Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདུདའདུལ་དཔལ་གྱི་མཁའ་འགྲོའི་བསྲུང་ཟློག་གི་ངག་འདོན།
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousབདུདའདུལ་དཔལ་གྱི་མཁའ་འགྲོའི་བསྲུང་ཟློག་གི་ངག་འདོན།next

བདུདའདུལ་དཔལ་གྱི་མཁའ་འགྲོའི་བསྲུང་ཟློག་གི་ངག་འདོན།

བདུདའདུལ་དཔལ་གྱི་མཁའ་འགྲོའི་བསྲུང་ཟློག་གི་ངག་འདོན་བཞུགས། བདུད་འདུལ་ནག་མོའི་བསྲུང་བའི་སྒོམ་བཟླས་ཉམས་སུ་ལེན་པར་འདོད་པས་གོང་གི་བསྒོམ་བཟླས་སྔོན་དུ་བཏང་བའི་རྗེས་ཉིད་དུ་དེ་ཉིད་ཀྱི་ཏིང་ངེ་འཛིན་གྱི་ངང་ནས། ཨཱོཾ་ཡོ་ག་ཤུདྡྷ་སརྦ་དྷརྨཱ་ཡོ་ག་ཤུདྡྷོ྅་ཧཾ། ཞེས་བརྗོད་པས་སྔར་གྱི་རྟེན་དང་བརྟེན་པའི་དམིགས་པ་ཡེ་གསལ་ལ། སླར་ཡང་གསལ་གྱི་ང་རྒྱལ་དྲག་པོས་གསལ་གདབ་སྟེ། དེ་ལྟར་བསྐྱེད་རིམ་ལྷའི་རྣལ་འབྱོར་དང་གཞལ་ཡས་ཁང་སྒོ་གྲུ་རྟ་བབས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་གསལ་ཞིང་། གཞལ་ཡས་ཀྱི་ཁང་པ་དེ་ཉིད་ཀྱང་གནམ་ལྕགས་ལས་གྲུབ་པའི་ཕོ་བྲང་འཇིགས་ཤིང་བརྗིད་པ། བརྔམ་ཞིང་འཁྲུག་པ། ཚ་ཞིང་སྲེག་པར་གནས་གྱུར་ཏེ། དེའི་ཕྱི་རོལ་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཚ་བའི་ཟེར་རྣོ་བའི་ངར་དང་ལྡན་པའི་གུར་ཁང་། དེའི་ཕྱི་རོལ་དུ་གནམ་ལྕགས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བའི་གུར་ཁང་། དེའི་ཕྱི་རོལ་དུ་གནམ་ལྕགས་ལས་གྲུབ་པའི་གྲི་གུག་མེ་ཤིན་ཏུ་འབར་བའི་གུར་ཁང་། དེའི་ཕྱི་རོལ་དུ་གནམ་ལྕགས་ཀྱི་ཕུར་པ་དབལ་ཤིན་ཏུ་རྣོ་ཞིང་ཁྲོ་ཆུའི་ཚྭ་ཚྭ་འཕྲོ་བའི་གུར་ཁང་། དེའི་ཕྱི་རོལ་དུ་གནམ་ལྕགས་ཀྱི་དགྲ་སྟྭ་འབར་པའི་གུར་ཁང་། དེའི་ཕྱི་རོལ་དུ་གནམ་ལྕགས་ལས་གྲུབ་པའི་ཁ་ཊཱཾ་འབར་བའི་གུར་ཁང་། དེའི་ཕྱི་རོལ་ཏུ་གནམ་ལྕགས་ཞུན་མའི་རལ་གྲི་འབར་པའི་གུར་ཁང་། དེའི་ཕྱི་རོལ་དུ་མེ་རི་དམར་ནག་དྲག་ཏུ་འབར་ཞིང་རབ་ཏུ་འཚིག་པའི་གུར་ཁང་། དེའི་ཕྱི་རོལ་དུ་བསྐལ་པའི་རླུང་ཆེན་པོ་སྤུ་གྲི་འབར་པའི་གུར་ཁང་། དེའི་ཕྱི་རོལ་དུ་སྟོང་ཉིད་སྒྲ་ཡི་གུར་ཁང་། གུར་ཁང་དེ་རྣམས་ཀྱི་བར་མཚམས་དང་དྲ་མིག་རྣམས་ཀྱི་མཚམས་མཚམས་སུ་སྤྲུལ་པའི་མཁའ་འགྲོ་སྐུ་མདོག་སྣ་ཚོགས་ཀྱི་མདོག་ཅན་ཕྱག་ན་སྣ་ཚོགས་འབར་བའི་མཚོན་ཆ་ཐོགས་པ་འཇིགས་ཤིང་བརྔམ་པ། དཔའ་ཞིང་སྒེག་པ་གྲངས་མེད་དཔག་ཏུ་མེད་པ་སྐར་ལྟར་འཁྲུག་ཅིང་གློག་ལྟར་འཁྱུག་པ། ཞལ་ནས་བསྲུང་བའི་སྔགས་སྒྲ་འབྲུག་སྟོང་ལྡིར་བ་ཙམ་དུ་སྒྲོག་པ་སྐུ་ལུས་དང་གཞལ་ཡས་ཁང་གུར་ཁང་དང་བཅས་པ་ཐམས་ཅད་ཚ་ཟེར་རབ་ཏུ་འཁྲུག་པས་གནོད་བྱེད་ལྷ་སྲིན་སྡེ་བརྒྱད་རྒྱལ་བསེན་འབྱུང་པོ་བན་བོན་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་རྡུལ་དུ་བརླག་པའི་རང་བཞིན་ཅན་དུ་གྱུར། རང་ཉིད་མཁའ་འགྲོའི་གཙོ་མོ་བདུད་འདུལ་མར་གསལ་བའི་སྤྱི་གཙུག་རིགས་བདག་ཡབ་ཡུམ་གྱི་ཐུགས་ཀར་བླ་མ་སློབ་དཔོན། གཡས་སུ་བསྲུང་བྱ་ཕོ་བརྒྱུད། གཡོན་དུ་མོ་རིགས། འོག་ཏུ་ནོར་རྫས། མདུན་དུ་བྲན་གཡོག །རྒྱབ་ཏུ་ཞིང་ཁང་། ཐམས་ཅད་ཀྱང་གཞལ་ཡས་ཁང་དང་ལྷ་དང་ལྷ་མོའི་རང་བཞིན་ལས་གཞན་དུ་མ་གྲུབ་ཅིང་གཉིས་སུ་མི་གནས་པ། གཙོ་མོའི་གནས་རྣམས་དང་བ་སྤུའི་འོད་ཀློང་རེ་རེ་ནས་ཀྱང་སྤྲུལ་པ་དང་ཡང་སྤྲུལ་ཉིང་སྤྲུལ་བསམ་གྱིས་མི་ཁྱབ་པ་འཕྲོ་ཞིང་སྲུང་བའི་ལས་བྱེད་པ། འཁོར་གྱི་མཁའ་འགྲོ་བསྲུང་བའི་ལས་བྱེད་ཐམས་ཅད་ཀྱང་ཞལ་ནང་དུ་གཟིགས་ཤིང་བར་ཆད་བཟློག་པ་དང་དངོས་གྲུབ་སྟེར་བ། རང་གི་ཐུགས་ཀར་འཁོར་ལོས་མཚན་པའི་གྲི་གུག་གི་ལྟེ་བར་ས་བོན་ཧཱུྃ་གི་ཧ་ཁོག་གི་ནང་དུ་རང་དང་བསྲུང་བྱའི་རྣམ་པར་ཤེས་པ་ཡི་གེ་ནྲི་ལྗང་གུ་གསལ་ལ་མདངས་དང་ལྡན་པ་སྣུམ་ལ་འོད་ཟེར་འཚེར་བར་གསལ་བའི་ཧཱུྃ་ལས་འོད་ཟེར་དང་ཁྲོ་ཆུང་གི་ཚོགས་དཔག་ཏུ་མེད་པ་ནམ་མཁའི་ཁམས་གང་བར་སྤྲོས་པས་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་བྱིན་རླབས། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་མཐུ་སྟོབས་དང་ནུས་པ་ཐམས་ཅད་བསྡུས་ནས་བདག་དང་བསྲུང་བྱ་ལ་བསྟིམ། སླར་ཡང་འོད་ཟེར་ཁྲོ་ཆུང་གོང་ལྟར་སྤྲོས་པས་ཕྱི་སྣོད་འབྱུང་བའི་བཅུད་དང་དྭངས་མ། བྱད་མ་དགྲ་བོས་བསྒོམ་པའི་བསྲུང་བའི་འཁོར་ལོ་རྣམས་བཀུག་སྟེ། རང་དང་བསྲུང་བྱ་གུར་ཁང་རྣམས་ལ་བསྟིམས་པས་ཅིས་ཀྱང་མི་ཤིགས་པ་སྲ་ཞིང་མཁྲེགས་པ་རྡོ་རྗེ་ཕ་ལམ་གྱི་རང་བཞིན་དུ་གྱུར། སླར་ཡང་འོད་ཟེར་ཁྲོ་ཆུང་གོང་ལྟར་སྤྲོས་པས། ནང་བཅུད་སྐྱེ་འགྲོ་ཀུན་གྱི་ཚེ་དང་བསོད་ནམས། བྱད་མའི་ཚེ་དང་སྲོག་གི་དྭངས་མ་བསྡུས་ནས་རང་ལ་བསྟིམ་ཞིང་། ཁྱད་པར་དུ་རང་དང་བསྲུང་བྱའི་བླ་ཚེ་ལྷ་སྲིན་སྡེ་བརྒྱད་ཀྱིས་ཁྱེར་བ་རྦོད་གཏོང་མཁན་གྱིས་བཀུག་པ་སོགས་ཀྱིས་འཁྱམས་པ་སྲིད་ན་དེ་རྒྱ་མཚོའི་གླིང་བར་རི་བོའི་ལྕོག་བར་ཉི་ཟླའི་ཐེམ་བར། སྤྲིན་གྱི་གོ་བར། གཤིན་རྗེའི་ལྟོ་བ། ཆུ་སྲིན་གྲེ་བ། བྱད་མའི་ཧོམ་ཁུང་། གཏད་ཀྱི་ལིང་ཁོག་གང་ན་གནས་ཀྱང་ཁྲོ་མོ་རྣམས་ཀྱི་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཏེ་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཕྲོགས། ཧཱུྃ་གི་རྣམ་པར་བསྒྱུར་ནས་རང་དང་བསྲུང་བྱའི་སྙིང་གར་ས་བོན་སྔགས་ཕྲེང་ནྲི་ཡིག་དང་བཅས་པ་ལ་ཐིམ་པས་ཆེས་ཆེར་གཟི་བརྗིད་འབར་ཞིང་དྲག་རྩལ་ནུས་མཐུ་ཐོགས་པ་མེད་པ་དང་ལྡན་པར་གྱུར་པར་བསམས་ཤིང་། ཧཱུྃ་བཛྲ་དྷཀྐི་ནི་སིངྷ་མུ་ཥ་ཧ་རི་ནི་ས་བདག་ཅག་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་སྲུངས་ཤིག་རཀྵྱ་རཀྵྱ་སིདྡྷི་སྭཱ་ཧཱ༔ ཞེས་བརྒྱ་སྟོང་ཁྲི་འབུམ་སྐབས་དང་བསྟུན་ཏེ་བཟླ། གལ་ཤིན་ཏུ་ཆེ་ན་སྒྲུབ་གཞུང་གི་རྩ་བའི་བསྙེན་གྲངས་བསྐྱལ་བའི་མཇུག་འདི་ཉིད་ལ་འབུམ་བཟླས་ཤིང་། དེ་ནས་རྒྱུན་དུ་བརྒྱ་སྟོང་སོགས་མ་ཆགས་པར་བརྩོན་ན་སངས་རྒྱས་སྟོང་གི་མཐུ་བརྡུགས་པ་སོགས་ཕན་ཡོན་གཞུང་ལས་བཤད་པ་ལྟར་འབྱུང་ངོ་། །བསྲུང་བ་འདིའི་རྗེས་སུ་མཆོད་བསྟོད་བསྡུས་ཙམ་བྱས་ནས་བཟློག་པ་ལ་འཇུག་གོ༈དེ་ནས་བཟློག་པའི་སྒོམ་བཟླས་ལ་འཇུག་པ་ནི། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པ་ཙམ་གྱིས་བསྲུང་འཁོར་གྱི་གཞལ་ཡས་ཁང་དེ་ཉིད་ཀྱང་ཁྲོ་ཆུ་ཞུན་མ་ལས་གྲུབ་པ་བརྔམ་ཞིང་འཁྲུག་པ། སྟོབས་ལྡན་རབ་ཏུ་འཇིགས་པའི་ཕོ་བྲང་དུ་གྱུར་ཏེ། དེའི་ཕྱི་རོལ་དུ་འཁོར་ལོ་རྡོ་རྗེ་གྲི་གུག་ཕུར་བ་དགྲ་སྟྭ་ཁ་ཊྲཱཾ་རལ་གྲི་མེ་རླུང་སྟོང་པ་སྒྲའི་གུར་ཁང་དང་བཅས་པ་ཐམས་ཅད་ཀྱང་། འཁོར་རབ་ཏུ་འཁོར། འཁྲུགས་རབ་ཏུ་འཁྲུགས། འཚེགས་རབ་ཏུ་འཚེགས། སྐྱོད་རབ་ཏུ་བསྐྱོད་པས་གནོད་བྱེད་བྱད་མ་ལྷ་སྲུང་གདོན་བགེགས་འབྱུང་པོ་ཐམས་ཅད་དམར་ཉི་ལི་ལི་གཏུབས། བསྲུང་བའི་བསྒྲུབ་བྱ་ཕོ་མོ་རྣམས་ཁྲོ་བོ་ཁྲོ་མོ་ནོར་རྫས་ཞིང་ཁང་རྣམས་ཀྱང་བཀྲ་ཤིས་པའི་རྫས་བརྒྱད་དང་རྒྱལ་སྲིད་སྣ་བདུན་གྱི་རྣམ་པར་གསལ་ཞིང་། གཙོ་མོའི་སྤྲུལ་པ་འཁོར་ལས་བྱེད་བྱེ་བ་ས་ཡ་མང་པོས་ཞལ་ནས་ཟློག་པའི་དྲག་སྔགས་འབྲུག་སྟོང་ལྡིར་བ་ཙམ་དུ་སྒྲོགས་ཤིང་ཞལ་ཕྱིར་གཟིགས་ནས་ཟློག་པའི་ལས་མཛད་པར་གྱུར། གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་ཐུགས་ཀྱི་ངོ་བོ་རང་རྟགས་ཀྱི་ཕྱག་མཚན་ས་བོན་སོ་སོས་མཚན་པའི་མཐར། ཟློག་པའི་སྔགས་འབྲུ་རྣམས་གཡོན་དུ་དྲག་ཏུ་འཁོར་བ་ལས་སྔགས་ཀྱི་འོད་ཟེར་ཚྭ་ཞིང་རྩུབ་པ་འཕྲོས་པའི་སྣ་ལ་རབ་གཏུམ་འཁྲུགས་པའི་ཁྲོ་མོ་མཚོན་ཆ་མི་བཟད་པ་ཐོགས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བར་འཕྲོས་པས། བྱད་མ་དགྲ་བོའི་བསྲུང་བའི་གོ་བཤིག །ལྷ་སྲུང་རང་གཤེད་རང་ལ་ཕབ་པས་མཚོན་ཆའི་ཆར་བབས་པས་བླ་སྲོག་རྟེན་དང་བྲལ། དགྲ་བགེགས་བྱད་མ་བན་བོན་ལྷ་སྲུང་ཆོས་བོན་སྐྱོང་བའི་སྡེ་བརྒྱད་ཕྱི་ནང་གསང་བ་དང་བཅས་པ་ཐམས་ཅད་དབང་དུ་བསྡུས་ནས་རང་དབང་མེད་པར་བཀུག །བསྐྲད་གཟིར་མནན་བསྲེགས་གཏུབས་ཏེ་མིང་ཡང་མེད་པར་ཐལ་བའི་རྡུལ་དུ་བརླག །ཚེ་བསོད་ནམས་ནྲི་དང་འོད་ཀྱི་རྣམ་པར་བསྡུས་ཏེ་རང་དང་བསྲུང་བྱ་ལ་བསྟིམས་པས་གཟི་བརྗིད་རྒྱས་པར་གྱུར་པར་བསམས། ཧཱུྃ་བཛྲ་དྷཀྐི་ནི་སིངྷ་མུ་ཥ་ཧ་རི་ནི་ས་ཨ་ཀ་ས་མ་ར་ཙ་ཤ་ད་ར་ཡ་ཧཱུྃ་ཕཊ༔ དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་ནྲི་ཏྲི་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ བརྒྱ་སྟོང་ཅི་རིགས་པ་བཟླས་པའི་མཐར། ན་མོ་ཆོས་སྐུ་ཀུན་ཏུ་བཟང་མོ་ལ་ཕྱག་འཚལ་ལོ། །ཆོས་སྐུའི་མཁའ་འགྲོ་བྱེ་བ་འབུམ་གྱི་བཀའ་བདེན་པ། ལོངས་སྐུ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །ལོངས་སྐུའི་མཁའ་འགྲོ་བྱེ་བ་འབུམ་གྱི་བཀའ་བདེན་པ། སྤྲུལ་སྐུ་སེང་གདོང་ནག་མོ་ལ་ཕྱག་འཚལ་ལོ། །སྤྲུལ་སྐུའི་མཁའ་འགྲོ་བྱེ་བ་འབུམ་གྱི་བཀའ་བདེན་པ། གུ་རུ་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། །རིག་འཛིན་དཔའ་བོ་འབུམ་གྱི་བཀའ་བདེན་པ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་ཕྱག་འཚལ་ལོ། །སྤྲུལ་པའི་མཁའ་འགྲོ་རྒྱ་མཚོའི་བཀའ་བདེན་པ། ལོ་ཆེན་ཀླུ་ཡི་དབང་པོ་ལ་ཕྱག་འཚལ་ལོ། །རྒྱ་བོད་མཁས་གྲུབ་རྣམས་ཀྱི་བཀའ་བདེན་པ། རིག་འཛིན་ཉི་མ་གྲགས་པ་ལ་ཕྱག་འཚལ་ལོ། །སྤྲུལ་པའི་གཏེར་སྟོན་རྒྱ་མཚོའི་བཀའ་བདེན་པ། དྲིན་ཆེན་རྩ་བརྒྱུད་བླ་མ་ལ་ཕྱག་འཚལ་ལོ། །དགུ་ལྡན་བརྒྱུད་པའི་བླ་མ་རྣམས་ཀྱི་བཀའ་བདེན་པ། བདུད་འདུལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །དྲག་མོ་སེང་གདོང་ནག་མོ་སྐུ་འཁོར་དང་བཅས་པའི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པའི་མཐུ་ལ་བརྟེན་ནས་བདག་ཅག་མི་ནོར་ཡོན་མཆོད་དམ་བསྲུང་བྱ་འཁོར་དང་བཅས་པ་རྣམས་ལ། སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། བསམ་ངན་སྦྱོར་རྩུབ་འཆང་བའི་བྱད་མ་ལྷ་སྲུང་། བྱད་ཀ །ཕུར་ཁ། གཏད་ཁ། ཁྲམ་ཁ། རྦད་འདྲེ། རྦོད་གཏོང་། རྨི་ལྟས་མཚན་མ་ངན་པ་བཅས་པ་ཐམས་ཅད། བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག །ཕཊ་ཧཱུྃ་ཡ་ར་མ་ས་ར་ད་ཤ་ཙ་ར་མ་ས་ཀ་ཨཿ སྐབས་ལྟར་བཟླས་རྗེས། ཧཱུྃ། གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་གྱི། །ཕྱག་ན་སྤུ་གྲི་ཉི་ཟླ་དང་། །གསེར་ཟངས་གནམ་ལྕགས་ཆུ་གྲི་རླུང་། །རྩིབས་སྟོང་ལྡན་པའི་འཁོར་ལོ་འབུམ། །ཉི་ཟླ་ལ་སོགས་ཆ་ལང་བརྡབས། །དགྲ་བགེགས་བྱད་མ་ལྷ་སྲུང་དང་། །བན་བོན་མནན་གཏད་བསམ་ངན་འཆང་། །བྱ་སྒྲོ་མེ་ལ་བཤུར་བ་འམ། །མེ་མདག་འབར་པའི་སྦྲང་བུ་ལྟར། །རྡུལ་དུ་བརླག་ཅིང་རྣམ་ཤེས་ནི། །ཆོས་དབྱིངས་མཁའ་འགྲོའི་དབྱིངས་སུ་སྟིམ། །ས་མ་ཡཱ༔ བྷྱོ་བྷྱོ་ཟློག་ཟློགཿ ཅེས་ཕ་རོལ་གྱི་ཡུལ་དང་རང་གི་འདོད་ལྟར་བཟླ་བར་བྱའོ། །ཞེས་བསྲུང་བཟློག་གི་རིམ་པ་འདི་ཡང་བདག་གཞན་ལ་ཕན་ཕྱིར་ལོ་ཙཱ་བ་བློ་ལྡན་གྱིས་མཛད་པ་ཟུར་རྒྱན་འཁྱེར་བདེ་ལ་ཉི་མ་གྲགས་པས་སྦྱར་བའོ།། །།


previousབདུདའདུལ་དཔལ་གྱི་མཁའ་འགྲོའི་བསྲུང་ཟློག་གི་ངག་འདོན།next