Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདུད་འདུལ་མཁའ་འགྲོའི་བསྒྲལ་ལས་གནམ་ལྕགས་རལ་གྲི།
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousབདུད་འདུལ་མཁའ་འགྲོའི་བསྒྲལ་ལས་གནམ་ལྕགས་རལ་གྲི།next

བདུད་འདུལ་མཁའ་འགྲོའི་བསྒྲལ་ལས་གནམ་ལྕགས་རལ་གྲི།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས། བདུད་འདུལ་མཁའ་འགྲོའི་བསྒྲལ་ལས་གནམ་ལྕགས་རལ་གྲི་བཞུགས། བདེ་གཤེགས་ཀུན་གྱི་ཡེ་ཤེས་ཐུགས་རྗེའི་དབྱིངས། །མི་བསྲུན་དྲག་མོར་ཁྲོས་པའི་ཁྲོ་ཆགས་ཉམས། །བདུད་འདུལ་དབང་མོར་ཤར་བའི་དུས་མཐའི་མེས། །མ་ལུས་བདུད་སྡེའི་དཀྱིལ་འཁོར་དབྱིངས་སུ་ཆོམས། དེ་ཡི་ལྷ་སྔགས་ཡེ་ཤེས་རོལ་པའི་ཤུགས། །གནམ་ལྕགས་དྲག་པོའི་དབལ་དུ་འབར་བའི་རྣོས། །ལོག་འདྲེན་སྲོག་དབུགས་དྭངས་མ་རྒྱུན་གཅོད་པའི། །འཇིགས་རུངས་སྤུ་གྲིའི་མཚོན་དུ་འདི་ན་བརྡར། །ཐོག་མར་ཡེ་ཤེས་ཀྱི་མཁའ་འགྲོ་མ་འདི་ཉིད་ཀྱི་དབང་ཐོབ་ཅིང་བསྙེན་པ་སྔོན་དུ་སོང་བས། དགྲ་བགེགས་གདུག་པ་ཅན་བསྒྲལ་བའི་ལས་ལ་འཇུག་པར་འདོད་པས། འབྲུབ་ཁུང་དུ་དགྲ་བོའི་རཱུ་པ་སྐྱེ་མཆེད་དོད་པ་བཅུག་ལ། འོག་ཏུ་དགོས་པའི་ཡོ་བྱད་ཕུར་ཐུན། མཚོན་ཆ་བྱད་ཐག་སོགས་མངོན་པར་འདུ་བྱས་ལ། སྔགས་པ་དྲག་པོའི་ཆས་སུ་ཞུགས་ཤིང་རྒྱུའི་ཀུན་སློང་ཞིང་བཅུ་པ་མཐའ་དག་གི་ལས་ངན་གྱི་བྱེད་པ་རྒྱུན་བཅད་ལ་རྡོ་རྗེ་འཆང་གི་གནས་ལ་འགོད་པར་འདོད་པའི་བརྩེ་བ་ཆེན་པོས། རྣམ་པ་ཁྲོ་གཏུམ་དྲག་མོར་ཁྲོས་པའི་ཏིང་ངེ་འཛིན་དུ་ལངས་པའི་གཏུམ་དྲག་མི་བཟད་པའི་རྣམ་འགྱུར་དང་བཅས་འདི་ཉིད་ཀྱི་བསྐུལ་སྔོན་དུ་འགྲོ་བ་ཕྱོགས་བཅུར་གསེར་སྐྱེམས་མཐོར་ཞིང་འདི་སྐད་དོ། ཧཱུྃ། བྱིན་རླབས་ཐུགས་རྗེའི་བདག་ཉིད་རྩ་བ་གསུམ། །བསླུ་མེད་སྐྱབས་གནས་དཀོན་མཆོག་རིན་པོ་ཆེ། །རྨད་བྱུང་བདུད་རྩིའི་གསེར་སྐྱེམས་འདི་བཞེས་ལ། །རིག་འཛིན་སྒྲུབ་པོའི་མགོན་དང་སྡོངས་གཉེན་མཛོད། །ཁྱད་པར་ཡེ་ཤེས་མཁའ་འགྲོ་སེང་གདོང་མ། །འབུམ་ཕྲག་ཡངས་པའི་མཁའ་འགྲོ་རྒྱ་མཚོར་བཅས། །རྨད་བྱུང་བདུད་རྩིའི་གསེར་སྐྱེམས་འདི་བཞེས་ལ། །བདུད་དཔུང་ཕྱེ་མར་འཐག་པའི་འཕྲིན་ལས་མཛོད། །རྒྱལ་བའི་སྤྱན་སྔར་ཁས་བླངས་དམ་བཅས་པའི། །མཐུ་ལྡན་ཡེ་ཤེས་སྲུང་མའི་དབང་པོ་རྣམས། །རྨད་བྱུང་༴ མཐུ་དཔུང་བསྐྱེད་ལ་སྒྲུབ་པོའི་སྡོངས་གྲོགས་མཛོད། །དྲེགས་པ་སུམ་ཅུ་སྔགས་བདག་བཅོ་བརྒྱད་སོགས། །སྣང་ཞིང་སྲིད་པའི་ལྷ་སྲིན་སྡེ་བརྒྱད་རྣམས། །རྨད་བྱུང་༴ ཞིང་བཅུའི་དགྲ་བགེགས་ཐུགས་རྗེའི་ཤུགས་ཀྱིས་སྒྲོལ། །ལོ་ཟླ་ཞག་དུས་སྤར་ཁ་སྨེ་བའི་ལྷ། །ས་ཕྱོགས་ཡུལ་རིས་སྐྱོང་བའི་གཞི་བདག་རྣམས། །རྨད་བྱུང་༴ རུ་ང་སྤོང་ལ་མཐུ་དཔུང་སྡོངས་གྲོགས་མཛོད། །གཟུ་དཔང་ནི། ཧཱུྃ། ཀ་དག་ལྷུན་གྲུབ་ཟུང་འཇུག་གཉུག་མའི་བབས། །ལྟ་སྒོམ་སྤྱོད་པས་ཟད་སར་སྐྱེལ་སྙམ་ཡང་། །རྟོག་ཚོགས་འཁྲུལ་པའི་དགྲ་བོས་བར་དུ་བཅད། །སྐུ་གསུམ་སངས་རྒྱས་གཟུ་དང་དཔང་མཛོད་ལ། །སེམས་བྱུང་རྟོག་པའི་དགྲ་བོ་དབྱིངས་སུ་སོད། །མདོ་དང་སྔགས་ཀྱི་ལམ་བཟང་དམ་པའི་ཆོས། །ཐོས་བསམ་སྒོམ་པའི་གཏན་ལ་འབེབས་སྙམ་ཡང་། །གཡེང་དང་ལེ་ལོ་དགྲ་བོའི་དབང་དུ་ཤོར། །ལུང་རྟོགས་དམ་ཆོས་གཟུ་དང་དཔང་མཛོད་ལ། །སྙོམ་ལས་ལེ་ལོའི་དམག་ཚོགས་ཕ་མཐར་སྐྲོད། །བསོད་ནམས་ཚོགས་ཀྱི་ཞིང་མཆོག་འཕགས་པའི་ཚོགས། །བཀུར་སྟི་ཕུ་དུད་རིམ་གྲོས་མཆོད་འདོད་ཀྱང་། །དམན་པར་འཛིན་པའི་དགྲ་བོས་བར་དུ་བཅད། །འཕགས་པའི་དགེ་འདུན་གཟུ་དང་དཔང་མཛོད་ལ། །ང་ཆེ་མངོན་པའི་ང་རྒྱལ་ཐལ་བར་ཐོང་། །མ་ནོར་ལམ་བཟང་སྟོན་པའི་སུམ་ལྡན་རྗེ། །རྒྱལ་ཀུན་འདུས་པའི་ངོ་བོར་སྒོམ་རྒྱུ་ལ། །ལོག་རྟོག་ཐ་མལ་འཛིན་པས་བར་དབྱེན་བཅོས། །རྩ་བརྒྱུད་བླ་མས་གཟུ་དང་དཔང་མཛོད་ལ། །ལོག་པར་རྟོག་པའི་བློ་ངན་ཆམ་ལ་ཕོབ། །སྣང་སྲིད་གདོད་ནས་དག་པའི་བདེ་ཆེན་ལྷ། །གསལ་སྟོང་ཟུང་འཇུག་རིམ་གཉིས་རྣལ་འབྱོར་ལ། །བསྒོམ་སྒྲིབ་ལྔ་དང་བག་ཆགས་འཁྲུལ་པས་བསླད། །ཡི་དམ་ལྷ་ཚོགས་གཟུ་དང་དཔང་མཛོད་ལ། །མཆོག་ཐུན་དངོས་གྲུབ་བསྒྲུབ་པའི་བར་ཆད་སོལ། །ཡུལ་སྣང་ཕུང་ཁམས་སྐྱེ་མཆེད་རྩ་ཐིག་རླུང་། །ཡེ་ནས་རང་བྱུང་མཁའ་འགྲོའི་རང་བཞིན་ལ། །རྟོག་སྒྲིབ་ཉམས་ཆག་སྒྲིབ་པའི་གཡའ་ཡིས་སྦགས། །དཔའ་བོ་མཁའ་འགྲོས་གཟུ་དང་དཔང་མཛོད་ལ། །མཚན་འཛིན་ནོངས་པའི་དྲི་མ་དབྱིངས་སུ་སྦྱོངས། །ཀུན་མཁྱེན་རྒྱལ་བའི་བསྟན་པའི་སྒོར་ཞུགས་ནས། །ཡང་དག་རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ། བསྟན་ལ་སྡང་བའི་དགྲ་བོས་བར་དུ་བཅད། །ཆོས་སྐྱོང་སྲུང་མས་གཟུ་དང་དཔང་མཛོད་ལ། །བསྟན་དགྲ་གནོད་བྱེད་མིང་ཡང་མེད་པར་མཛོད་། །ཟབ་གསང་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱིས། །ཚེ་གཅིག་རྣམ་མཁྱེན་གོ་འཕང་བསྒྲུབ་པ་ལ། །དགྲ་བགེགས་ལོག་པར་འདྲེན་པའི་དབང་མ་བཏང་། །ལྷ་སྲིན་སྡེ་བརྒྱད་གཟུ་དང་དཔང་མཛོད་ལ། །ལོག་འདྲེན་དགྲ་བགེགས་ཐམས་ཅད་རྡུལ་དུ་རློག །མཁའ་མཉམ་སྐྱེ་དགུའི་རྩ་ལག་རྒྱལ་བའི་བསྟན། །འཛིན་སྐྱོང་སྤེལ་བའི་གོ་ཆ་ཆེར་གྱོན་ཡང་། །ནག་ཕྱོགས་བདུད་དང་དགྲ་བོས་རྣམ་པར་གཙེས། །དཀར་ཕྱོགས་ལྷ་ཀླུས་གཟུ་དང་དཔང་མཛོད་ལ། །དགྲ་དཔུང་ཤིག་ལ་བགེགས་དཔུང་ཆམ་ལ་ཕོབ། །རེ་ཞིང་ལྟོས་པའི་ལྷ་དང་སྲུང་མ་རྣམས། །བཙན་པོའི་གོ་གྱོན་རྣོ་བའི་མཚོན་ཐོགས་ལ། །མཐུ་ལྡན་དྲེགས་པ་ཡོངས་ཀྱི་དཔུང་བསྐུལ་ཏེ། །དམ་ལྡན་རྣལ་འབྱོར་བདག་གི་གྲོགས་མཛད་ནས། །དམིགས་པའི་ཐེམས་སུ་བཅུག་པའི་དགྲ་དང་བགེགས། །དྲག་པོས་སྒྲོལ་བའི་ལས་ལ་ད་ཞུགས་ཤིག །འབྲུབ་ཁུང་བསྐྱེད་པ་ནི། །མདུན་དུ་ཨེ་ལས་གནམ་ལྕགས་དྲག་པོ་རབ་ཏུ་འབར་བའི་ཁང་སྒྲོམ་གྲུ་གསུམ་པ་བང་རིམ་དགུ་པ། །ཁ་ཁྱེར་དོག་ཅིང་གཏིང་ཟབ་པ། ཕྱི་མཚོན་ཆའི་རང་བཞིན་ནག་ལ་རྩུབ་པ། ནང་འབར་བའི་ལྕགས་བསྲེགས་དམར་ལ་ཚ་བ། འོག་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ། སྟེང་ན་གཏི་མུག་གི་མུན་ནག་འཐིབས་པ། ཕྱི་ནས་ཞེ་སྡང་གི་མེ་རི་འབར་བ། བར་ན་ཕྲག་དོག་གི་རླུང་དམར་འཚུབ་པ། །ལོག་ནས་ང་རྒྱལ་གྱི་གློག་ལྕམ་འགྱུ་བ། བྱ་ཤ་ཟན་ཀླད་ལ་ལྡིང་ཞིང་གཅན་གཟན་ཁྲག་འཐུང་འོག་ན་འགྲོ་བ། རྣོ་ངར་མཚོན་ཆའི་ཆར་འབབས་ཤིང་ནད་དང་དུག་གི་རླངས་པ་འཕྱོ་བ། འཆི་བདག་གཤིན་རྗེའི་བཙོན་ཁང་། ནག་པོ་བདུད་ཀྱི་བཤས་ར། ནད་གཏོང་མ་མོའི་ཞིང་ཁམས། གླེན་པ་ཀླུའི་གྲོང་ཁྱེར། དྲང་སྲོང་གཟའ་ཡི་ཕོ་བྲང་། དམར་པོ་བཙན་གྱི་འགྱུ་སྲང་། སྡེ་བརྒྱད་རྦ་ཀློང་འཁྲུག་པའི་གཞལ་ཡས། ཐར་མེད་དམྱལ་བ་ཆེན་པོའི་བཙོན་ཁང་། འགུགས་བྱེད་ལས་ཀྱི་ཕོ་ཉ་གློག་ལྟར་འཁྱུག་ཅིང་སྒྲོལ་བྱེད་བཤན་པ་ཕོ་མོ་རྡུལ་ལྟར་འཚུབ་པ། རྒྱོབ་སོད་འཇིགས་པའི་ང་རོ་འབྲུག་ལྟར་ལྡིར་བའི་སྲིད་པ་ལས་ཀྱི་བཙོན་ཁང་དྲག་པོ་དེའི་ནང་དུ་དགྲ་ལ་ནྲྀ་དུད་ཁ་དང་བགེགས་ལ་ཏྲི་དམར་སེར་ཡོངས་སུ་གྱུར་པས་དགྲ་བགེགས་ལས་ངན་དེ་ཉིད་གཅེར་བུ་ལུས་རིད་ཅིང་ཉམ་ཐག་པ། གདོང་མཆི་མས་གཡོགས་པ། བུ་ག་དགུ་ནས་ཁྲག་འཛགས་པ། ཡན་ལག་ལྕགས་སྒྲོག་གིས་བསྡམས་པ། ཁ་ནས་མྱ་ངན་གྱི་ངུད་མོ་འབྱིན་ཅིང་ཕྱི་ལྤགས་མཛེ་ཤུ་ཕོལ་མིག་གིས་གང་བ། དྲན་པའི་དབང་པོ་རབ་ཏུ་ཉམས་ཤིང་སྲོག་དབུགས་ཀྱི་རྒྱུན་འགགས་ལ་ཁད་ཀྱིས་རྣམ་པར་འདར་བ། གནོད་བྱེད་ལོག་འདྲེན་ཐམས་ཅད་གཅིག་ཏུ་འདུས་པའི་རང་བཞིན་ཅན་དུ་གྱུར་པར་བསམས་ཤིང་། རང་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྤྲོས་པའི་ལས་མཁན་གྱི་ཁྲོ་བོ་ཁྲོ་མོ་དྲག་ལ་མྱུར་བ། །རྣོ་ལ་རྩུབ་པ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་བཀང་སྟེ་དམིགས་བྱའི་དགྲ་བགེགས་གང་ན་གནས་ནས་རང་དབང་མེད་པར་བཀུག་སྟེ་མདུན་གྱི་ལིངྒ་ལ་བསྟིམ་པར་བསམས་ལ། ༈ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་དང་༴ རིགས་སྔགས་དང་། གཟུགས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་བདུད་འདུལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དྲག་མོ་སེང་གེའི་གདོང་པ་ཅན་འཁོར་ལས་དང་ཡེ་ཤེས་ལས་གྲུབ་པའི་མཁའ་འགྲོ་མ་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། གཞན་ཡང་མགོན་པོ་ཕོ་རྒྱུད། ལྷ་མོ་མོ་རྒྱུད། དྲེགས་པའི་སྡེ་དཔོན་སུམ་ཅུ། སྔགས་བདག་དྲེགས་པ་བཅོ་བརྒྱད། སྣང་ཞིང་སྲིད་པའི་ལྷ་མ་སྲིན་སྡེ་བརྒྱད། དམ་ཅན་རྡོ་རྗེ་ལེགས་པ། མཆེད་ཟླ་སུམ་བརྒྱ་དྲུག་ཅུ། ལྷ་བཙན་རྡོ་རྗེ་འབར་བ་སོགས་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་ནས། སྤྱིར་སངས་རྒྱས་བསྟན་པའི་སྤྱི་དགྲ། དཔལ་ལྡན་བླ་མའི་སྐུ་དགྲ། དགེ་བ་བཅུ་ལ་བར་དུ་གཅོད་པ། མི་དགེ་བ་བཅུའི་ལམ་སྣ་འདྲེན་པ། བྱེ་བྲག་ཏུ་རྣལ་འབྱོར་བ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ། ཉི་མ་ཕྱོགས་བཞི་མཚམས་བརྒྱད་ནས་དམག་སྣ་སྟོན་པ། རྐུན་སྣ་སྟོན་པ། ཇག་སྣ་སྟོན་པ། སྔར་དགྲ་ལག་གིས་བསྟར་བ། ཕྱི་དགྲ་ཞེ་ལ་བསམས་པ། ད་དགྲ་དངོས་སུ་གཏོད་པར་བྱེད་པའི་གཟུགས་ཅན་མི་ཡི་དགྲ་ཚེ་ལ་བརྐུ་བ། སྲོག་ལ་འཇབ་པ། ནད་དུ་ལྡང་བ། གདོན་དུ་འཚེ་བ། ཚེ་དང་བསོད་ནམས། ཁ་རྗེ་དབང་ཐང་ལ་བར་དུ་གཅོད་པའི་གཟུགས་མེད་ལྷ་འདྲེའི་བགེགས་ཏེ། དམིགས་པའི་ཐེམས་སུ་བཅུག་ཅིང་། གཟུགས་ལིངྒར་བྲིས་ཏེ་མིང་བྱང་བུར་བཀོད་པའི་དགྲ་བགེགས་ལོག་འདྲེན་མཐའ་དག་མཐོ་རི་བོའི་རྩེ། དམའ་རྒྱ་མཚོའི་གཏིང་། བར་ལྕགས་རིའི་ཁོར་ཡུག །ཁམས་གསུམ་སྲིད་པའི་གནས་རིས། ས་འོག་ས་སྟེང་ས་བླ་གར་གནས་ཀྱང་སྐད་ཅིག་ཡུད་ཙམ་ལ་རང་དབང་མེད་པར་དྲག་མོའི་ལས་ཀྱི་ཕོ་ཉ་རྣམས་ཀྱིས་བཀུག་སྟེ། བྱིའུ་ཁྲས་བདས་པའམ་རི་དྭགས་ཤ་ཁྱིས་དེད་པ་བཞིན་དུ་གཟུགས་ལིངྒ་འདི་ལ་ཁུག་ཅིག །སྒྲུབ་སྔགས་ཤམ་བུར། ཨཱ་ཀཪྵ་ཡ་ཛཿཛཿ ཕོ་ཉ་བསྐུལ་བ་ནི། ཧཱུྃ། བདུད་འདུལ་དྲག་མོ་སེང་གདོང་མའི། །སྐུ་ལ་སྤྲུལ་པའི་མཁའ་འགྲོ་མ། །དཀར་མོ་ཉི་ཁྲི་ཆིག་སྟོང་ནི། །ཡང་རྩལ་ཐོགས་མེད་རྫུ་འཕྲུལ་བང་། །གློག་འགྱུ་ཙམ་གྱིས་གླིང་བཞི་བསྐོར། །གསུང་གི་སྤྲུལ་པའི་མཁའ་འགྲོ་མ། །དམར་མོ་ཉི་ཁྲི་ཆིག་སྟོང་ནི། །སྤྲུལ་པའི་འོད་ཟེར་མཐའ་ཡས་པས། །སྲིད་གསུམ་འགུག་ཅིང་རྒྱ་མཚོ་སྐེམ། །ཐུགས་ཀྱི་སྤྲུལ་པའི་མཁའ་འགྲོ་མ། །ནག་མོ་ཉི་ཁྲི་ཆིག་སྟོང་ནི། །དཔའ་གཏུམ་དྲག་མོའི་མཐུ་སྟོབས་ཀྱིས། །འཇིག་རྟེན་གསུམ་ཡང་ཕྱེ་མར་འཐག །ཡོན་ཏན་སྤྲུལ་པའི་མཁའ་འགྲོ་མ། །སེར་མོ་ཉི་ཁྲི་ཆིག་སྟོང་ནི། །སྤྲུལ་པ་འབུམ་སྡེས་སྟོང་གསུམ་འགེངས། །འཕྲིན་ལས་སྤྲུལ་པའི་མཁའ་འགྲོ་མ། །ལྗང་མོ་ཉི་ཁྲི་ཆིག་སྟོང་ནི། །དགྲ་དང་བགེགས་ཀྱི་ཚེ་སྲོག་ལ། །རྡོ་རྗེ་ཕ་ལམ་བཞིན་དུ་རྣོ། །ཁྱེད་རྣམས་འཁོར་དང་བཅས་པ་ཡི། །སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་གྱིས། །རབ་འབྱམས་རྒྱ་མཚོའི་ཞིང་ཀུན་འགེངས། །མཐུ་སྟོབས་རྫུ་འཕྲུལ་བསམ་ལས་འདས། །ཤ་ལ་དགའ་ཞིང་ཁྲག་ལ་དགྱེས། །ལོག་འདྲེན་དགྲ་སྡེའི་གཤེད་དུ་དཔའ། །དཔའ་བ་བཞིན་དུ་ལས་མཛོད་ལ། །མིང་བྱང་དམར་ལ་བཏབ་ནས་ནི། །དམིགས་པའི་ཐེམས་སུ་བཅུག་པ་ཡི། །དགྲ་དང་བགེགས་ཀྱི་བླ་ཡིད་སེམས། །སྟོང་གསུམ་སྟོང་གི་འཇིག་རྟེན་གྱི། །འབྲོས་རི་གབ་ཁུང་གར་སོང་ཡང་། །རང་རང་གཉེན་པོར་སྐུར་སྤྲུལ་ལ། །སྐད་ཅིག་ཡུང་ཙམ་ཐང་གཅིག་གིས། །རང་དབང་མེད་པར་ཁུག་ལ་ཤོག །དམིགས་པའི་རྟེན་ལ་གཉིས་མེད་སྟིམས། །ཧཱུྃ། གཞན་ཡང་དྲག་མོ་བདུད་འདུལ་མའི། །འགུགས་བྱེད་དྲག་པོའི་ཕོ་ཉ་ནི། །གནས་དང་ཡུལ་ཆེན་དུར་ཁྲོད་ཀྱི། །ཤ་ཟ་ཁྲག་འཐུང་དྲེགས་པའི་སྡེ། །མི་བསྲུན་རབ་འཇིགས་བཤན་པའི་ཚོགས། །བླ་སྲོག་འགུགས་པའི་མཐུ་བོ་ཆེ། །མ་ངེས་རྣམ་འགྱུར་འབྱམས་སུ་ཀླས། །འགུགས་འདྲེན་སྒྲོལ་བའི་ཕོ་ཉ་བ། །མགྱོགས་པའི་བཞོན་པ་འོག་ན་བཅིབས། །རྣོ་མྱུར་བང་གིས་ཁམས་གསུམ་བསྐོར། །སྙབ་པའི་ལག་པས་སྲིད་གསུམ་ཉུལ། །འགུག་སྒྲོལ་མཚོན་ཆའི་འཁོར་ལོ་བསྐོར། །འཛིན་པའི་དྲ་བ་དམར་ནག་འཁུར། །འགུགས་བྱེད་སྤྲུལ་པ་ཕྱོགས་བཅུར་འཕྲོ། །དམིགས་པའི་དགྲ་བགེགས་ལོག་འདྲེན་གྱི། །རྣམ་ཤེས་རྟེན་དང་ཕྲོལ་ལ་ཤོག །བླ་སྲོག་དྲ་བར་ཆུག་ལ་ཤོག །དོན་སྙིང་སྦར་ཀྱིས་ཁོས་ལ་ཤོག །སྙིང་ཁྲག་ཧུབ་ཀྱིས་རྔུབས་ལ་ཤོག །བསད་རྟགས་དོན་སྙིང་ཁྱེར་ལ་ཤོག །ནོར་རྫས་རླུང་ལ་སྐུར་ལ་ཤོག །མི་ནོར་ཕྱགས་མས་ཕྱོགས་ལ་ཤོག །བདུན་རྒྱུད་རྩད་ནས་ཆོད་ལ་ཤོག །དམིགས་མེད་རྒྱ་ཡིས་ཐོབ་ལ་ཤོག །གནོད་པར་བྱེད་པའི་དགྲ་དང་བགེགས། །ཐམས་ཅད་གཅིག་ཏུ་བསྡུས་ནས་ཀྱང་། །དམིགས་རྟེན་འདི་ལ་གཉིས་མེད་སྟིམས། །དེ་ནས་སྒོ་མ་བཞིའི་ཕྱག་མཚན་རྣམས་རིམ་གྱིས་འཛིན་པ་ལས། དང་པོ་ལྕགས་ཀྱུ་ཐོགས་ལ། ཧཱུྃ། ཕོ་བྲང་ཤར་སྒོ་བསྲུང་བའི་ལྷ། །ཕྲ་མེན་སྒོ་མ་ཁྭ་གདོང་མས། །འགུགས་བྱེད་ལྕགས་ཀྱུ་འབར་བ་ཡིས། །སྡང་དགྲ་གནོད་བྱེད་ལོག་འདྲེན་ཀུན། །ཁུག་ཅིག་དྲོངས་ཤིག་ཨངྒུ་ཤ་ཛཿ ཞགས་པ་ཐོགས་ལ། ཧཱུྃ། ཕོ་བྲང་ལྷོ་སྒོ་བསྲུང་བའི་ལྷ། །ཕྲ་མེན་མཁའ་འགྲོ་ཕག་གདོང་མས། །འཆིང་བྱེད་ཞགས་པ་འབར་བ་ཡིས། །སྡང་དགྲ་གནོད་བྱེད་ལོག་འདྲེན་ཀུན། །དམ་དུ་ཆིངས་ཤིག་པཱ་ཤ་ཧཱུྃ། ལྕགས་སྒྲོ་ཐོགས་ལ། ཧཱུྃ། ཕོ་བྲང་ནུབ་སྒོ་བསྲུང་བའི་ལྷ། །ཕྲ་མེན་མཁའ་འགྲོ་ཁྱི་གདོང་མས། །སྡོམ་བྱེད་ལྕགས་སྒྲོག་འབར་བ་ཡིས། །སྡང་དགྲ་གནོད་བྱེད་ལོག་འདྲེན་ཀུན། །ཡན་ལག་སྡོམས་ཤིག་སྥོ་ཊ་བཾ། དྲིལ་བུ་ཐོགས་ལ། ཧཱུྃ། ཕོ་བྲང་བྱང་སྒོ་བསྲུང་བའི་ལྷ། །ཕྲ་མེན་མཁའ་འགྲོ་འུག་གདོང་མས། །མྱོས་བྱེད་དྲིལ་བུ་འབར་བ་ཡིས། སྡང་དགྲ་གནོད་བྱེད་ལོག་འདྲེན་ཀུན། །མྱོས་སུ་ཆུག་ཅིག་གྷཎྜེ་ཧོཿ དེ་ནས་ལྷ་དབྱེ་བའི་རྫས་ཀྱིས་ལིངྒ་བདུག་ཅིང་། བྱ་རོག་དང་འུག་པའི་དང་རུས་འབྱེད་ཚུལ་བྱ་ཞིང་། ཧཱུྃ། འབྱེད་བྱེད་ཆེན་མོའི་དུས་ལ་བབས། །རི་རབ་ལྷུན་པོའི་ཁོང་གསེང་ནས། །ཕྲ་མེན་ཆེན་མོ་རྫུ་འཕྲུལ་ཅན། །བྱ་རོག་དང་ནི་འུག་པའི་མགོ། སྤྲུལ་པ་ཕྲ་མེན་འཁོར་བཅས་ཀྱིས། །དམ་ཉམས་དགྲ་བོ་ལྷ་དང་ཕྲོལ། །རྣམ་པར་འཚེ་བའི་བདུད་དང་སྤྲོད། །དགྲ་བོ་འདི་ཡི་ལྷ་སྲུང་རྣམས། མི་དགེ་བཅུ་ལ་སྤྱོད་པ་ཡི། །གདུག་པ་ཅན་འདི་མྱུར་དུ་སྤོངས། །བཀའ་ལས་འདའ་བ་ཡོངས་སྲིད་ན། །ཡེ་ཤེས་ལྷ་ཡང་ཐུགས་དམ་ཉམས། །འཇིག་རྟེན་པ་རྣམས་རྡུལ་དུ་གཏོང་། །དེ་བས་འདི་སྤོངས་རང་གཤེད་ཕོབ། །མ་མ་ཏྲག་རཀྴ་མཱ་ར་ཡ་ཕྱེ་ཕྱེ་ནྲྀ་ཏྲི་དེ་ཝ་ཨུ་ཙ་ཏ་ཡ་ཕཊ༔ ཉེས་པ་བསྒྲག་པ་ནི། ཧཱུྃ། ཞིང་བཅུ་ཚང་བའི་གདུག་པ་ཅན། །དུག་ལྔའི་ལས་ལ་སྤྱོད་པ་ཁྱོད། །ངན་སོང་གནས་ངན་རྒྱུན་གཅོད་ཕྱིར། །སྙིང་རྗེའི་ཤུགས་ཀྱིས་བསྒྲལ་ནས་ནི། །ཕུང་པོ་ལྷ་རྣམས་མཆོད་བྱེད་ན། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། །དགའ་མགུར་རངས་པའི་འདུ་ཤེས་བསྐྱེད། །བྱད་དུ་འཇུག་པ་ནི། བྱད་ཐག་སྔོ་དམར་གྱིས་བསྡམས་ཤིང་། ཧཱུྃ། མ་མོ་མཁའ་འགྲོ་གདུག་པ་ཅན། །ཁྲོས་པའི་བྱད་ཐག་སྔོ་དམར་གྱིས། །ཡན་ལག་དབང་པོ་བཅས་པ་རྣམས། །དྲུ་གུ་བཞིན་དུ་རབ་ཏུ་ཆིངས། །དགྲ་བགེགས་ནྲི་ཏྲི་ཧ་ན་པ་ཡ་ཕཊ༔ སྨྱོ་རུ་འཇུག་པ་ནི། མྱོས་བྱེད་ཀྱི་དུག་ཁྲག་རྣམས་གཏིགས་ཤིང་། ཧཱུྃ། མཁའ་འགྲོ་ཁྲོས་པའི་ཁ་རླངས་སྤྲིན། །དུག་ཁྲག་ཆར་དུ་འབེབས་པའི་དབལ། །ལོག་འདྲེན་སྙིང་ལ་དབབ་པ་ཡིས། །སྨྱོ་འབོགས་རེངས་ཤིང་བརྒྱལ་དུ་ཆུག །དགྲ་བགེགས་ཛྭ་ལ་ས་མ་ཡ་ཧཱུྃ་ཕཊ། གཞན་ཡང་ཐུན་སྣ་ཚོགས་ཀྱིས་བྲབ་ཅིང་། ཧཱུྃ། ཡུངས་ཀར་ཁྲོ་བོ་ཁྲོ་མོའི་མཚོན། །ཟངས་ཕྱེ་ལྕགས་ཕྱེ་གནམ་ལྕགས་ཐོག །ཀེ་ཚེ་ཤང་ཚེ་མཚོན་ཆའི་མདའ། །སྣ་ཚོགས་ཐུན་རྫས་གདུག་པའི་དབལ། །དྲག་ཤུལ་སྟོབས་ཀྱིས་འཕངས་པ་ཡིས། །ལོག་པར་འདྲེན་པའི་སྙིང་ལ་བརྡེག །འབྱུང་འདུས་ཕུང་པོ་ཕྱེ་མར་ཐོང་། །ཧཱུྃ་བཛྲ་དྷཀྐི་ནི་སིདྷ་མུ་ཁ་ཧ་རི་ནི་ས་ཛཿབྷྱོ༔ དགྲ་བོའི་སྙིང་ཁྲག་རྦད་སུ་ཐུན་བྷྱོ། ཤ་ཏྲུཾ་ཨ་མུ་ཀ་མཱ་ར་ཡ་རྦད་རྦད། ཚལ་པ་ཚལ་པ་སོད་སོད། ཅེས་རང་ཉིད་ཁྲོ་མོའི་ང་རྒྱལ་བསྐྱེད་པའི་འཁོར་ལས་བྱེད་སྤྲུལ་པ་ཡང་སྤྲུལ་གྱི་ཚོགས་ཐམས་ཅད་ཀྱིས་གཅན་སྤྱང་ཤ་ལ་རུབ་པ་ལྟར་བྱས་ཤིང་། ནད་མཚོན་དུག་གི་ཆར་ཕབ་དགྲ་བོ་མི་ནོར་དང་བཅས་པ་ཁ་ཕུང་རྗེེས་མེད་དུ་བཏག་བར་བསམ་ཞིང་ཐུན་དྲག་ཏུ་བརྡེག་གོ། དེ་ནས་ཕུར་པ་རྡེག་པ་ནི། རང་གི་སོར་མོ་བཅུ་རིགས་ལྔ་ཡབ་ཡུམ་བཅུར་གྱུར། ས་མ་ཡ་ཧོཿ རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་མཁའ་ལས་སྲས་མཆོག་ཀཱི་ལཱ་ཡ་སྐུ་སྟོད་སྲིན་པོ་ཁྲོས་པའི་ཉམས་ཅན་མཐིང་ནག་ཕུར་བུ་སྒྲིལ་བ་ལྟེ་བ་མན་ཆད་གནམ་ལྕགས་ཀྱི་ཕུར་པ་ཟུར་གསུམ་པ་རྣོ་བའི་དབལ་དང་ལྡན་པ། ཁོང་གསེང་ལ་མ་མོ་མཁའ་འགྲོའི་ཕོ་བྲང་བཅས་ཤིང་རྩེ་མོར་ལས་མཁན་བཤན་པ་སྐར་ལྟར་འཁྲུག་ཅིང་ལས་ལ་རྔམ་པར་གྱུར་ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་མཱཾ། ཅེས་བརྗོད་པས་སྲས་མཆོག་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྒྱལ་བ་སྲས་བཅས་ཀྱི་ཐུགས་རྗེ་དང་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས། ཕུར་པ་ལ་ཐིམ་པས་ཁམས་གསུམ་དུས་གཅིག་ལ་སྒྲོལ་བར་ནུས་པའི་མཐུ་དང་ལྡན་པར་གྱུར་པར་བསམས་ལ། ཧཱུྃ། ཡེ་ཤེས་མཁའ་འགྲོ་བདུད་འདུལ་མའི། །སྲས་མཆོག་བཛྲ་ཀཱི་ལཱ་ཡ། །རྣམ་པར་གདེངས་པ་ཙམ་གྱིས་ཀྱང་། །ཁམས་གསུམ་འདར་ཞིང་སྲིད་གསུམ་འཁྲུག །ཚངས་སོགས་ལྷ་ཡང་རླག་བྱེད་ན། །དགྲ་དང་བགེགས་ལ་སྨོས་ཅི་དགོས། །ཞིང་བཅུ་ཚང་པའི་དགྲ་བགེགས་འདི། ཁྲོ་གཏུམ་ཁྲོས་པའི་དྲག་ཤུལ་གྱིས། །ཡེ་ཤེས་ཆེན་པོའི་ཀློང་དུ་སྒྲོལ། ཧཱུྃ་བཛྲ་དྷཀྐི་ནི་སིདྷ་མུ་ཥ་ཧ་རི་ནི་ས་བཛྲ་ཀཱི་ལི་ཀཱ་ལཱ་ཡ་ཧཱུྃ་ཕཊཿ ཅེས་སྙིང་དཀར་ནག་མཚམས་སུ་བཏབ་པས་སྲས་མཆོག་གི་འོད་ཟེར་ཁོ་ལ་ཕོག་པས་ལུས་ལ་ལྷན་སྐྱེས་སུ་གནས་པའི་བདུད་བཞི་དྲན་པ་ལངས་ཏེ་རང་གཤེད་བབ་ནས་འཁོར་ལོ་བཞིའི་རྩ་བ་རྣམས་བཅད་དེ་ཀླད་ཁྲག་ཁྲུག་གིས་འདྲེས། ཚེ་བསོད་ཀྱི་ངོ་བོ་ཨ་ཡིག་དཀར་པོ་འོད་ལྔའི་མདངས་དང་ལྡན་པ། རྣམ་ཤེས་ཀྱི་རྟེན་ནྲྀ་ཡིག་དང་བཅས་པ་ཕུར་རྩེའི་ཧཱུྃ་གིས་རེག་པ་ཙམ་གྱིས་རྡོ་ཁབ་ལེན་གྱིས་ལྕགས་བླངས་པ་ལྟར་སེང་སྒྲ་དང་བཅས་བླངས་ཏེ་ཕུར་རྩེ་ལ་རེག །རང་ལ་བསྟན་པས་ཨ་དཀར་པོ་འོད་ལྔའི་ཐིག་ལེ་དང་བཅས་པ་རྣམས་སྙིང་གར་ཐིམས་པས་ཚེ་བསོད་རྒྱས་ཏེ་གཟི་བརྗིད་འབར། ནྲྀ་ཡིག་ཕཊ་ཀྱིས་འཕངས་པས་ཕུར་པའི་ཁོང་གསེང་གི་ལམ་ནས་བརྒྱུད་ལས་ངན་གྱི་རྣམ་སྨིན་བཀྲུས། དྭངས་མ་ཧཱུྃ་སྔོན་པོར་གྱུར་པ་རྒྱ་མདུད་ཀྱི་རྩེ་ལས་འཐོན་ཏེ་ཡེ་ཤེས་ཀྱི་མཁའ་འགྲོའི་ཐུགས་ཀར་ཐིམ་པར་བསམས་ཤིང་། ཧཱུྃ། སྙིང་རྗེའི་ཡུལ་གྱུར་ལས་ངན་ཁྱོད། །གཟུང་འཛིན་བག་ཆགས་རྒྱུན་གཅོད་ཕྱིར། །ཐུགས་རྗེའི་ཐབས་ཀྱིས་སྒྲོལ་བྱེད་ན། །ཕུང་པོའི་ཞེན་པ་ཡོངས་དོར་ལ། །རྣམ་ཤེས་དྭངས་མའི་ཡི་གེའི་འབྲུ། ཆོས་དབྱིངས་མཁའ་འགྲོའི་ཐུགས་ཀར་བསྟིམ། །སྐྱེ་མེད་ཆོས་སྐུའི་ཀློང་ཡངས་སུ། །འཛིན་མེད་དམིགས་པའི་རྒྱ་ཡིས་ཐོབ། །ཕཊ། ཅེས་བརྗོད་ཅིང་སྤར་ལ་དམིགས་མེད་དུ་དར་གཅིག་མཉམ་པར་བཞག་གོ། དེ་ནས་སྙིགས་མའི་ལུས་མཚོན་ཆའི་ཚོགས་ཀྱིས་གཏུབ་ཅིང་འདྲལ་བར་བྱ་སྟེ། དེ་ཡང་ཐོག་མར་གཏུན་དུ་བརྡུང་ཞིང་། ཧཱུྃ། རྡུངས་ཤིག་རྡོ་རྗེ་འབར་བས་རྡུངས། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེའི་ཐོ་བས་བརྡུང་བྱས་པས། །ལྷ་ཡང་རུང་སྟེ་རླག་བྱེད་ན། །དགྲ་དང་བགེགས་ལ་སྨོས་ཅི་དགོས། །ཨཱོཾ་པདྨ་ཨ་ཀོ་ཊ་ཡ་ཁ་ཐཾ་ཁ་ཐཾ། ཞེས་བརྡུང་། དེ་ནས་གྲི་གུག་ཐོགས་ལ། ཧཱུྃ། གནམ་ལྕགས་འབར་བ་དྲག་པོའི་མཚོན། །གྲི་གུག་འབར་བའི་རྣོ་དབལ་གྱིས། །གནོད་བྱེད་དགྲ་བགེགས་སྙིང་ལ་འདེབས། །སྲོག་རྩ་ཆོད་ལ་སྙིང་རྩ་གཏུབས། །ཧཱུྃ་བཛྲ་དྷཀྐི་ནི་སིདྷ་མུ་ཥ་ཧ་རི་ནི་ས་ཨ་ཏི་ཀྲ་མ་ན་དགྲ་བགེགས་གནོད་བྱེད་ཀཱི་ལི་ཀཱི་ལཱ་ཡ་སརྦ་ཤ་ཏྲུམ་མཱ་ར་ཡ་ཐུཾ་རི་ལི་ལི་སོད་སོད། ཅེས་གཏུབ་བོ། །ཐོད་ཁྲག་ཐོགས་ལ། ཧཱུྃ། རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུག །རྦོད་གཏོང་མ་མོའི་ཁྲག་ཟོར་ཏེ། །ནད་ཡམས་གདུག་པའི་དུག་རླངས་ཀྱིས། །དགྲ་སྲོག་ཆོད་ལ་དགྲ་དཔུང་ཤིག །དྲག་སྔགས་བརྗོད་ཅིང་ཁྲག་ཆར་དབབ། །ཁ་ཊྭཱཾ་ཐོགས་ལ། ཧཱུྃ། དུག་གསུམ་ཁྲོས་པའི་ཁ་ཊྭཱཾ་ག །སྐུ་གསུམ་མཁའ་འགྲོའི་ཕྱག་མཚན་ཏེ། །དགྲ་བོའི་རྩ་གསུམ་འཁོར་ལོ་དང་། །དུག་གསུམ་འཁོར་བ་རྩད་ནས་གཅོད། །ཅེས་དྲག་སྔགས་བརྗོད་ཅིང་སྙིང་གར་བརྡེག །འཁོར་ལོ་ཐོགས་ལ། ཧཱུྃ། རྩིབས་སྟོང་འབར་བའི་འཁོར་ལོ་ཆེ། །བདུད་སྡེའི་གཤེད་དུ་འཁོར་བ་ཡིས། །སྲོག་རྩ་ཁྲག་རྩ་སྙིང་རྩ་དང་། །མ་རིག་སྲིད་པའི་འཁྲུལ་རྒྱུན་ཆོད། །དྲག་སྔགས་བརྗོད་ཅིང་སྙིང་གར་བསྐོར། རྒྱ་གྲམ་ཐོགས་ལ། །ཧཱུྃ། སྣ་ཚོགས་རྡོ་རྗེ་ལས་བཞིའི་མཚོན། །མི་འགྱུར་བརྟན་པའི་བརྟུལ་ཞུགས་ཀྱིས། །གནོད་བྱེད་ཚལ་པ་བརྒྱར་ཁོས་ལ། །ཐལ་བ་རྡུལ་ཕྲན་བཞིན་དུ་ཐོང་། །དྲག་སྔགས་བརྗོད་ཅིང་རྡོ་རྗེས་བརྡུང་། དབྱུག་ཐོ་ཐོགས་ལ། ཧཱུྃ། མི་བཟད་རྡོ་རྗེའི་དབྱུག་པ་ཆེ། །དུར་ཁྲོད་མཁའ་འགྲོའི་མཚོན་ཆ་སྟེ། །དགྲ་བགེགས་ལོག་འདྲེན་མ་ལུས་པའི། །མགོ་ལུས་དབང་པོ་ཕྱེ་མར་རྡུངས། །དྲག་སྔགས་བརྗོད་ཅིང་དབྱུག་པས་བརྡུང་། ཐོ་བ་ཐོགས་ལ། ཧཱུྃ། ཐོ་བ་འབར་བ་དྲག་པོའི་མཚོན། །སྡང་དགྲ་གནོད་བྱེད་འཕུང་སྲི་ཡི། །ཀླད་ཁྲག་ཕུང་པོ་ཞོ་ལྟར་དཀྲུགས། །སྒྱུ་ལུས་ཕུང་པོ་སིལ་བུར་ཤིག །དྲག་སྔགས་བརྗོད་ཅིང་ཐོ་བས་བརྡུང་། མདའ་གཞུ་ཐོགས་ལ། ཧཱུྃ། ཤེས་རབ་དབྱིངས་ཀྱི་གཞུ་བཀང་སྟེ། བདེ་ཆེན་ཐབས་ཀྱི་མདའ་སྤྲིངས་ནས། །བརྣག་པའི་དགྲ་བགེགས་སྙིང་ལ་གཟིར། །ཚེ་སྲོག་དབུགས་ཀྱི་རྒྱུན་ཐག་གཅོད། །དྲག་སྔགས་བརྗོད་ཅིང་མདའ་ཡིས་བརྡེག །གཏོར་མ་ཐོགས་ལ། ཧཱུྃ། དཔལ་གྱི་གཏོར་མ་དྲག་མོའི་ཟོར། །གནམ་ལྕགས་ཐོག་གི་བུ་ཡུག་འཚུབ། །དགྲ་བོའི་གཟུགས་ཕུང་ཐལ་བར་རློག །ཁ་ཕུང་རྗེས་མེད་དུས་མཐའ་བཏུལ། ཅེས་བརྗོད་གཏོར་མ་ལུས་ལ་བརྡེག །རལ་གྲི་ཐོགས་ལ། ཧཱུྃ། གནམ་ལྕགས་རལ་གྲི་གདུག་པའི་དབལ། །རྣོ་ངར་རེག་གཅོད་མཚོན་རྣོན་པོས། །དམིགས་པར་བྱ་བའི་བླ་སྲོག་དང་། །གཟུགས་ཕུང་དུམ་བུ་སིལ་བུར་གཏུབས། །ཧཱུྃ་བཛྲ་དྷཀྐི་ནི་སིདྷ་མུ་ཥ་ཧ་རི་ནི་ས་དགྲ་བོའི་སྙིང་ཁྲག་ཧུར་ཐུཾ་བྷྱོ། བཛྲ་ཀཱི་ལཱ་ཀཱི་ལཱ་ཡ་དགྲ་བོ་མི་ནོར་འཁོར་དང་བཅས་པ་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ༔ སརྦ་དྷཀྐི་ནི་བཛྲ་ཀཱི་ལི་ཀཱི་ལཱ་ཡ་དགྲ་བོ་མི་ནོར་འཁོར་དང་བཅས་པ་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊཿ བཛྲ་དྷཀྐི་ནི་དགྲ་བོའི་ཤ་ལ་ཀཾ་ཀཾཿ རཏྣ་དྷཀྐི་ནི་དགྲ་བོའི་རུས་ལ་ཆེམ་ཆེམ༔ པདྨ་དྷཀྐི་ནི་དགྲ་བོའི་ཁྲག་ལ་གཏིབས་གཏིབས༔ ཀརྨ་དྷཀྐི་ནི་དགྲ་བོའི་དབུགས་ལ་ཧབ་ཧབཿ བྷུདྡྷ་དྷཀྐི་ནི་སིདྷ་མུ་ཥ་ཧ་རི་ནི་ས་དགྲ་བོའི་སྲོག་རྩ་ལ་རྦད་རྦདཿ ད་ཡ་ད་ཡཱཿ ཆོད་ཡ་ཆོད་ཡཱཿ མཱ་ར་ཡ་ཛཿཛཿ ཐུན་བྷྱོ་ཐུན་བྷྱོཿ ཅེས་བརྗོད་ཅིང་མཚོན་ཆ་རྣམས་ཀྱིས་ལིངྒ་དུམ་བུར་གཏུབ་བོ། །མཚོན་ཆ་ཐམས་ཅད་ཀྱི་རྗེས་སུ་རྒྱས་པར་བྱེད་ན་སྔགས་འདི་བརྗོད། ཅུང་ཟད་བསྡུ་ན་གོང་གི་གྲི་གུག་གི་འོག་གི་སྔགས་བརྗོད། དེ་ནས་བསྟབ་པ་བྱ་བ་ནི། ཧཱུྃ། ལྷ་སྔགས་ཏིང་འཛིན་རོལ་པའི་མཐུས། དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །བདུད་འདུལ་དཔལ་གྱི་མཁའ་འགྲོ་མ། །སྤྲུལ་པ་ཡང་སྤྲུལ་བཅས་རྣམས་ལ། །ཟག་མེད་དགྱེས་པ་བསྐྱེད་པ་ཡི། །བླ་མེད་མཆོག་གི་མཆོད་པར་འབུལ། །གཏི་མུག་ཤ་ཆེན་སྤུངས་པའིི་རི། །རྔམ་པའི་སྟོབས་ཀྱིས་བཞེས་སུ་གསོལ། །འདོད་ཆགས་ཁྲག་གི་རོལ་མཚོ་བསྐྱིལ། །བརྗིད་པའི་སྟོབས་ཀྱིས་བཞེས་སུ་གསོལ། །ཞེ་སྡང་རུས་པའི་གྲམ་ཁྲོད་བརྡལ། །དྲག་ཤུལ་སྟོབས་ཀྱིས་བཞེས་སུ་གསོལ། །ཞག་ཀླད་ཚིལ་རྐང་ས་གཞིར་སྤུངས། །ཁྲོ་གཏུམ་སྟོབས་ཀྱིས་བཞེས་སུ་གསོལ། །སྡང་དགྲ་གནོད་བྱེད་ལོག་འདྲེན་ཀུན། །ལྷག་མ་མེད་པར་བཞེས་སུ་གསོལ། །ཧཱུྃ་བཛྲ་དྷཀྐི་ནི་སིདྷ་མུ་ཁ་ཧ་རི་ནི་ས་དགྲ་བོ་ཤ་ཏྲུཾ་མཱ་ར་ཡ་མཾ་ས་རཀྟ་ཀེང་ནི་རི་ཏི་ཙིཏྟ་བྷ་སུ་ཏ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་དྷཀྐི་ནི་ས་མ་ཡ་མཾ་ས་རཀྟ་ཀེང་ནི་རི་ཏི་ཙིཏྟ་བྷ་སུ་ཏ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལིང་རོ་རྣམས་ཀྱི་ཕྱེད་གཏོར་མར་འབུལ་ཞིང་ཕྱེད་གཏོར་བཟློག་གི་སྐབས་སུ་འབུལ་རྒྱུར་བཞག་གོ། ཞེས་པའང་གཏེར་སྟོན་མཆོག་གི་སྤྲུལ་པའི་སྐུ་ཉིད་ཀྱིས་བཀས་གནང་ཞིང་། འདི་ལྟ་བུ་ཞིག་གྱིས་ཤིག་ཅེས་པའི་བཀའ་སྩལ་ལྟར་མངོན་སྤྱོད་དྲག་པོའི་རིག་སྔགས་འཆང་བ་ཧོར་གྱི་བན་དྷེས་བྱང་སྡང་རྡོའི་གཞུང་དུ་སྦྱར་བ་ཛ་ཡནྟུ། མངྒ་ལཾ། །


previousབདུད་འདུལ་མཁའ་འགྲོའི་བསྒྲལ་ལས་གནམ་ལྕགས་རལ་གྲི།next