Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདུད་འདུལ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་རྒྱུན་འཁྱེར་དང་སྲུང་བཟློག་གི་ངག་འདོན་དཀྱུས་སུ་བཀོད་པ་གནམ་ལྕགས་རྡོ་རྗེ་འབར་བའི་གུར་ཁང་།
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousབདུད་འདུལ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་རྒྱུན་འཁྱེར་དང་སྲུང་བཟློག་གི་ངག་འདོན་དཀྱུས་སུ་བཀོད་པ་གནམ་ལྕགས་རྡོ་རྗེ་འབར་བའི་གུར་ཁང་།next

བདུད་འདུལ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་རྒྱུན་འཁྱེར་དང་སྲུང་བཟློག་གི་ངག་འདོན་དཀྱུས་སུ་བཀོད་པ་གནམ་ལྕགས་རྡོ་རྗེ་འབར་བའི་གུར་ཁང་།

བདུད་འདུལ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་རྒྱུན་འཁྱེར་དང་སྲུང་བཟློག་གི་ངག་འདོན་དཀྱུས་སུ་བཀོད་པ་གནམ་ལྕགས་རྡོ་རྗེ་འབར་བའི་གུར་ཁང་བཞུགས། །བདེ་ཆེན་ཆོས་དབྱིངས་ནམ་མཁའ་ལ། །མ་འགགས་ཐུགས་རྗེའི་ཆུ་འཛིན་དཀྲིགས། །མཆོག་ཐུན་སྤྲིན་བཅུད་ཆེར་འབེབས་པའི། །རྩ་གསུམ་རྒྱལ་བ་རྒྱ་མཚོར་འདུད། དེ་ཡང་ཡེ་ཤེས་ཀྱི་མཁའ་འགྲོ་བདུད་འདུལ་མའི་དབང་ལུང་ཐོབ་ཅིང་མན་ངག་སྤྱི་དང་བྱེ་བྲག་གི་གནད་རྣམས་དམ་པའི་ཞལ་ལུང་ལ་བློ་གྲོས་ཀྱི་འཇུག་པ་ཕྱིན་ཅི་མ་ལོག་ཤིང་དམ་ཚིག་དང་ལྡན་པ་དག་གིས་རྒྱུན་གྱི་རྣལ་འབྱོར་འཁྱེར་བདེ་ངག་འདོན་དུ་བྱ་བ་ལ་ཐོགམར་སྐྱབས་སེམས་ནི། ཧཱུྃ༔ བདག་ནི་དེང་ནས་བྱང་ཆུབ་བར༔ བླ་མ་དཀོན་མཆོག་དཀྱིལ་འཁོར་ལྷ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་ལ༔ རྣམ་པ་ཀུན་ཏུ་སྐྱབས་སུ་མཆི༔ དབང་དྲག་ལས་ཀྱི་བྱང་ཆུབ་སེམས༔ དམ་པ་མཆོག་ནི་བསྐྱེད་པར་བགྱི༔ ལན་གསུམ། ཧཱུྃ༔ འཁོར་འདས་གདོད་ནས་སྟོང་པའི་རྩལ། ཀུན་ཁྱབ་སྙིང་རྗེ་ཆེན་པོའི་ངང་། རང་རིག་གྲི་གུག་ཧཱུྃ་མཚན་ལས། །འབྱུང་ལྔའི་ད་ལ་ཡུམ་ལྔའི་ཀློང་། ཁྲག་མཚོ་རུས་པའི་རི་རབ་སྟེང་། །བྷྲཱུྃ་ལས་དྲག་པོའི་གཞལ་ཡས་ཁང་། །མཚན་ཉིད་ཡོངས་རྫོགས་ཕོ་བྲང་དབུས། །རྩིབས་བརྒྱད་ལྟེ་བར་ཆོས་འབྱུང་སྟེང་། །དྲེགས་བྱེད་ཕོ་མོ་པད་ཉིའི་གདན། །ཐུགས་སྲོག་ཧཱུྃ་གི་འཕྲོ་འདུ་ལས། །རང་ཉིད་བདུད་འདུལ་མཁའ་འགྲོ་མ། །སྐུ་མདོག་མཐིང་ནག་སེང་གེའི་གདོང་། །ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །རལ་པ་ཁམ་ནག་སྤྲིན་ལྟར་གཏིབས། །སྤྱན་གསུམ་སྡང་མིག་རབ་ཏུ་བསྒྲད། །སྨ་ར་སྨིན་མ་དམར་སེར་འབར། །འཁོར་ལོས་མཚན་པའི་གྲི་གུག་གཡས། །ལྕང་ལོས་མཚན་པའི་ཐོད་ཁྲག་གཡོན། །གཡས་བསྐུམ་གཡོན་བརྐྱང་གར་སྟབས་འགྱིངས། །དུར་ཁྲོད་འཇིགས་པའི་ཆས་བརྒྱད་དང་། །གནམ་ལྕགས་སྤུ་གྲིའི་གཤོག་པ་སོགས། །དཔལ་གྱི་ཆས་བཅུ་འབར་བས་བརྒྱན། །ནུ་མ་འབུར་ཞིང་བྷ་ག་རྒྱས། །དཔའ་སྒེག་ཁྲོ་གཏུམ་གཟི་བརྗིད་འབར། ཁ་ཊྭཱཾ་ག་ལ་བདེ་བས་འཁྱུད། །མེ་དཔུང་དམར་ནག་ཀློང་དཀྱིལ་དུ། །བདེ་སྟོང་ཟུང་དུ་འཇུག་པ་ཡི། །བདག་ཉིད་ཆེན་མོའི་སྤྱི་གཙུག་ཏུ། ། དྲག་རྩལ་མཐིང་ནག་གཡས་རྡོ་རྗེ། །གཡོན་པ་སྡིགས་མཛུབ་ཕྱག་རྒྱ་ཅན། །རལ་ཁྲོད་དབང་གི་རྟ་སྐད་འཚེར། །ཕག་མོ་དམར་མོ་གྲི་ཐོད་འཁྲིལ། །ཕག་ཞལ་ངུར་ཞིང་མེ་ཀླུང་བཞུགས༔ རྩིབས་བརྒྱད་ཏི་ར་པདྨའི་སྟེང་། །རྡོ་རྗེ་རིན་ཆེན་པདྨ་དང་། །ལས་ཀྱི་མཁའ་འགྲོ་ཕྱོགས་ཀྱི་མདོག །གཡས་རྣམས་འཁོར་ལོ་ཁ་ཊྭཱཾ་ག །མེ་ཡི་འཁོར་ལོ་རལ་གྲི་འཕྱར། །གཡོན་རྣམས་ཐོད་ཁྲག་ཐུགས་ཀར་བསྣམས། །དུར་ཁྲོད་ཆས་ལྡན་་གར་སྟབས་འགྱིངས། །མེ་དཔུང་ཀློང་དུ་ཁྲོ་གཏུམ་འབར། །མཚམས་བཞིར་དམ་ཚིག་སྣ་ཚོགས་དང་། །འཇིག་རྟེན་ལས་ཀྱི་མཁའ་འགྲོ་བཞི། །ཉི་ཟླ་གསེར་ཟངས་གནམ་ལྕགས་ཀྱི། །རྩིབས་སྟོང་འཁོར་ལོ་ཆ་ལང་བརྡེབ། །ཕྱེད་གཟུགས་མདངས་ལྡན་ཁྲོ་གཏུམ་འབར། །སྒོ་བཞིར་ཁ་གདོང་ཕག་གདོང་དང་། ཁྱི་གདོང་འུག་པའི་གདོང་ཅན་བཞི། །གཡས་རྣམས་རང་མདོག་ཅང་ཏེའུ་འཁྲོལ། །གཡོན་རྣམས་རང་རྟགས་ཕྱག་མཚན་འཛིན། ཁ་ཊྭཱཾ་གར་འཁྱུད་བརྐྱང་བསྐུམ་བཞུགས། །གཞན་ཡང་འབུམ་ཕྲག་མཁའ་འགྲོའི་ཚོགས། ཉི་ཟེར་རྡུལ་འཚུབ་ལྟར་གསལ་བའི། །གནས་གསུམ་ལས་འཕྲོས་འོད་ཟེར་གྱིས། །རང་བཞིན་ཞིང་ཁམས་རྒྱ་མཚོ་ནས། །ཡེ་ཤེས་སེམས་དཔའ་རང་འདྲ་བ། ཆར་སྤྲིན་གཏིབས་ལྟར་བྱོན་པར་གྱུར། །ཧཱུྃ། འོག་མིན་མཁའ་སྤྱོད་ཨོ་རྒྱན་ཡུལ། །གནས་ཡུལ་དུར་ཁྲོད་ཐམས་ཅད་ནས། །ཡེ་ཤེས་མཁའ་འགྲོ་འཁོར་དང་བཅས། །དད་པས་སྤྱན་འདྲེན་གནས་འདིར་གཤེགས། །གཉིས་མེད་བརྟན་པ་ཆེན་པོར་བཞུགས། །ཞིང་རྡུལ་གྲངས་མཉམ་སྤྲུལ་ཕྱག་འཆལ། །ཕུང་ལྔ་འབྱུང་ལྔ་འདོད་ཡོན་ལྔ། །ཤ་ལྔ་བདུད་རྩི་སྨན་གཏོར་རཀ །དགྲ་བགེགས་བསྒྲལ་བའི་ཤ་རུས་ཁྲག །ཞག་གླད་ཚིལ་རྐང་ནང་ཁྲོལ་དང་། །སྣང་གྲགས་འགྱུ་བའི་རྟོག་ཚོགས་སོགས། །ཕྱི་ནང་གསང་མཆོད་ཞིང་ཁྱབ་འབུལ། །ཧཱུྃ་བཛྲ་དྷཀྐི་ནི་སིངྷ་མུ་ཥ་ཧ་རི་ནི་ས་ས་པཱ་རི་ཝ་ར་སརྦ་པཱུ་ཛ་ཁཱ་ཧི། ཧཱུྃ། ཁྱབ་གསལ་བརྗོད་བྲལ་ཡེ་དབྱིངས་ལས། །སྐུ་གསུམ་མཁའ་འགྲོ་གཟུགས་སྐུའི་ཟླ། །གདུལ་བྱའི་ཆུ་མཚོར་འགོག་མེད་དུ། །གྲངས་མེད་དེར་མཐུན་འཆར་ལ་བསྟོད། །འགག་མེད་ཐུགས་རྗེའི་སྤྲིན་ཕུང་ལས། །འཕྲིན་ལས་རྣམ་བཞིའི་ཆར་ཆེན་པོས། །གྲུབ་གཉིས་འབྲས་བཟང་སྨིན་མཛད་པའི། །རིགས་ཀྱི་མཁའ་འགྲོ་རྣམས་ལ་འདུད། །མཐུ་སྟོབས་རྡོ་རྗེའི་མེ་ཆར་གྱིས། ལོག་འདྲེན་བདུད་སྡེའི་བྲག་གི་རི། །ཕྱེ་མར་འཐགས་མཛད་མཁའ་འགྲོའི་ཚོགས། །འཁོར་དང་བཅས་ལ་གུས་པས་བསྟོད། །བརྟེན་དང་རྟེན་པར་བཅས་པ་ཀུན། །སྣང་སྟོང་གཉིས་མེད་དག་པའི་སྐུའི། །སྤྱི་བོར་འཁོར་ལོ་རྩིབས་བཞིར་ཨཱོཾ། །མགྲིན་པར་པདྨའི་ལྟེ་བར་ཨཱཿ སྙིང་གར་རྡོ་རྗེ་རྒྱ་གྲམ་གྱི། དབུས་སུ་རང་རྟགས་གྲི་གུག་གི། ལྟེ་བར་ཉི་མར་གཙོ་མོ་དང་། །རིགས་བདག་ཡབ་ཀྱི་ཐུགས་ཀར་ཧཱུྃ། །འཁོར་བཞིར་ཧ་རི་ནི་སས་མཚན། །ཕག་མོ་ཤུགས་འགྲོར་བཅས་པར་མ། །དེ་རྣམས་མཐའ་མར་བཟླས་པའི་སྔགས། །འོད་དམར་ཚ་བའི་འཕྲེང་ཐག་ཅན། །སྔགས་གཡས་ཕྲེང་ཐག་གཡོན་སྐོར་དུ། །འཁོར་བས་རིགས་བདག་ཡབ་ཡུམ་གྱི། །འབུམ་ཕྲག་མཁའ་འགྲོ་དབང་དུ་བསྡུས། །བདུད་འདུལ་ནག་མོས་མོ་བརྒྱུད་ཀུན། །ལས་ལ་བཀོལ་ཏེ་དྷཀྐིའི་སྲོག །ཡིག་འབྲུ་རྣམས་ཀྱིས་བརྒྱུད་བསྐུལ་བས། །བདག་གི་དབང་དུ་ཀུན་འདུས་ནས། །ཅི་བཅོལ་ལས་བྱེད་དངོས་གྲུབ་སྩལ། །སྔགས་ཀྱི་འོད་ཟེར་འཕྲོ་འདུ་ཡིས། །རྒྱལ་བ་ཀུན་མཆོད་འགྲོ་སྒྲིབ་སྦྱངས། །དགྲ་བགེགས་ཚར་བཅད་མཆོག་ཐུན་གྱི། །ལེགས་ཚོགས་དཔལ་ལ་སྤྱོད་པར་བསམ། །རྩ་བའི་བསྙེན་སྒྲུབ་ཀྱི་སྔགས་ནི། ཧཱུྃ་བཛྲ་དྷཀྐི་ནི་སིངྷ་མུ་ཥ་ཧ་རི་ནི་ས་སརྦ་ས་མ་ཡ་ཙིཏྟ་ཧྲིང་ཛ་སིདྡྷི་ཧཱུྃ༔ མང་ཉུང་སྐབས་མཐུན་ལྟར་བཟླས་པའི་མཇུག་ཏུ། བཛྲ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤཔྟ་མ་ཧཱ་སརྦ་པཉྩ་རཀྟ་བྷ་ལིངྟ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ༔ ཆོས་སྐུའི་བདག་ཉིད་སྐུ་གསུམ་མཁའ་འགྲོའི་གཙོ༔ ཡེ་ཤེས་ལས་གྲུབ་དབྱིངས་ཀྱི་དྷཀྐི་མ༔ བདུད་དང་མུ་སྟེགས་ལོག་འདྲེན་དགྲ་བགེགས་གཤེད༔ བདུད་འདུལ་སེང་གདོང་མཁའ་འགྲོར་ཕྱག་འཚལ་བསྟོད༔ དེ་ནས་བསྲུང་བའི་སྒོམ་བཟླས་ལ་འཇུག་པར་འདོད་ན། ཨཱོཾ་ཡོ་ག་ཤུདྡྷཿསརྦ་དྷརྨྨཱཿཡོ་ག་ཤུ་དྡྷོ྅ཧཾ༔ ཞེས་བརྗོད་པས་སྔར་གྱི་དམིགས་པ་ཡང་ཡང་གསལ་བཏབ་ཏེ། དེ་ལྟར་བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་དང་། གཞན་ཡང་གཞལ་ཡས་ཀྱི་ཁང་པ་སྒོ་གྲུ་རྟ་བབས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་དེ་ཉིད་གནམ་ལྕགས་ལས་གྲུབ་པའི་ཕོ་བྲང་འཇིགས་ཤིང་བརྗིད་ལ། རྔམ་ཞིང་འཁྲུགས་པ། །ཚ་ཞིང་བསྲེགས་པར་གནས་འགྱུར་ཏེ། དེའི་ཕྱི་རོལ་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཚ་བའི་ཟེར་རྣོ་བའི་དར་དང་ལྡན་པའི་གུར་ཁང་། དེའི་ཕྱི་རོལ་དུ་གནམ་ལྕགས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བའི་གུར་ཁང་། དེའི་ཕྱི་རོལ་དུ་གནམ་ལྕགས་ལས་གྲུབ་པའི་གྲི་གུག་མེ་ཤིན་ཏུ་འབར་བའི་གུར་ཁང་། དེའི་ཕྱི་རོལ་དུ་གནམ་ལྕགས་ཀྱི་ཕུར་པ་དབལ་ཤིན་ཏུ་རྣོ་ཞིང་ཁྲོ་ཆུའི་ཚྭ་ཚྭ་འཕྲོ་བའི་གུར་ཁང་། དེའི་ཕྱི་རོལ་དུ་གནམ་ལྕགས་ཀྱི་དགྲ་སྟ་འབར་བའི་གུར་ཁང་། དེའི་ཕྱི་རོལ་དུ་གནམ་ལྕགས་ལས་གྲུབ་པའི་ཁ་ཊྭཱཾ་འབར་བའི་གུར་ཁང་། དེའི་ཕྱི་རོལ་དུ་གནམ་ལྕགས་ཞུན་མའི་རལ་གྲི་འབར་བའི་གུར་ཁང་། དེའི་ཕྱི་རོལ་དུ་མེ་རི་དམར་ནག་དྲག་ཏུ་འབར་ཞིང་རབ་ཏུ་འཚེགས་པའི་གུར་ཁང་། དེའི་ཕྱི་རོལ་དུ་བསྐལ་བའི་རླུང་ཆེན་པོ་སྤུ་གྲི་འབར་བའི་གུར་ཁང་། དེའི་ཕྱི་རོལ་དུ་བྱད་མ་དགྲ་བགེགས་ཐམས་ཅད་སོད་ཆོད་གཏུབས་ཤིག་ལ་སོགས་པའི་སྟོང་ཉིད་སྒྲ་ཡི་གུར་ཁང་། གུང་ཁང་དེ་རྣམས་ཀྱི་བར་མཚམས་དང་དྲ་མིག་རྣམས་ཀྱི་འཚམས་འཚམས་རྣམས་སུ། སྤྲུལ་པའི་མཁའ་འགྲོ་སྐུ་མདོག་སྣ་ཚོགས་ཀྱི་མདོག་ཅན་ཕྱག་ན་སྣ་ཚོགས་འབར་བའི་མཚོན་ཆ་ཐོགས་པ། འཇིགས་ཤིང་རྔམས་པ། དཔའ་ཞིང་སྒེགས་པ་གྲངས་མེད་དཔག་ཏུ་མེད་པ་སྐར་ལྟར་འཁྲུག་ཅིང་ཀློག་ལྟར་འཁྱུགས་པ། ཞལ་ནས་བསྲུང་བའི་སྔགས་སྒྲ་འབྲུག་སྟོང་ལྡིར་བ་ཙམ་དུ་སྒྲོགས་པ། སྐུ་ལུས་གཞལ་ཡས་ཁང་གུར་ཁང་དང་བཅས་པ་ཐམས་ཅད་ཀྱི་ཚ་ཟེར་རབ་ཏུ་འཁྲུགས་པས་གནོད་བྱེད་ལྷ་སྲིན་སྡེ་བརྒྱད་རྒྱལ་བསེན་འབྱུང་པོ་བན་བོན་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་རྡུལ་ཕྲན་དུ་བརླག་པའི་རང་བཞིན་ཅན་དུ་གྱུར། རང་ཉིད་མཁའ་འགྲོའི་གཙོ་མོ་བདུད་འདུལ་མར་གསལ་བའི་སྤྱི་གཙུག་རིགས་བདག་ཡབ་ཡུམ་གྱི་ཐུགས་ཀར་བླ་མ་སློབ་དཔོན། གཡས་སུ་བསྲུང་བྱ་ཕོ་བརྒྱུད། གཡོན་དུ་མོ་རིགས། འོག་ཏུ་ནོར་རྫས། མདུན་དུ་བྲན་གཡོག །རྒྱབ་ཏུ་ཞིང་ཁང་། དེ་ཐམས་ཅད་ཀྱང་གཞལ་ཡས་ཁང་ལྷ་དང་ལྷ་མོའི་རང་བཞིན་ལས་གཞན་དུ་མ་གྲུབ་ཅིང་གཉིས་སུ་མི་གནས་པ། གཙོ་མོའི་གནས་རྣམས་དང་བ་སྤུའི་འོད་ཀློང་རེ་རེ་ནས་ཀྱང་སྤྲུལ་པ་དང་ཡང་སྤྲུལ་ཉིང་སྤྲུལ་བསམ་གྱིས་མི་ཁྱབ་པ་འཕྲོ་ཞིང་བསྲུང་བའི་ལས་བྱེད་པ། འཁོར་གྱི་མཁའ་འགྲོ་སྤྲུལ་པའི་ལས་བྱེད་ཐམས་ཅད་ཀྱང་ཞལ་ནང་དུ་གཟིགས་ཤིང་བར་ཆད་བཟློག་པ་དང་དངོས་གྲུབ་སྟེར་བ། །རང་གི་ཐུགས་ཀར་འཁོར་ལོས་མཚན་པའི་གྲི་གུག་གི་ལྟེ་བར་ས་བོན་ཧཱུྃ་གི་ཧ་ཁོག་གི་ནང་དུ་རང་དང་བསྲུང་བྱའི་རྣམ་པར་ཤེས་པ་ཡི་གེ་ནྲི་ལྗང་གུ་གསལ་ལ་མདངས་དང་ལྡན་པ་སྣུམ་ལ་འོད་ཟེར་འཚེར་བར་གསལ་བའི་ཧཱུྃ་ལས་འོད་ཟེར་དང་ཁྲོ་ཆུང་གི་ཚོགས་དཔག་ཏུ་མེད་པ་ནམ་མཁའི་ཁམས་གང་བར་སྤྲོས་པས་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་དང་བྱིན་རླབས། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་མཐུ་སྟོབས་དང་ནུས་པ་ཐམས་ཅད་བསྡུས་ནས་བདག་དང་སྲུང་བྱ་ལ་བསྟིམ། སླར་ཡང་འོད་ཟེར་དང་ཁྲོ་ཆུང་གོང་ལྟར་སྤྲོས་པས་ཕྱི་སྣོད་འབྱུང་བའི་བཅུད་དང་དངས་མ། བྱད་མ་དགྲ་བོས་བསྒོམས་པའི་བསྲུང་བའི་འཁོར་ལོ་རྣམས་བཀུགས་ཏེ་རང་དང་སྲུང་བྱ་གུར་ཁང་རྣམས་ལ་བསྟིམས་པས་ཅིས་ཀྱང་མི་ཤིག་པ་བསྲ་ཞིང་མཁྲེགས་པ་རྡོ་རྗེ་ཕ་ལམ་གྱི་རང་བཞིན་དུ་གྱུར། སླར་ཡང་འོད་ཟེར་དང་ཁྲོ་ཆུང་གང་ལྟར་སྤྲོས་པས་ནང་བཅུད་སྐྱེ་འགྲོ་ཀུན་གྱི་ཚེ་དང་བསོད་ནམས་བྱེད་མའི་སྲོག་དང་ཚེའི་དངས་མ་བསྡུས་ནས་རང་ལ་བསྟིམ་ཞིང་ཁྱད་པར་དུ་རང་དང་བསྲུང་བྱའི་བླ་ཚེ་ལྷ་སྲིན་སྡེ་བརྒྱད་ཀྱིས་ཁྱེར་བ། རྦོད་གཏོང་མཁན་གྱིས་བཀུགས་པ་སོགས་ཀྱིས་འཁྱམས་པ་སྲིད་ན། དེ་ཉིད་རྒྱ་མཚོའི་གླིང་བར། རི་བོའི་ལྕོག་བར། ཉི་ཟླའི་ཐིམ་བར། སྤྲིན་གྱི་གོ་དབར། གཤིན་རྗེའི་ལྟོ་བ། ཆུ་སྲིན་གྱི་གྲེ་བ། བྱད་མའི་ཧོམ་ཁུང་། གཏད་ཀྱི་ལིང་ཁོག་གང་ན་གནས་ཀྱང་ཁྲོ་མོ་རྣམས་ཀྱི་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཏེ་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཕྲོག་ཧཱུྃ་གི་རྣམ་པར་བྱས་ནས་རང་དང་བསྲུང་བྱའི་སྙིང་ཁའི་ས་བོན་སྔགས་ཕྲེང་ནྲི་ཡིག་དང་བཅས་པ་ལ་ཐིམ་པས་ཆེས་ཆེར་གཟི་བརྗིད་འབར་ཞིང་དྲག་རྩལ་ནུས་མཐུ་ཐོགས་པ་མེད་པ་དང་ལྡན་པར་གྱུར་པར་བསམ་ཞིང་། ཧཱུྃ་བཛྲ་དྷཀྐི་ནི་སིངྷ་མུ་ཁ་ཧ་རི་ནི་ས་བདག་ཅག་སྲུང་བྱ་མི་ནོར་འཁོར་དང་བཅས་པ་སྲུངས་ཤིག་རཀྴ་རཀྵ་སིདྡྷི་སྭཱ་ཧཱ༔ ཧཱུྃ་བཛྲ་དྷཀྐི་ནི་སིངྷ་མུ་ཁ་ཧ་རི་ནི་ས་བཛྲ་ཧ་དེ་དུ་ལིང་ནག་མོས་སྲུངས༔ ཨེ་བུ་ཏ་མ་ཕཊ༔ བསྲུང་བཟློག་འདོན་བསྒྲིགས་ཚོར་བསྲུང་བའི་སྔགས་རྗེས་མ་འདི་ཆེར་མེད་པ་འདྲ་ཞིག་འདུག་ཀྱང་ཟབ་གནད་ཆེ་བས་འདིར་བཀོད་པ་ཡིན་པས་སྔགས་འདི་རྣམས་བརྒྱ་སྟོང་ཁྲི་འབུམ་སྐབས་བསྟུན་བཟླ་བར་བྱ་ཞིང་ཐུན་མཚམས་སུ་མཆོད་བསྟོད་གོང་ལྟར་བྱའོ། དེ་ནས་བཟློག་པའི་འདོན་སྒོམ་ནི། ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད་པ་ཙམ་གྱིས་བསྲུང་བའི་གཞལ་ཡས་ཁང་དེ་ཉིད་ཀྱང་ཁྲོ་ཆུ་ཞུན་མ་ལས་གྲུབ་པ་རྔམ་ཞིང་འཁྲུགས་པ་སྟོབས་ལྡན་རབ་ཏུ་འཇིགས་པའི་ཕོ་བྲང་དུ་གྱུར་ཏེ། དེའི་ཕྱི་རོལ་དུ་འཁོར་ལོ། རྡོ་རྗེ། གྲི་གུག །ཕུར་པ། དགྲ་སྟ། ཁ་ཊྭཱཾ། རལ་གྲི། མེ་རླུང་། སྟོང་པ་སྒྲ་ཡི་གུར་ཁུང་དང་བཅས་པ་ཐམས་ཅད་ཀྱང་འཁོར། རབ་ཏུ་འཁོར། འཁྲུག །རབ་ཏུ་འཁྲུགས། འཚེག །རབ་ཏུ་འཚེགས། སྐྱོད། རབ་ཏུ་བསྐྱོད་པས་གནོད་བྱེད་བྱད་མ་ལྷ་བསྲུང་གདོན་བགེགས་འབྱུང་པོ་ཐམས་ཅད་དམར་ཉལ་ཉལ་གཏུབས། བསྲུང་བའི་སྒྲུབ་བྱ་ཕོ་མོ་རྣམས་ཁྲོ་བོ་དང་ཁྲོ་མོ། ནོར་རྫས་ཞིང་ཁང་རྣམས་བཀྲ་ཤིས་པའི་རྫས་དང་། རྒྱལ་སྲིད་རིན་པོ་ཆེའི་རྣམ་པར་གསལ་ཞིང་། གཙོ་མོའི་སྤྲུལ་པ་འཁོར་ལས་བྱེད་བྱེ་བ་ས་ཡ་མང་པོའི་ཞལ་ནས་བཟློག་པའི་དྲག་སྔགས་འབྲུག་སྟོང་ལྡིར་བ་ཙམ་དུ་སྒྲོག་ཅིང་ཞལ་ཕྱིར་གཟིགས་ནས་བཟློག་པའི་ལས་མཛད་པར་གྱུར། གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་ཐུགས་ཀྱི་ངོ་བོ་རང་རྟགས་ཀྱི་ཕྱག་མཚན་ས་བོན་སོ་སོས་མཚན་པའི་མཐར་བཟློག་པའི་སྔགས་རྣམས་གཡོན་སྐོར་དུ་དྲག་ཏུ་འཁོར་བ་དེ་ལས་འོད་ཟེར་ཚ་ཞིང་རྩུབ་པ་འཕྲོས་པའི་སྣེ་ལ་རབ་གཏུམ་འཁྲུགས་པའི་ཁྲོ་མོ་མཚོན་ཆ་མི་བཟད་པ་ཐོགས་པ་འཇིག་རྟེན་གྱི་ཁམས་གང་བར་འཕྲོས་པས་བྱད་མ་དགྲ་བོའི་བསྲུང་བའི་གོ་བཤིག །ལྷ་བསྲུང་རང་གཤེད་ཕབས་ཏེ་མཚོན་ཆའི་ཆར་བབས་པས་བླ་སྲོག་རྟེན་དང་ཕྲལ། དགྲ་བགེགས་བྱད་མ་བན་བོན་ལྷ་བསྲུང་ཆོས་སྐྱོང་བའི་སྡེ་བརྒྱད་ཕྱི་ནང་གསང་བ་དང་བཅས་པ་ཐམས་ཅད་དབང་དུ་བསྡུས་ནས་རང་དབང་མེད་པར་བཀུག །བསྐྲད་གཟིར་མནན་བསྲེག་གཏུབས་ཏེ་མིང་ཡང་མེད་པར་ཐལ་བའི་རྡུལ་དུ་གཏང་། ཚེ་བསོད་རྣམས་ནྲི་ཡིག་དང་འོད་ཀྱི་རྣམ་པར་བྱས་ཏེ་རང་དང་བསྲུང་བྱར་བསྟིམས་པས་བཀྲག་མདངས་གཟི་བརྗིད་རྒྱས་པར་གྱུར་པར་བསམ་ལ། ཧཱུྃ་བཛྲ་དྷཀྐི་ནི་སིངྷ་མུ་ཧ་རི་ནི་ས་ཨ་ཀ་ས་མ་ར་ཙ་ཤ་ད་ར་ཡ་ཧཱུྃ་ཕཊཿ དགྲ་བགེགས་བྱད་མ་ལྷ་བསྲུང་དང་བཅས་པ་ཐམས་ཅད་ནྲི་ཏྲི་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅི་ནུས་བཟླས་མཐར། གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་ཐམས་ཅད་ཀྱི་ཕྱག་གཡས་གཡོན་རྣམས་སུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་དང་། གསེར་གྱི་འཁོར་ལོ་ིབས་སྟོང་དང་ལྡན་པ་དང་། ཟངས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་དང་། གནམ་ལྕགས་ལས་གྲུབ་པའི་སྤུ་གྲི་འབར་བའི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་དང་། གསལ་བྱེད་ཉི་ཟླའི་དཀྱིལ་འཁོར་ལ་སོགས་ཐོགས་པ་རྣམས་ཆ་ལང་རྡེབ་པའི་བར་དུ་དགྲ་བགེགས་བྱད་མ་ལྷ་བསྲུང་བན་བོན་ངན་པའི་ཚོགས་ཐམས་ཅད་དམར་ཕྲུ་ལུ་ལུར་བཅང་བས་ཤ་ཚལ་པ་ཁྲག་ཐིག་པ་གཅིག་ཀྱང་མ་ལུས་པར་བྱ་སྒྲོ་མེ་ལ་བཤུར་བའམ་ཐལ་བ་རླུང་ལ་ཕྱར་བ་ལྟར་སོང་བར་གྱུར། ན་མོ་མཆོག་གསུམ་རྒྱལ་བ་རྒྱ་མཚོ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཁྱད་པར་དུ་བདུད་སྡེའི་གཤེད་དུ་ཁྲོས་པ་དྲག་མོ་སེང་གེའི་གདོང་པ་ཅན་འཁོར་ཚོགས་སྤྲུལ་པ་ཡང་སྤྲུལ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། རིག་འཛིན་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པའམ་ནུས་མཐུ་ལ་བརྟེན་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་བྱུང་བའི་ནད་གདོན་བར་ཆད། ཆགས་ཆེ་ཉམ་ང་། ལོ་ཟླ་ཞག་དུས་ཀྱི་ཀེག་སྲི། དངོས་ཉམས་རྨི་ལམ་དུ་རྟགས་མཚན་རྟེན་འབྲེལ་ངན་པ། བྱུར་དང་བཀལ་ཡུག་བཀྲ་མི་ཤིས་པའི་མཚན་ངན་ཐམས་ཅད་དང་། ཕ་རོལ་གྱི་བན་བོན་སྔགས་པས་བཏང་བའི་རྦད་འདྲེ་རྦོད་གཏོང་རིགས་སྔགས་ཀྱི་སྦྱོར་བས་ཧོམ་ལ་བསྲེགས་པ། རླུང་ལ་བསྐོར་བ་ཆུ་ལ་བསྐྱུར་བ། ས་ལ་མནན་པ་སོགས་ཀྱི་ནུས་པ་ཐམས་ཅད་དང་། བཙུན་པ་སྔགས་པ་བོན་པོ་སོགས་ལས་ཉེས་པ་དམ་སྲི་འགོང་པོར་གྱུར་པའི་བསམ་ངན་སྦྱོར་རྩུབ་ཀྱི་ནུས་མཐུ་ཐམས་ཅད་བྱད་མ་མཁན་པོ་ཁོ་རང་རྣམས་ཀྱི་སྟེང་དུ་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག །ཐལ་མོ་ལན་དགུའམ་གསུམ་དུ་བརྡབ་ཅིང་བདེན་བརྗོད་ཀྱི་གྲངས་ཀྱང་དེ་དང་མཐུན་པར་བྱའོ། ཕཊ་ཧཱུྃ་ཡ་ར་མ་ས་ར་ད་ཤ་ཙ་ར་མ་ས་ཀ་ཨ༔ ཉུང་ཙམ་བཟླའོ། ཏིང་འཛིན་སྔགས་དང་ཕྱག་རྒྱ་བདེན་ནུས་ཀྱིས། །རྦད་འདྲེ་རྦོད་ཏོང་བྱད་མའི་ནུས་པ་ཀུན། །རང་གཤེད་ལ་ཕབ་རྡུལ་དུ་བཤིགས་བྱས་ནས། རྣམ་ཤེས་དབྱིངས་ཐིམ་གདོད་མའི་ས་ཐོབ་གྱུར། །ཨ་ཨ། ཅེས་བརྗོད་ཅིང་དགོངས་པ་ཅུང་ཟད་བསྐྱང་ངོ་། དེ་ལྟར་བསྲུང་བཟློག་ལ་བརྩོན་བར་བགྱིས་ན་གནས་སྐབས་མཐར་ཐུག་གི་ཕན་ཡོན་མཐའ་དག་གཞུང་བཤད་ཇི་བཞིན་ངེས་བར་འབྱུང་བ་ནི་ཐེ་ཚོམ་མེད་དོ། །རྗེས་ཀྱི་རིམ་པ་ནི། རྒྱུན་འཁྱེར་གྱི་བསྲུང་བཟློག་གི་ཚེ་གོང་དུ་བཤད་པའི་མཆོད་བསྟོད་བསྡུས་པ་བྱ་ཞིང་། ཡིག་བརྒྱས་བཟོད་པར་གསོལ། སྣོད་བཅུད་གུར་ཁང་གཞལ་ཡས་འཁོར་དང་བཅས། །འོད་དུ་ཞུ་ནས་རང་ཐིམ་སྔགས་ཕྲེང་དང་། །ཐུགས་སྲོག་ནཱ་དའི་བར་ཐིམ་འཇའ་ལྟར་ཡལ། །ཀ་དག་ཆོས་སྐུའི་ཀློང་དུ་ཨེ་མ་ཧོ། །སླར་ཡང་དེ་ཉིད་རྩལ་སྣང་འགག་མེད་ལས། །སྲུང་འཁོར་རྟེན་དང་བརྟེན་པར་བཅས་པ་ཀུན། །ཝལ་གྱིས་ཤར་བ་སྣང་སྟོང་གཉིས་མེད་ངང་། །སྒོ་གསུམ་རྡོ་རྗེ་གསུམ་གྱི་དཔལ་ལ་རོལ། སྨོན་ཤིས་ནི། དགེ་འདིས་བདག་གཞན་ལུས་ཅན་སྲིད་མཚོ་ལས། བསྒྲལ་ཏེ་མཁའ་སྤྱོད་གཙོ་མོའི་ས་ནོན་ཤོག །ཐུགས་རྗེ་བྱིན་རླབས་ནུས་མཐུ་ཡིད་བཞིན་ལྟར། །སྩོལ་མཛད་རྩ་གསུམ་རྒྱ་མཚོའི་བཀྲ་ཤིས་ཤོག །དེ་ལྟར་མཁའ་སྤྱོད་དྲག་མོའི་རིམ་གཉིས་ཀྱི། །ངང་ནས་ཞར་བྱུང་བསྲུང་བཟློག་བཙན་པོའི་མཁར། །འཇིག་བྲལ་རྡོ་རྗེ་ཕ་ལམ་ལས་གྲུབ་པ། །འདི་འདྲ་བརྩིགས་ལ་གཞོམ་མེད་ཡ་ལད་ཀྱི། །གོ་གྱོན་ཕ་རོལ་འབྱེད་དཀྲུག་བསྐྲད་གཟིར་མནན། །རབ་འབྱམས་མངོན་སྤྱོད་དྲག་པོའི་སྒྱོགས་ཆེན་པོ། །གནམ་ལྕགས་ཐོག་གིས་འགྲན་པར་ནུས་མིན་པའི། །རྣོ་མྱུར་དྲག་རྩལ་ངར་ལྡན་འདི་འདྲ་ཡིས། །མི་སྲུན་གདོན་བགེགས་འབྱུང་པོའི་བྲག་གི་རི། །ཕྱེ་མར་ཐོངས་ཤིག་རིགས་སྔགས་འཆང་བ་རྣམས། །རྙེད་དང་བཀུར་སྟི་མ་ད་ནའི་བཏུང་བ། །བཟང་ངན་འདེགས་འཇོགས་རྩལ་འགྲན་རིང་དོར་ཅིག །ཅི་ཕྱིར་དེང་སྐབས་གཞན་འཕྲུལ་བདག་པོའི་འཕྲུལ། །རང་གཞན་ཀུན་གྱི་ཀེ་ས་རར་ཞུགས་པ། །ངོས་མ་ཟིན་པར་གང་བྱུང་ཆོ་རོལ་གྱིས། །བསྲུང་བཟློག་གོ་མེད་གཅེར་བུ་མཚོན་ཐོགས་བཞིན། །གྲོང་ཆོག་འདྲེ་འདུལ་རེ་བས་དལ་མེད་དུ། །ཡང་ཡང་རྒྱུ་བ་རེ་ཞིག་བྲན་གྱུར་ཀྱང་། །རྒྱུད་གསུམ་དྲེགས་པའི་དེ་ཉིད་མ་རྟོག་ན། །ཡ་ངའི་ཉིང་མཚམས་སྦྱོར་བར་སྨོས་ཅི་དགོས། །དེ་སྐད་སྣང་བར་གང་དྲན་སུག་བྲིས་སུ། །བཀོད་པར་དགོས་ཆེད་དབེན་ཀྱང་ཤར་མར་དུ། །སྤེལ་བའི་ཞལ་འཕྲོས་ཙམ་ལགས་ངག་ཁྲིག་འདི། །གཏེར་ཆེན་མཆོག་དང་ཧོར་གྱི་ལོ་ཙ་བའི། །གསུང་རྩོམས་ལྟར་ལ་ལེགས་ཆས་བརྒྱན་ཏེ་བཀོད། །རང་བཟོ་མཆིས་ན་མཁའ་འགྲོའི་ཚོགས་ལ་འཆག །ཚུལ་འདི་སྔགས་འཆང་སྟོབས་ལྡན་མཆོག་གྲུབ་ཀྱིས། །བྲིས་དགེས་བསྟན་དང་འགྲོ་ཀུན་བདེར་སྤྱོད་ཤོག །མངྒཱ་ལམ། །


previousབདུད་འདུལ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་རྒྱུན་འཁྱེར་དང་སྲུང་བཟློག་གི་ངག་འདོན་དཀྱུས་སུ་བཀོད་པ་གནམ་ལྕགས་རྡོ་རྗེ་འབར་བའི་གུར་ཁང་།next