Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདུད་འདུལ་དཔལ་གྱི་མཁའ་འགྲོའི་སྲུང་བའི་དམིགས་རིམ་ངག་འདོན་གྱི་རིམ་པ་རྡོ་རྗེའི་གོ་ཁྲབ།
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousབདུད་འདུལ་དཔལ་གྱི་མཁའ་འགྲོའི་སྲུང་བའི་དམིགས་རིམ་ངག་འདོན་གྱི་རིམ་པ་རྡོ་རྗེའི་གོ་ཁྲབ།next

བདུད་འདུལ་དཔལ་གྱི་མཁའ་འགྲོའི་སྲུང་བའི་དམིགས་རིམ་ངག་འདོན་གྱི་རིམ་པ་རྡོ་རྗེའི་གོ་ཁྲབ།

བདུད་འདུལ་དཔལ་གྱི་མཁའ་འགྲོའི་སྲུང་བའི་དམིགས་རིམ་ངག་འདོན་གྱི་རིམ་པ་རྡོ་རྗེའི་གོ་ཁྲབ་བཞུགས། གཞལ་ཡས་ཀྱི་ཁང་པ་གནམ་ལྕགས་ལས་གྲུབ་པའི་ཕོ་བྲང་འཇིགས་ཤིང་བརྗིད་པ་བརྔམ་ཞིང་འཁྲུགས་པ་ཚ་ཞིང་བསྲེག་པ་ཞིག་ཏུ་གསལ་བའི་དབུས་སུ་ཆོས་འབྱུང་དམར་ནག་ཟླ་གམ་དྲེགས་བྱེད་ཕོ་མོ་ཐབས་ཤེས་ཉི་ཟླ་པདྨས་བརྒྱན་པའི་སྟེང་དུ། ཐུགས་སྲོག་གི་ཡི་གེ་ཧཱུྃ་གི་འཕྲོ་འདུ་ལས་བྱད་མ་དགྲ་བགེགས་ཐམས་ཅད་ཚར་བཅད། རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་ཕུལ། ཁྲོ་བོ་ཁྲོ་མོ་ཐམས་ཅད་ཀྱི་ནུས་མཐུ་བསྡུས་ནས་ཧཱུྃ་ལ་ཐིམ། གཟི་བརྗིད་འབར་ཞིང་གནས་གྱུར་པ་ལས། བདག་ཉིད་བདུད་འདུལ་དཔལ་གྱི་མཁའ་འགྲོ་སེང་གེའི་གདོང་པ་ཅན་སྐུ་མདོག་ཆར་སྤྲིན་ལྟར་གནག་པ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཀྱི་ཕྱག་རྒྱ་དང་དྲག་པོའི་སྤྱན་གསུམ་དང་ལྡན་པ། ཞལ་གདངས་ཤིང་ལྗགས་འདྲིལ་བ་ཞབས་གཉིས་བརྐྱང་བསྐུམ་གྱི་གར་སྟབས་སུ་འགྱིང་ཞིང་དུར་ཁྲོད་ཀྱི་ཆས་དང་དཔལ་གྱི་ཆས་བཅུས་སྤྲས་ཤིང་ཁ་ཊྭཱཾ་ག་ལ་བདེ་བར་འཁྱུད་ཅིང་མེ་དཔུང་དམར་ནག་འཁྲུག་པའི་ཀློང་དཀྱིལ་དུ་བཞུགས་པ་ལ། སྡེ་བརྒྱད་འབུམ་ཕྲག་ཡངས་པའི་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བར་གྱུར། རང་ཉིད་བདུད་འདུལ་མཁའ་འགྲོར་གསལ་བའི་སྤྱི་གཙུག་གི་རིགས་བདག་ཡབ་ཡུམ་གྱི་ཐུགས་ཀར་བླ་མ་སློབ་དཔོན། དཔལ་གྱི་མཁའ་འགྲོ་མའི་གཡས་ཕྱོགས་སུ་བསྲུང་བྱ་ཕོ་བརྒྱུད། གཡོན་དུ་མོ་རིགས། འོག་ཏུ་ནོར་རྫས། མདུན་དུ་བྲན་གཡོག །རྒྱབ་ཏུ་ཞིང་ཁང་། དེ་ཐམས་ཅད་ཀྱང་གཞལ་ཡས་ཁང་དང་ལྷ་དང་ལྷ་མོའི་རང་བཞིན་དུ་གྲུབ་ཅིང་གཉིས་སུ་མི་གནས་པར་བསྒོམ། གཞལ་ཡས་ཁང་གི་ཕྱི་རོལ་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཚ་བའི་ཟེར་རྣོ་བའི་ངར་དང་ལྡན་པའི་གུར་ཁང་། དེའི་ཕྱི་རོལ་དུ་གནམ་ལྕགས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བའི་གུར་ཁང་། དེའི་ཕྱི་རོལ་དུ་གནམ་ལྕགས་ལས་གྲུབ་པའི་གྲི་གུག་མེ་ཤིན་ཏུ་འབར་བའི་གུར་ཁང་། དེའི་ཕྱི་རོལ་དུ་གནམ་ལྕགས་ཀྱི་ཕུར་པ་དབལ་ཤིན་ཏུ་རྣོ་ཞིང་ཁྲོ་ཆུའི་ཚྭ་ཚྭ་འཕྲོ་བའི་གུར་ཁང་། དེའི་ཕྱི་རིམ་དུ་གནམ་ལྕགས་ཀྱི་དགྲ་སྟྭ་འབར་བའི་གུར་ཁང་། དེའི་ཕྱི་རོལ་དུ་གནམ་ལྕགས་ལས་གྲུབ་པའི་ཁ་ཊྭཱཾ་འབར་བའི་གུར་ཁང་། དེའི་ཕྱི་རོལ་དུ་གནམ་ལྕགས་ཞུན་མའི་རལ་གྲི་འབར་བའི་གུར་ཁང་། དེའི་ཕྱི་རོལ་དུ་མེ་རི་དམར་ནག་དྲག་ཏུ་འབར་ཞིང་འཚེག་པའི་གུར་ཁང་། དེའི་ཕྱི་རོལ་དུ་སྲིད་པའི་རླུང་ཆེན་པོ་སྤུ་གྲི་འབར་བའི་གུར་ཁང་། དེའི་ཕྱི་རོལ་དུ་སྟོང་ཉིད་སྒྲ་ཡི་གུར་ཁང་། གུར་ཁང་དེ་དག་གི་བར་མཚམས་དང་དྲ་མིག་གི་མཚམས་མཚམས་སུ་སྤྲུལ་པའི་མཁའ་འགྲོ་སྐུ་མདོག་སྣ་ཚོགས་ཀྱི་མདོག་ཅན། ཕྱག་ན་སྣ་ཚོགས་འབར་བའི་མཚོན་ཆ་ཐོགས་ཏེ་བརྗིད་ཅིང་བརྔམ་པ་དཔའ་ཞིང་སྒེག་པ་གྲངས་མེད་དཔག་ཏུ་མེད་པ་སྐར་ལྟར་འཁྲུག་ཅིང་གློག་ལྟར་འཁྱུག་པའི་ཞལ་ནས་སྲུང་བའི་སྔགས་སྒྲ་འབྲུག་སྟོང་ལྡིར་བ་ཙམ་དུ་སྒྲོག་པ། སྐུ་ལུས་གཞལ་ཡས་ཁང་གུར་ཁང་དང་བཅས་པ་ཐམས་ཅད་ཚ་ཟེར་དང་སྤྲུལ་པ་རབ་ཏུ་འཁྲུག་པས། གནོད་བྱེད་ལྷ་སྲིན་སྡེ་བརྒྱད་རྒྱལ་བསེན་འབྱུང་པོ་བན་བོན་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་རྡུལ་དུ་བརླག་པའི་རང་བཞིན་དུ་བསྒོམ། །ཧཱུྃ་བཛྲ་དྷཀྐི་ནི་སིངྷ་མུ་ཥ་ཧ་རི་ནི་ས་བདག་ཅག་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་སྲུངས་ཤིག་རཀྵ་རཀྵ་སིདྡྷི་སྭཱ་ཧཱ༔ བརྒྱ་སྟོང་ཁྲི་འབུམ་སྐབས་དང་སྦྱར་ཏེ་བཟླས་པའི་མཇུག་ཏུ་མཆོད་ཅིང་བསྟོད་པར་བྱའོ། །ཞེས་བདུད་འདུལ་མཁའ་འགྲོའི་ལས་སྦྱོར་དང་པོ་སྲུང་བའི་དམིགས་རིམ་གྱི་སྐོར་ངག་གདོན་དུ་བགྱིད་པ་འདི་ནི་རིག་འཛིན་འགྲོ་འདུལ་གླིང་པས་རྣལ་རྒྱལ་དཔལ་འབར་གྱི་བླ་བྲང་དུ་འཕྲལ་དུ་སྦྱར་བའོ།། །།མངྒ་ལཾ། །


previousབདུད་འདུལ་དཔལ་གྱི་མཁའ་འགྲོའི་སྲུང་བའི་དམིགས་རིམ་ངག་འདོན་གྱི་རིམ་པ་རྡོ་རྗེའི་གོ་ཁྲབ།next