Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདུད་འདུལ་མཁའ་འགྲོའི་རྩང་གྱེར་མཚོན་ཆའི་འཕྲུལ་འཁོར།
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousབདུད་འདུལ་མཁའ་འགྲོའི་རྩང་གྱེར་མཚོན་ཆའི་འཕྲུལ་འཁོར།next

བདུད་འདུལ་མཁའ་འགྲོའི་རྩང་གྱེར་མཚོན་ཆའི་འཕྲུལ་འཁོར།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས། བདུད་འདུལ་མཁའ་འགྲོའི་རྩང་གྱེར་མཚོན་ཆའི་འཕྲུལ་འཁོར་བཞུགས། བླ་མ་དང་བདུད་འདུལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་གཉིས་སུ་མ་མཆིས་པ་ལ་ཕྱག་འཚལ་ལོ། །གཏོར་བཟློག་གི་བཅའ་གཞི་བཟློག་པའི་གཞུང་ལྟར་བྱས་པ་ལ། དུར་ཁྲོད་ཀྱི་འཇིམ་པས་ལྕགས་རི་བསྐོར་ཞིང་སྐྱེར་རྩང་ཟུར་གསུམ་པ་དུག་ཁྲག་གིས་སྦགས་པ་གྲངས་ལྡན་སྲིན་མོའི་འགྲོས་སུ་བཙུགས་པ་ལ་ཟློག་སྔགས་དང་། གང་གནོད་བཟློག་པའི་བྱང་བུ་གདགས། རྩེ་རྣམས་ལིང་ཆུང་དང་ཤ་དུམ་གྱིས་བརྒྱན་ཞིང་། རྒྱུ་མའི་ཞགས་པས་འཕྱང་འཕྲུལ་སྐ་རགས་བསྡམ། རང་དང་གཏོར་མ་བདུད་འདུལ་མར་གསལ་བ་ལ། རྩང་རྣམས་སྤྲུལ་པའི་མཁའ་འགྲོ་བྱེ་བ་ས་ཡ་དམ་ཅན་དྲེགས་པའི་ཚོགས་སུ་གསལ་བས་དགྲ་བགེགས་གནོད་བྱེད་ཐམས་ཅད་བཟློག་ཅིང་བསད་པའི་ལས་མཛད་པར་བསམས་ལ། རྔམ་བརྗིད་ཀྱི་རོལ་མོ་དང་བཅས་ཏེ་འདི་སྐད་དོ། །ཧཱུྃ་བྷྱོཿ ཆོས་དབྱིངས་མཁའ་འགྲོའི་ཞིང་ཁམས་ནས། །གདུལ་བཀའ་འདུལ་མཛད་ཁྲོ་མོའི་གཙོ། །མི་བསྲུན་རབ་འཇིགས་དྲག་མོའི་གཟུགས། །བདུད་འདུལ་དཔལ་གྱི་མཁའ་འགྲོ་མ། །འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས། །རབ་གཏུམ་ཁྲོས་པའི་སྐུར་བཞེངས་ལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །ཟློག་ཅིང་བསད་པའི་འཕྲིན་ལས་མཛོད། །ཧཱུྃ། གནམ་ལྕགས་འབར་བའི་གཏོར་གཞོང་དུ། །གདུག་རྩུབ་དྲག་པོའི་རྡོ་དམར་ལ། །གསང་ཆེན་མཁའ་འགྲོའི་རྡོ་སྒྱོགས་བཅས། །མ་རུངས་གདུག་པའི་དུག་ཁྲག་གིས། །གསང་བ་སྔགས་ཀྱི་ངར་ཡང་བཏགས། །དམ་ཉམས་དགྲ་བགེགས་བསྒྲལ་བ་ཡི། །ཤ་རི་སྤུངས་ཤིང་ཁྲག་མཚོ་བསྐྱིལ། །རྩེ་ལ་མཁའ་འགྲོའི་སྐུ་བརྙན་བཞུགས། །ལོགས་ལ་གསོད་པའི་ཐུན་རྫས་བཙུགས། །ཡེ་ཤེས་མཁའ་འགྲོའི་གཞལ་ཡས་སུ། །ཏིང་འཛིན་དམིགས་པས་བྱིན་གྱིས་བརླབས། །ཡེ་ཤེས་མཁའ་འགྲོའི་བཀའ་ཆད་ཟློག །འབུམ་ཕྲག་མཁའ་འགྲོའི་ཕོ་བྲང་དུ། །ཡེ་ནས་ཡིན་པར་ཡང་གསལ་བཏབ། །འབུམ་ཕྲག་མཁའ་འགྲོའི་ཆོ་འཕྲུལ་ཟློག །ཐ་མར་དུར་འཇིམ་ལྕགས་རིས་བསྐོར། །ཁོར་ཡུག་མུ་ཁྱུད་བར་མཚམས་མེད། །དུར་ཁ་བྱེ་བའི་དུར་སྲི་ཟློག །དུར་ཤིང་སྐྱེར་པའི་རྩང་ཕུར་ནི། །ཕུར་པ་འབར་བའི་དབལ་དུ་གཞོགས། །ཁྲག་སྣ་དུག་སྣས་རྣོ་ངར་བླུད། །སྡེ་བརྒྱད་དྲེགས་པའི་གདུག་རྩུབ་ཟློག །ཤ་ཟ་སྲིན་མོའི་འགྲོས་སུ་བཙུགས། །ལྷ་ཆེན་ཀུན་གྱི་དགྱེེས་སྡེ་མོ། །ཉི་ཤུ་བརྒྱད་ཀྱི་གདུག་རྩུབ་ཟློག །སྐུ་གསུམ་ཞིང་ཁམས་མཚོན་པའི་ཕྱིར། །དྲ་མིག་རིམ་པ་གསུམ་དུ་བརྩེགས། །མ་དག་འཁོར་བའི་སྣོད་བཅུད་འདི། །སྐུ་གསུམ་དག་པའི་ཞིང་དུ་ཟློག །སྲིད་པའི་དྲ་བ་བསྡོམ་པའི་ཕྱིར། །ཆོས་ཉིད་ཡེ་ཤེས་དྲ་བ་ནི། མིག་མང་རིས་ཀྱི་དབྱིབས་སུ་བྲེས། །འཁྲུལ་སྣང་ཡེ་ཤེས་དབྱིངས་སུ་ཟློག །ངེས་ལེགས་ཐར་བའི་སྒོ་འབྱེད་ཕྱིར། །ཤེས་རབ་ཆེན་པོའི་དྲ་མིག་གསལ། །ངན་འགྲོའི་གཡང་སར་འཕྱན་པ་ཡི། །བག་ཆགས་འཁྲུལ་བའི་ལོག་ཤེས་ཟློག །ཐུགས་རྗེས་རྒྱུད་དུ་འབྲེལ་བའི་ཕྱིར། །ལོག་འདྲེན་རྒྱུ་མའི་ཞགས་པས་བྲེས། །མཚན་མར་ལྟ་བའི་ཞེ་སྡང་བྱུར། །ཚད་མེད་སྙིང་རྗེའི་ངང་དུ་ཟློག །ཞིང་བཅུ་རྩད་ནས་གཅོད་པའི་ཕྱིར། རྩེ་ལ་དགྲ་བགེགས་རཱུ་པ་གཟེད། །སྲིད་གསུམ་གནས་པའི་ལོག་འདྲེན་ཀུན། །དམིགས་མེད་ཆོས་དབྱིངས་ཀློང་དུ་ཟློག །ཧཱུྃ། གདུག་རྩུབ་དྲག་པོའི་རྩང་ཕུར་གྱི། །ཡར་རྩེས་ཆོས་ཉིད་དབྱིངས་སུ་སླེབས། །དབྱིངས་ཀྱི་མཁའ་འགྲོ་ཁྲོས་པ་ཡི། །བཀའ་ཆད་ཆོས་ཉིད་དབྱིངས་སུ་ཟློག །མར་རྩེས་ངན་སོང་འགྲོ་དྲུག་ཁྱབ། །རིག་དྲུག་གནས་སུ་འཁོར་བ་ཡི། །རྒྱུ་དྲུག་རྩ་བའི་ཉོན་མོངས་ཟློག །རྒྱ་མདུད་མཁའ་འགྲོའི་ཕོ་བྲང་སྟེ། །ལས་དང་ཡེ་ཤེས་ཌཱ་ཀི་མའི། །བཀའ་ཡི་ཆད་པ་དབྱིངས་སུ་ཟློག །ཧཱུྃ། གདུག་རྩུབ་དྲག་པོའི་རྩང་ཕུར་གྱི། །ཡར་རྩེ་སྲིད་རྩེའི་བླ་ན་མཐོ། །མ་རིག་བདག་འཛིན་སྲིད་པའི་གཞི། །བདག་མེད་སྟོང་པའི་ཀློང་དུ་ཟློག །མར་རྩེས་ན་རག་དམྱལ་བ་གནོན། །ཚ་གྲང་དུཿཁ་འབྱུང་བའི་རྒྱུ། །ལས་སྤྱོད་ལོག་པའི་རྣམ་སྨིན་ཟློག །རྐེད་པ་ཁམས་གསུམ་གཞལ་ཡས་ཁང་། །འཁྲུལ་པར་སྤྱོད་པའི་ཁམས་གསུམ་འགྲོ། །མྱང་འདས་ཞི་བ་ཆེན་པོར་ཟློག །ཧཱུྃ། གདུག་རྩུབ་དྲག་པོའི་རྩང་ཕུར་གྱི། །ཡར་རྩེ་མི་མངོན་དབྱིངས་ན་མཐོ། །ཆོས་ཀུན་ངོ་བོ་སྟོང་པ་ཉིད། །མ་རྟོགས་འཁྲུལ་བའི་ལོག་ཤེས་ཟློག །མར་རྩེས་འབྱུང་བའི་ཁམས་རྣམས་ཁྱབ། །འབྱུང་བ་འཁྲུག་པའི་ལྡན་འདུས་ནད། །རང་བཞིན་ལྷུན་གྲུབ་ཀློང་དུ་ཟློག །རྒྱ་མདུད་སྟོང་གསུམ་ཟིལ་གྱིས་གནོན། །སྟོང་གསུམ་སྟོང་གི་འཇིག་རྟེན་གྱི། །མི་དང་མི་མིན་བྱེད་སྟེམས་ཟློག །ཧཱུྃ། གདུག་རྩུབ་དྲག་པོའི་རྩང་ཕུར་གྱི། །ཡར་རྩེར་སྐུ་གསུམ་སངས་རྒྱས་བཞུགས། །སྐུ་གསུམ་རང་ལ་ཡེ་གནས་པ། །མ་རྟོགས་འཁྲུལ་བའི་སྒྲིབ་གཡོགས་ཟློག །མར་རྩེས་དུག་གསུམ་ཨར་ལ་གཏད། །ཆགས་སྡང་རྨོངས་པའི་ཉོན་མོངས་དུག །རང་རིག་སྐུ་གསུམ་ཀློང་དུ་ཟློག །རྒྱ་མདུད་ཐབས་ཤེས་དབྱེར་མེད་ཞིང་། །ཡ་བྲལ་ལོག་པར་གོལ་བའི་ལམ། །དབྱེར་མེད་ཟུང་འཇུག་ཆེན་པོར་ཟློག །ཧཱུྃ། གདུག་རྩུབ་དྲག་པོའི་རྩང་ཕུར་གྱི། །ཡར་རྩེར་རིགས་ལྔའི་ལྷ་ཚོགས་བཞུགས། །ཁྲག་འཐུང་རིགས་ལྔའི་རྦོད་གཏོང་དང་། །ཕུང་ལྔ་ལྷ་ལྔའི་ཀློང་དུ་ཟློག །མར་རྩེས་དུག་ལྔ་དབྱིངས་སུ་བསྒྲལ། །ཉོན་མོངས་ལྔས་བསྐྱེད་འདྲེ་སྲིན་དང་། །དུག་ལྔ་ཡེ་ཤེས་ལྔ་རུ་ཟློག །རྐེད་པ་ཡེ་ཤེས་ལྔ་ལྡན་ཞིང་། །སྣང་ཞིང་སྲིད་པའི་བརྟན་གཡོ་ཀུན། །ལྔ་ལྡན་ཐིག་ལེའི་ཞིང་དུ་ཟློག །ཧཱུྃ། གདུག་རྩུབ་དྲག་པོའི་རྩང་ཕུར་གྱི། །ཡར་རྩེར་ཕ་བརྒྱུད་ལྷ་ཚོགས་བཞུགས། །ལྷ་རིགས་དེ་ཡི་རྦོད་གཏོང་དང་། །ཐབས་རྨོངས་བདེ་བ་ཆེན་པོར་ཟློག །མར་རྩེར་མ་བརྒྱུད་མཁའ་འགྲོ་འཁྲབ། །དེ་དང་དེ་ཡི་བྱད་ཟོར་དང་། །དངོས་འཛིན་ཁྱབ་བརྡལ་ཀློང་དུ་ཟློག །རྒྱ་མདུད་དཔའ་བོ་དཔའ་མོའི་ཞིང་། །དེ་དག་རྦད་པའི་མཐུ་བྱད་དང་། །དཔའ་བོ་དཔའ་མོའི་བསུན་མ་ཟློག །ཧཱུྃ། གདུག་རྩུབ་དྲག་པོའི་རྩང་ཕུར་གྱི། །ཡར་རྩེར་འདབ་ཆགས་བུ་ཡུག་འཚུབ། །མཁའ་སྡིང་བྱ་ལས་བྱུང་བ་ཡི། །ཐན་དང་ལྟས་ངན་ཐམས་ཅད༴ མར་རྩེར་མཆེ་ཅན་གཅན་གཟན་འདུ། །གཅན་གཟན་གདུག་པ་ལས་བྱུང་བའི། །ཐན་དང་ལྟས་ངན་ཐམས་ཅད༴ རྐེད་པར་སེང་འབྲུག་ཆུ་སྲིན་བརྔམ། །སྲོག་ཆགས་ཆེ་དགུ་ལས་བྱུང་བའི། །ཐན་དང་ལྟས་ངན་ཐམས་ཅད༴ ཧཱུྃ། གདུག་རྩུབ་དྲག་པོའི་རྩང་ཕུར་གྱི། །ཡར་རྩེར་ཐོག་གི་བུ་ཡུག་འཚུབ། །སྡེ་བརྒྱད་དྲེགས་པའི་ཆོ་འཕྲུལ་གྱིས། །གནམ་ལྕགས་ཐོག་དམར་འབེབས་པ༴ མར་རྩེར་ཆུ་འཁྱགས་སེར་ཆེན་འབེབས། །འབྲས་དྲུག་ལོ་ཏོག་འཇོམས་པ་ཡི། །ཆུ་རྒོད་འཁྱམས་པའི་སྐྱི་མདངས༴ རྐེད་པར་དྲག་མེ་དམར་ནག་འཚུབ། །བན་བོན་སྔགས་པའི་བྱད་མ་ཡིས། འབར་བའི་ཧོམ་ལ་བསྲེག་པ༴ ཧཱུྃ། གདུག་རྩུབ་དྲག་པོའི་རྩང་ཕུར་གྱི། ཡར་རྩེར་ཧཱུྃ་སྒྲས་ཁམས་གསུམ་གཡོ། །ཁྲོ་བོ་ཁྲོ་མོའི་གསང་སྔགས་ཀྱི། །འབྱིན་འཇུག་ཐེམས་ལ་བཅུག་པ༴ མར་རྩེར་ཕཊ་སྒྲས་སྲིད་གསུམ་འཁྲུག །དྲག་སྔགས་དམོད་པའི་སྤུ་གྲི་ཡིས། །སྲོག་ལ་མཚོན་ཆ་བརྡེག་པ༴ རྐེད་པར་བྷྱོ་བཟློག་སྟོང་གསུམ་བརླག །ངན་སྔགས་གདུག་པའི་རྨེ་འཐབ་ཀྱིས། །རྐང་མཐིལ་སྤྱི་བོར་བཏོན་པ༴ ཧཱུྃ། གདུག་རྩུབ་དྲག་པོའི་རྩང་ཕུར་གྱི། །ཡར་རྩེར་ཡུལ་ཆེན་ཉེར་བཞི་ཡི། །དཔའ་བོ་དཔའ་མོ་ཁྱུང་ལྟར་ལྡིང་། །ཡུལ་གྱི་ཐབས་དང་ཤེས་རབ་མའི། །བཀའ་ཆད་རྦོད་གཏོང་གདུག་རྩུབ༴ མར་རྩེར་གནས་མཆོག་སོ་གཉིས་ཀྱི། །དཔའ་བོ་དཔའ་མོ་སེང་ལྟར་འགྱིང་། །གནས་ཀྱི་ཐབས་དང་ཤེས་རབ་མའི། །བཀའ་ཆད་རྦོད་གཏོང་གདུག་རྩུབ༴ རྐེད་བར་དྲུར་ཁྲོད་ཆེ་བརྒྱད་ཀྱི། །དཔའ་བོ་དཔའ་མོ་སྟག་ལྟར་བརྔམ། །དུར་ཁྲོད་ཐབས་དང་ཤེས་རབ་མའི། །བཀའ་ཆད་རྦོད་གཏོང་གདུག་རྩུབ་ཟློག །ཧཱུྃ། གདུག་རྩུབ་དྲག་པོའི་རྩང་ཕུར་གྱི། །ཡར་རྩེར་ནད་གཏོང་མ་མོའི་ཚོགས། །དབྱར་གྱི་ཆར་སྤྲིན་ལྟ་བུར་འཁྲིགས། མ་མོ་མཁའ་འགྲོའི་ཁ་རླངས་ཀྱི། །ནད་སྤྲིན་རིམས་ནད་དལ་ཡམས་ཟློག །མར་རྩེར་ཤ་ཟ་མཁའ་འགྲོའི་ཚོགས། །མུན་པ་ནག་པོའི་སྨག་ལྟར་གཏིབས། །འདྲེ་སྲིན་ཡི་དྭགས་དམ་སྲི་མོས། །ཚེ་དང་སྲོག་ལ་འཇབ་པ་ཟློག །རྐེད་པར་གདུག་པའི་ཕྲ་མེན་མ། །བུ་ཡུག་རླུང་དམར་ལྟ་བུར་འཚུབ། །འབྱེད་བསྐྲད་དཀྲུག་སེལ་འཕུང་བཤིག་གི། ངན་ཐབས་ལས་ལ་སྦྱར་བ་ཟློག །ཧཱུྃ། གཞན་ཡང་བཟློག་ཅིང་བསྒྱུར་བ་ནི། ཚངས་པ་བརྒྱ་བྱིན་ཁྱབ་འཇུག་སོགས། །སྟེང་ཕྱོགས་ལྷ་ཡི་དལ་ཁ་ཡང་། །གདུག་རྩུབ་དྲག་པོའི་རྩང་གིས་ཟློག །དགའ་བོ་འཇོག་པོ་དུང་སྐྱོང་སོགས། །ཀླུ་ལ་གཏད་པའི་ཁྲམ་ཁ་ཡང་། །གདུག་རྩུབ་དྲག་པོའི་རྩང་གིས་ཟློག །ཁྱབ་འཇུག་ཉི་མ་ཟླ་བ་སོགས། །གཟའ་ཡི་གཟའ་ནད་ཀི་ཀང་ཡང་། གདུག་རྩུབ་དྲག་པོའི་རྩང་གིས་ཟློག །མ་མོ་མཁའ་འགྲོའི་ཁ་རླངས་ཀྱི། །རིམས་ནད་དལ་ཡམས་དམར་བཤལ་ཡང་། །གདུག་རྩུབ་དྲག་པོའི་རྩང་གིས་ཟློག །ལྷ་སྲིན་སྡེ་བརྒྱད་དྲེགས་པ་ཡིས། །གནོད་ཅིང་འཚེ་བའི་བསམ་སྦྱོར་ཡང་། །གདུག་རྩུབ་དྲག་པོའི་རྩང་གིས་ཟློག །འཆི་བདག་གཤིན་རྗེའི་སྡེ་ཚོགས་ཀྱིས། །བླ་སྲོག་ཁྲམ་ལ་བཏབ་པ་ཡང་། །གདུག་རྩུབ་དྲག་པོའི༴ བན་བོན་གདུག་པའི་བྱད་མ་ཡིས། །ངན་དགུ་དུག་བཅུའི་རྦོད་གཏོང་ཡང་། །གདུག་རྩུབ་དྲག་པོའི༴ སྲོག་བདག་རྒྱལ་པོའི་སྡེ་ཚོགས་ཀྱིས། །མྱོ་འབོག་བརྒྱལ་ནད་བཏང་བ་ཡང་། །གདུག་རྩུབ་དྲག་པོའི༴ གཤིན་རྗེ་འདུས་པའི་རིག་སྔགས་ཀྱིས། །རླུང་ལ་འཁོར་ལོ་བསྐོར་བ་ཡང་། །གདུག་རྩུག་དྲག་པོའི༴ མགོན་པོའི་པར་བུ་བསྐོར་བ་དང་། །ཐོད་པ་ནག་པོར་བཅུག་པ་ཡང་། །གདུག་རྩུབ་དྲག་པོའི༴ ཕྲ་མེན་མ་ཡི་ཉེ་འབྱེད་དང་། །ཁང་དུར་ཞིང་སེལ་བཅུག་པ་ཡང་། །གདུག་རྩུབ་དྲག་པོའི༴ ཡེ་ཤེས་ལས་དང་འཇིག་རྟེན་པའི། །ལྷ་བསྲུང་རྦད་པའི་བྱོལ་ཁ་ཡང་། །གདུག་རྩུབ་དྲག་པོའི༴ འབྱུང་བ་ཆེན་པོ་རྣམ་པ་བཞིས། །ལས་ལ་སྦྱར་བའི་རྦོད་གཏོང་ཡང་། །གདུག་རྩུག་དྲག་པོའི༴ རྣལ་ཟློག་དཀྲུག་སྡེབས་དྲག་སྔགས་ཀྱིས། །སྲོག་ལ་མཚོན་ཆ་བསྐོར་བ་ཡང་། །གདུག་རྩུབ་དྲག་པོའི༴ བྱོལ་སྔགས་ཐུན་གཏོར་དུག་ཁྲག་བླང་། །དམོད་ཟོར་ལ་སོགས་ཟོར་སྣ་ཀུན། །གདུག་རྩུབ་དྲག་པོའི༴ ཕོ་བདུད་མོ་བདུད་སྤྱི་བདུད་སོགས། །ཡས་ཀྱི་བདུད་དུ་གཡོས་པ་ཡང་། །གདུག་རྩུབ་དྲག་པོའི་རྩང་གིས་ཟློག །ཆེ་སྲི་ཆུང་སྲི་དར་སྲི་སོགས། །མས་ཀྱི་སྲི་རུ་ལངས་པ་ཡང་། །གདུག་རྩུབ་དྲག་པོའི༴ ཐེའུ་རང་འགོང་པོ་བསེ་རགས་ཀྱིས། །ཕུགས་ཀྱི་སྲིས་ལ་བརྐུ་བ་ཡང་། །གདུག་རྩུབ་དྲག་པོའི༴ ཉེས་གསུམ་འདུ་བ་འཁྲུགས་པ་ཡི། །བཞི་བརྒྱ་རྩ་བཞིའི་ལུས་ཀྱི་ནད། །གདུག་རྩུབ་དྲག་པོའི༴ ལོག་པར་འདྲེན་པའི་མ་རུངས་པ། །སྟོང་ཕྲག་བརྒྱད་ཅུ་བགེགས་ཀྱི་རིགས། །གདུག་རྩུབ་དྲག་པོའི༴ བཀྲ་མི་ཤིས་ཤིང་ཡིད་མི་འོང་། །མཚན་ལྟས་ངན་པ་བརྒྱད་ཅུ་གཅིག །གདུག་རྩུབ་དྲག་པོའི་རྩང་༴ ལུས་དང་སྲོག་ལ་རྒོལ་བ་ཡི། །རྐྱེན་ངན་ཉི་ཁྲི་ཆིག་སྟོང་ཡང་། །གདུག་རྩུབ་དྲག་པོའི༴ གནོད་ཅིང་འཚེ་བའི་མི་མཐུན་ཚོགས། །གློ་བུར་བདུན་བརྒྱ་ཉི་ཤུ་ཡང་། །གདུག་རྩུབ་དྲག་པོའི༴ རྣམ་པར་འཚེ་བའི་ཐོག་བབ་བྱུར། །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་ཡང་། །གདུག་རྩུབ་དྲག་པོའི༴ ལང་ཚོ་མ་སྨིན་གཞོན་ནུའི་གཤེད། །བྱིས་པའི་གདོན་ཆེན་བཅོ་ལྔ་ཡང་། །གདུག་རྩུབ་དྲག་པོའི༴ ཧུར་ཐུམ་སྲོག་ལ་རྒོལ་བ་ཡིས། །དུས་མིན་འཆི་བ་རྣམ་བརྒྱད་ཀྱང་། །གདུག་རྩུབ་དྲག་པོའི༴ སྐག་ཆེན་བཅོ་ལྔས་གདན་ཉམས་པའི། །ཕྱི་ལྤགས་རལ་བ་གནམ་ལོའི་སྐག །གདུག་རྩུབ་དྲག་པོའི༴ སྐག་ཕྲན་བཞི་དང་དགུ་དུར་གྱིས། །བར་ཤ་སྣད་པ་སྨེ་བའི་སྐག །གདུག་རྩུབ་དྲག་པོའི༴ བུག་འཕུང་ཡོ་འཁྱོམས་སྐྱ་མདའ་ཟུག །ནང་རུས་ཆགས་པ་སྤར་ཁའི་སྐག །གདུག་རྩུབ་དྲག་པོའི༴ བློན་པོ་དམག་མི་མཚོན་ཆ་སྟེ། །ཟླ་ཞག་དུས་ཀྱི་མི་མཐུན་སྐག །གདུག་རྩུབ་དྲག་པོའི༴ སྲོག་ལུས་དབང་ཐང་སྤར་སྨེ་བླར། །རྩིས་བྱས་རྡེའུ་ནག་རྡེའུ་རོ་བུད། །གདུག་རྩུབ་དྲག་པོའི༴ མོ་པྲ་ལ་ཉེ་རྨི་ལམ་ལ། །ངན་པར་ཤར་བའི་མཚན་མ་ཡང་། །གདུག་རྩུབ་དྲག་པོའི༴ ཕོ་གྲལ་མོ་གྲལ་ཆོས་གྲལ་ནས། །གླེང་བའི་མི་ཁ་སྨྲ་མཆུ་ཡང་། །གདུག་རྩུབ་དྲག་པོའི༴ ཁ་སྨྲས་གྱོད་ཐུག་རྒྱ་འདྲེ་ཡི། །དགྲ་སྣ་ཁ་མཆུ་ཟུག་པ་ཡང་། །གདུག་རྩུབ་དྲག་པོའི༴ བརྟན་དང་གཡོ་བའི་དངོས་པོ་ལས། །རྣམ་པར་བྱུང་བའི་ལྟས་ངན་ཡང་། །གདུག་རྩུབ་དྲག་པོའི༴ སྔོན་གྱི་ལས་དང་འཕྲལ་རྐྱེན་གྱིས། །བྱས་ཚད་ལོག་པར་འགྲོ་བ་ཡང་། །གདུག་རྩུབ་དྲག་པོའི་རྩང་གིས་ཟློག །མདོར་ན་ཤེས་བྱར་སྲིད་པ་ཡི། །མི་མཐུན་གནོད་པ་མཆིས་སོ་ཅོག །གདུག་རྩུབ་དྲག་པོའི་རྩང་གིས་ཟློག །ཧཱུྃ། རྣོ་དབལ་ངར་ལྡན་དམར་ནག་རྩང་། །ཕྱི་ནི་རྩུབ་འགྱུར་འབར་བའི་མཚོན། །ནང་ནི་དྲེགས་བྱེད་ཕོ་མོའི་ཞིང་། །གསང་བ་ཡེ་ཤེས་གཞལ་ཡས་ཁང་། །རྟེན་འབྲེལ་ཟབ་མོའི་འཁྲུལ་འཁོར་ལས། །ཏིང་འཛིན་སྔགས་རྒྱས་བྱིན་བརླབས་ནས། །ཆོས་སྐྱོང་ཕོ་ཉའི་རྟེན་དུ་བཙུགས། །མ་མོ་མཁའ་འགྲོའི་རྫོང་དུ་བརྩིགས། །སྡེ་བརྒྱད་དྲེགས་པའི་མཚོན་ཆར་བརྡུངས། །ཁྲོ་བོ་ཁྲོ་མོའི་མཐུ་སྟོབས་དང་། །མ་མོ་མཁའ་འགྲོའི་དྲག་ཤུལ་དང་། །དམར་ནག་རྩང་གི་རྣོ་དབལ་གྱིས། །བསྟན་དང་བླ་མ་རྣལ་འབྱོར་ལ། །རྣམ་པར་སྡང་བའི་སྤྱི་སྒོས་དགྲ། །ཕོ་ཉས་ཁུག་ལ་མཚོན་ཆས་སྒྲོལ། །ཤ་རུས་རྐང་ལ་བརྔམ་ཟོས་གྱིས། མིང་ཤུལ་རྗེས་མེད་ཁ་ཕུང་ཐོང་། །བྱང་ཆུབ་བསྒྲུབ་པའི་བར་ཆད་བགེགས། །འདི་དང་ཕྱི་མ་གར་བྱུང་ཡང་། །དམིགས་པ་མེད་པར་རྒྱ་ཡིས་ཐོབ། །ལུས་དང་སྲོག་ལ་རྒོལ་བའི་འདྲེ། །ཕྱོགས་བཞི་མཚམས་བརྒྱད་གར་གནས་ཀྱང་། །ཐུགས་རྗེའི་སྟོབས་ཀྱིས་རྡུལ་དུ་རློག །བྱོལ་ཁ་རྦོད་ཟོར་གཏོང་བ་ཡི། །བྱད་མ་རང་གཤེད་རང་ལ་ཐོབ། །མི་མཐུན་ཕྱོགས་རྣམས་ཐམས་ཅད་ལས། །རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་རྦད། །བྷྱོ་བྷྱོ། ཟློག་ཟློག །ཅེས་བདུད་འདུལ་ནག་མོའི་ཆོས་བཀའི་རབ་ཏུ་གསང་ཟློག་པའི་སྐབས་སུ་རྩང་འཛུགས་པའི་གསལ་ཁ་དང་། རྩང་གྱེར་གསལ་བར་མ་བཤད་ཀྱང་། གཏེར་སྟོན་མཆོག་གི་སྤྲུལ་པའི་སྐུ་ཉིད་གྱིས་རྩང་འཛུགས་ཀྱི་ཕྱག་ལེན་དང་། དེའི་འཕྲིན་ལས་ཀྱང་ཟབ་ཏིག་ནས་ལེན་པར་མཛད་པ་ལ། བདག་ལ་འདི་ལྟ་བུ་ཞིག་གྱིས་ཤིག་པར་བཀས་གནང་བ་ལྟར། །དྲག་པོ་སྔགས་ཀྱི་རིག་པ་འཛིན་པ་ཧོར་གྱི་སྔགས་ནག་གིས། སྔ་འགྱུར་རྡོ་རྗེ་ཐེག་པའི་མཁའ་འགྲོའི་ཟབ་ཆོས་ཤིན་ཏུ་ང་བ་དང་སྒོ་བསྟུན་ཏེ། བྱང་སྡང་རྡོ་དབང་པོའི་སྐྱེད་ཚལ་དུ་སྦྱར་བ་འདིས་ཀྱང་ཟབ་གསང་གི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།


previousབདུད་འདུལ་མཁའ་འགྲོའི་རྩང་གྱེར་མཚོན་ཆའི་འཕྲུལ་འཁོར།next