousབདུད་འདུལ་སེང་གདོང་ནག་མོའི་གསོལ་འདེབས།next

བདུད་འདུལ་སེང་གདོང་ནག་མོའི་གསོལ་འདེབས།

བདུད་འདུལ་སེང་གདོང་ནག་མོའི་གསོལ་འདེབས་བཞུགས། བཛྲ་སིངྷ་མུ་ཥ་སིདྡྷི་ཕ་ལ་ཧཱུྃ། འོག་མིན་ཆོས་དབྱིངས་ཕོ་བྲང་ནས། ཆོས་སྐུ་ཀུན་ཏུ་བཟང་མོ་སོགས། །ཆོས་སྐུའི་མཁའ་འགྲོ་ཐམས་ཅད་ལ། གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཆོས་ཉིད་མངོན་གྱུར་དངོས་གྲུབ་སྩོལ། །མཁའ་དབྱིངས་དག་པའི་ཞིང་ཁམས་ནས། །ལོངས་སྐུ་རྡོ་རྗེ་ཕག་མོ་སོགས། །ལོངས་སྐུའི་མཁའ་འགྲོ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཁའ་སྤྱོད་གྲུབ་པའི་དངོས་གྲུབ་སྩོལ། །ལྷོ་ཕྱོགས་རྒྱ་གར་གནས་མཆོག་ནས། །སྤྲུལ་སྐུ་བདུད་འདུལ་ནག་མོ་སོགས། །སྤྲུལ་སྐུའི་མཁའ་འགྲོ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཆོག་ཐུན་འགྲུབ་པའི་དངོས་གྲུབ་སྩོལ། །པདྨ་འོད་ཀྱི་གཞལ་ཡས་ནས། །གུ་རུ་སེང་གེ་སྒྲ་སྒྲོག་སོགས། །དུས་གསུམ་རིག་འཛིན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྒྲུབ་པ་མཐར་ཕྱིན་དངོས་གྲུབ་སྩོལ། །བོད་ཡུལ་སྒྲགས་ཀྱི་དབེན་གནས་ནས། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སོགས། །མ་དང་མཁའ་འགྲོ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བདེ་སྟོང་མངོན་གྱུར་དངོས་གྲུབ་སྩོལ། །ཡེར་པ་ལྷ་རི་སྙིང་པོ་ནས། །ཐུགས་སྲས་ཀླུ་ཡི་དབང་པོ་སོགས། །འཛམ་གླིང་ལོ་པཎ་གྲུབ་ཐོབ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གནས་ལྔ་མཐར་ཕྱིན་དངོས་གྲུབ་སྩོལ། །སྲིང་མོ་རྫོང་གི་གཞལ་ཡས་ནས། །རིག་འཛིན་ཉི་མ་གྲགས་པ་སོགས། །དུས་གསུམ་གཏེར་སྟོན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གྲུབ་པ་ཡ་བརྒྱད་དངོས་གྲུབ་སྩོལ། །རིམ་གཉིས་འབྱོངས་པའི་གཞལ་ཡས་ནས། །ཨུ་རྒྱན་བསྟན་འཛིན་གྲགས་པ་སོགས། །ཐུགས་སྲས་འགྲོ་མགོན་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དོན་གཉིས་འགྲུབ་པའི་དངོས་གྲུབ་སྩོལ། །རིག་འཛིན་བླ་མའི་བསྟི་གནས་ནས། །སྔགས་འཆང་རྡོ་རྗེ་སྟོབས་མཆོག་སོགས། །རྩ་བརྒྱུད་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འཕྲིན་ལས་རབ་འབྱམས་དངོས་གྲུབ་སྩོལ། །ཐབས་དང་ཤེས་རབ་ད་ལ་ནས། །བདུད་འདུལ་མཁའ་འགྲོའི་ལྷ་ཚོགས་སོགས། །འབུམ་ཕྲག་དཔའ་བོ་མཁའ་འགྲོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། བསྐྱེད་རྫོགས་མངོན་གྱུར་དངོས་གྲུབ་སྩོལ། །ཅེས་པ་འདི་མདོ་ཁམས་བུ་འབོར་སྒང་གི་ཆ། གེ་སར་གླིང་གི་ཡུལ་དུ་སྔགས་ལྟར་སྤྱོད་བའི་དགེ་སློང་ཛྙཱ་ནའི་མིང་གིས་བསྐུལ་ངོར་རྒྱལ་ཁམས་ཀྱི་སྤྲང་རྒན་རིག་འཛིན་པས་བྲིས་པའོ། །མངྒ་ལཾ།། །།


previousབདུད་འདུལ་སེང་གདོང་ནག་མོའི་གསོལ་འདེབས།next