Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གསེར་སྐྱེམས་བདུད་རྩིའི་རོལ་མཚོ།
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousགསེར་སྐྱེམས་བདུད་རྩིའི་རོལ་མཚོ།next

གསེར་སྐྱེམས་བདུད་རྩིའི་རོལ་མཚོ།

བདུད་འདུལ་མཁའ་འགྲོའི་ཟབ་ཆོས་ཀྱི། །གསེར་སྐྱེམས་བདུད་རྩིའི་རོལ་མཚོ་བཞུགས། །ཐུགས་རྗེའི་ཟིལ་ཆེན་ཆེར་རྒྱས་པའི། །གཟི་བརྗིད་ཉི་མ་བརྒྱར་འབར་བས། །སྙིགས་མའི་མུན་ཆེན་དཔུང་གཞོམ་པའི། །གྲགས་དཀར་གསལ་བའི་མགོན་དེས་སྐྱོངས། །གསང་ཆེན་མཁའ་འགྲོ་ཁྲོས་པའི་སྒྱོགས། །ལྷ་སྔགས་རོལ་པའི་གནམ་ལྕགས་ཐོག །བདུད་དཔུང་བཤིག་པའི་ཆ་རྐྱེན་དུ། །གསེར་སྐྱེམས་བདུད་རྩིའི་རོལ་མཚོར་བསྐྱིལ། །དེ་ཡང་རིན་པོ་ཆེའི་སྣོད་དུ་གཙང་མའི་ཕུད་ལ་རིན་པོ་ཆེ་སྣ་ཚོགས། ཤ་ཁྲག་གིས་མ་གོས་པའི་སྨན། དཀར་མངར་གྱི་ཟས། གཙང་མའི་འབྲུ་སྣ་སོགས་བཏབ་ལ། ཨཱོཾ་ཨཱཿཧཱུྃ་གིས་ཟག་མེད་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ལ། ཧཱུྃ། ཟབ་ཡངས་རབ་མཛེས་འབར་བའི་རིན་ཆེན་སྣོད། །འབྲུ་བཅུད་རྐྱེན་སྦྱར་བདུད་རྩིའི་བཅུད་ཀྱིས་གཏམས། །འབྲུ་སྨན་རྩི་བཅུད་དཀར་མངར་རིན་ཆེན་སྦྱར། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་འཕྲུལ་འཁོར་གྱིས། །འཆི་མེད་བདུད་རྩི་མཆོག་ཏུ་བྱིན་གྱིས་བརླབས། །ཧཱུྃ། ཕན་བདེའི་གཏེར་ཆེན་བསླུ་མེད་དཀོན་མཆོག་གསུམ། །རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོ་རྣམས། །འཆི་མེད་བདུད་རྩིའི་གསེར་སྐྱེམས་འདི་བཞེས་ལ། །ཚེ་རབས་གཏན་གྱི་མགོན་དང་སྐྱབས་གནས་མཛོད། །འཇིག་རྟེན་འདས་དང་སྲིད་པ་པར་སྣང་བའི། །བསྟན་དང་དེ་འཛིན་སྐྱོང་བའི་སྲུང་མ་རྣམས། །འཆི་མེད་བདུད་རྩིའི་གསེར་སྐྱེམས་འདི་བཞེས་ལ། །བསྟན་དང་བདག་ལ་སྡང་བའི་དགྲ་བགེགས་སྒྲོལ། །དྲེགས་པ་སུམ་བཅུ་སྔགས་བདག་བཅོ་བརྒྱད་སོགས། །སྣང་ཞིང་སྲིད་པའི་ལྷ་སྲིན་སྡེ་བརྒྱད་རྣམས། །འཆི་མེད༴ སྒྲུབ་པོའི་མཐུ་དཔུང་མཛོད་ལ་དགྲ་དཔུང་ཤིག །ཕྱོགས་བཅུའི་འཇིག་རྟེན་སྐྱོང་བའི་ཕྱོགས་སྐྱོང་བཅུ། །འཆི་མེད༴ སྐུ་གཟུར་ལམ་ཕྱེ་སྒྲུབ་པོའི་གྲོགས་མཛོད་ལ། །ཕྱོགས་བཅུའི་དགྲ་བགེགས་ཐམས་ཅད་རྡུལ་དུ་རློག །ལོ་ཟླ་ཞག་དུས་སྤར་ཁ་སྨེ་བ་ལ། །འཁོར་ཞིང་དབང་བའི་ས་བདག་རྒྱལ་བློན་རྣམས། །འཆི་མེད༴ ཀོ་ལོང་སྤོང་ལ་སྐུ་བཟུར་ཟོར་ལམ་ཕྱེ། །ཕྱོགས་འདིར་གནས་པའི་གཞི་བདག་ཡུལ་གྱི་ལྷ། །ས་བདག་ཀླུ་གཉན་མ་ལུས་ཐམས་ཅད་ཀྱང་། །འཆི་མེད༴ དྲག་པོའི་ཟོར་ལམ་ཕྱེས་ལ་ཟོར་སྣ་དྲོངས། །མིང་དུ་མ་ཐོན་ལམ་དུ་འཁོད་པ་ཡི། །མདོས་དང་ཟོར་ལ་འཁྲེན་པའི་ལྷ་འདྲེ་རྣམས། །འཆི་མེད༴ ཟོར་ལ་སྐུ་བཟུར་རུ་ང་ཕྲག་དོག་སྤོངས། །མདོར་ན་སྣང་སྲིད་ལྷ་འདྲེའི་སྡེར་གཏོགས་པའི། །རིས་སུ་མ་ཕྱེའི་འབྱུང་པོ་ཆེ་ཕྲ་ཀུན། །འཆི་མེད༴ ཀོ་ལོང་གདུག་སེམས་ཕྲག་དོག་ཡོངས་སྤོང་ལ། །སྒྲུབ་པོའི་སྡོང་དང་གྲོགས་ལ་དཔུང་བསྐྱེད་དེ། །དགྲ་བགེགས་རྩད་ནས་གཅོད་པའི་འཕྲིན་ལས་མཛོད། །ཅེས་གསེར་སྐྱེམས་ཕུལ་ལ་ཟོར་ལམ་དབྱེ། དེ་ནས་ནང་སྒོ་དབྱེ་བ་ནི། ཧཱུྃ། རབ་འཇིགས་མཁའ་འགྲོའི་ཕོ་བྲང་གི། ཤར་ཕྱོགས་སྒོ་མ་ཁྭ་གདོང་མ། །ལས་བྱེད་ཁྭ་གདོང་འབུམ་གྱིས་བསྐོར། །ཁམས་གསུམ་འགུགས་པའི་ལྕགས་ཀྱུ་དང་། །ཚད་མེད་སྙིང་རྗེའི་ལྡེ་མིག་གིས། །གཞལ་ཡས་ཆེན་པོའི་ཤར་སྒོ་ཕྱེ། །རྡོ་རྗེ་མཁའ་འགྲོའི་བཀའ་ཆད་དང་། །དྲི་ཟ་ཕོ་མོའི་དལ་ཡམས་གདོན། །གདུག་རྩུབ་ལྟས་ངན་དགྲ་ལ་བསྒྱུར། །ཧཱུྃ། རབ་འཇིགས་མཁའ་འགྲོའི་ཕོ་བྲང་གི། ལྷོ་ཕྱོགས་སྒོ་མ་ཕག་གདོང་མ། །ལས་བྱེད་ཕག་གདོང་འབུམ་གྱིས་བསྐོར། །སྲིད་གསུམ་འཆིང་བའི་ཞགས་པ་དང་། །བྱམས་པ་ཆེན་པོའི་ལྡེ་མིག་གིས། །གཞལ་ཡས་ཆེན་པོའི་ལྷོ་སྒོ་ཕྱེ། །རིན་ཆེན་མཁའ་འགྲོའི་བཀའ་ཆད་དང་། །གཤིན་རྗེ་ཕོ་མོའི་དལ་ཡམས་གདོན། །གདུག་རྩུབ་ལྟས་ངན་དགྲ་ལ་བསྒྱུར། །ཧཱུྃ། རབ་འཇིགས་མཁའ་འགྲོའི་ཕོ་བྲང་གི། །ནུབ་ཕྱོགས་སྒོ་མ་ཁྱི་གདོང་མ། །ལས་བྱེད་ཁྱི་གདོང་འབུམ་གྱིས་བསྐོར། །སྟོང་གསུམ་སྡོམས་པའི་ལྕགས་སྒྲོག་དང་། །དགའ་བ་ཆེན་པོའི་ལྡེ་མིག་གིས། །གཞལ་ཡས་ཆེན་པོའི་ནུབ་སྒོ་ཕྱེ། །པདྨ་མཁའ་འགྲོའི་བཀའ་ཆད་དང་། །ཀླུ་དབང་ཕོ་མོའི་དལ་ཡམས་གདོན། །གདུག་རྩུབ་ལྟས་ངན་དགྲ་ལ་བསྒྱུར། །ཧཱུྃ། རབ་འཇིགས་མཁའ་འགྲོའི་ཕོ་བྲང་གི། །བྱང་ཕྱོགས་སྒོ་མ་འུག་གདོང་མ། །ལས་བྱེད་འུག་གདོང་འབུམ་གྱིས་བསྐོར། །འཁོར་བ་ཡོངས་སྒྲོལ་དྲིལ་བུ་དང་། །བཏང་སྙོམས་ཆེན་པོའི་ལྡེ་མིག་གིས། །གཞལ་ཡས་ཆེན་པོའི་བྱང་སྒོ་ཕྱེ། །ལས་ཀྱི་མཁའ་འགྲོའི་བཀའ་ཆད་དང་། །གནོད་སྦྱིན་ཕོ་མོའི་དལ་ཡམས་གདོན། །གདུག་རྩུབ་ལྟས་ངན་དགྲ་ལ་བསྒྱུར་། ཞེས་དབྱེ། དེ་ནས། ཨཱོཾ་བཛྲ་དྷཀྐི་ནི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་གཏོར་མའི་ལྷ་ཚོགས་ལ་མཆོད་ཅིང་། དཔལ་ལྡན་ཐུགས་ཀྱི་ལྷ་མོ་ནི། །དྲག་མོ་སེངྒེའི་གདོང་པ་ཅན། །ཡེ་ཤེས་མེ་ཡི་འོད་ཟེར་འཕྲོ། །སེང་གེའི་གདོང་ཅན་མཁའ་འགྲོར་བསྟོད། །ཅེས་པས་ཀྱང་བསྟོད་ཅིང་གཏོར་མ་དང་ཙཀ་ལི་ལ་དབང་བཞི་བླངས། ཡེ་ཤེས་པ་ནམ་མཁར་གཏེག །དམ་ཚིག་པ་རང་ལ་བསྡུ། །དེ་ནས་བཞེངས་གསོལ་གྱི་ཚིག་གིས་གནད་ནས་བསྐུལ་བའི་ཚེ། སླར་ཡང་གཏོར་ཆེན་བདུད་འདུལ་ཡེ་ཤེས་ཀྱི་མཁའ་འགྲོའི་ལྷ་ཚོགས་འཁོར་མཁའ་འགྲོ་བྱེ་བ་འབུམ་སྡེ། །སྣང་སྲིད་ཀྱི་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་དཔུང་སྲ་བའི་གོ་གྱོན། རྣོ་བའི་མཚོན་ཐོགས་པ་འཇིག་རྟེན་གྱི་ཁམས་གང་བ་རྣམས་དཔའ་གཏུམ་རབ་ཏུ་འཁྲུག་པའི་ཞེ་སྡང་དྲག་པོས་དགྲ་བགེགས་ལོག་པར་འདྲེན་པའི་སྟེང་དུ་དྲག་པོའི་དམག་ལ་ཆས་པར་བསམ་ཞིང་། ཧཱུྃ་བྷྱོ་བདུད་སྡེ་དཔུང་བཅས་འདུལ་བའི་ལྷ། །མི་བསྲུན་དྲག་མོ་སེང་གདོང་མ། །གཙོ་དང་འཁོར་དུ་བཅས་པ་རྣམས། །བཞེངས་ཤིག་འབར་བའི་ཀློང་ནས་བཞེངས། །ལོག་འདྲེན་མཐའ་དག་འདུལ་བའི་ཕྱིར། །ཆོས་ཉིད་ཞི་བ་དྲག་པོར་བཞེངས། །ཉམས་པའི་སྲོག་དབུགས་འཕྲལ་བའི་ཕྱིར། །ཕྱག་མཚན་ཐམས་ཅད་མཚོན་ཆར་བཞེངས། །ཐ་མལ་སྣང་ཞེན་སྦྱང་བའི་ཕྱིར། །སྣང་སྲིད་ཐམས་ཅད་ཁྲོ་མོར་བཞེངས། །ངག་རླུང་གསུང་དུ་གནས་བསྒྱུར་ཕྱིར། །སྒྲ་གྲག་དྲག་པོའི་སྔགས་སུ་བཞེངས། །ཀུན་གཞི་བག་ཆགས་རྒྱུན་གཅོད་ཕྱིར། །དྲན་རྟོག་ཐམས་ཅད་ཆོས་སྐུར་བཞེངས། །མ་རིག་གཉིས་འཛིན་ལས་བྱུང་བའི། །དགྲ་འདྲེ་བྱུར་གསུམ་འདུལ་བའི་ཕྱིར། །རིགས་བདག་ཐོད་ཕྲེང་ཡབ་ཡུམ་བཞེངས། །དུག་ལྔའི་རང་མདངས་ཕྱིར་ཤར་བའི། །མི་དང་མི་མིན་འདུལ་བའི་ཕྱིར། །རིགས་ལྔའི་མཁའ་འགྲོ་འཁོར་བཅས་བཞེངས། །གནས་སྐབས་མཐར་ཐུག་ཀུན་གྱི་གེགས། །བདུད་བཞི་ཤུགས་ཀྱིས་སྒྲོལ་བའི་ཕྱིར། །རབ་འཇིགས་ཤུགས་འགྲོ་མ་བཞི་བཞེངས། །འཁྲུལ་པར་སྤྱོད་པའི་དགྲ་དང་བགེགས། །ཚད་མེད་རྣམ་བཞིས་འདུལ་བའི་ཕྱིར། །སྒོ་སྐྱོང་དྷཀྐི་སྡེ་བཞི་བཞེངས། །ཐབས་ཤེས་གཉིས་སུ་མེད་པ་ཡིས། །ཁམས་གསུམ་འཁོར་བ་དོང་སྤྲུག་ཕྱིར། །ཁྲོ་བོ་ཁྲོ་མོ་ཐམས་ཅད་བཞེངས། །ཞིང་བཅུ་མཐའ་དག་སྒྲོལ་བའི་ཕྱིར། །གནས་ཡུལ་དུར་ཁྲོད་ཚནྡྷོ་ཧའི། །དཔའ་བོ་དཔའ་མོ་ཐམས་ཅད་བཞེངས། །དམིགས་པའི་ཡུལ་དུ་གྱུར་པ་ཡི། །དགྲ་བགེགས་མ་ལུས་གཞོམ་པའི་ཕྱིར། །ཆོས་སྐྱོང་དམ་ཅན་ཐམས་ཅད་བཞེངས། །སྲིད་གསུམ་ལོག་འདྲེན་མ་ལུས་པ། །དྲག་པོའི་སྟོབས་ཀྱིས་འདུལ་བའི་ཕྱིར། །སྡེ་བརྒྱད་དྲེགས་པ་ཐམས་ཅད་བཞེངས། །ཧཱུྃ། བདུད་འདུལ་མཁའ་འགྲོ་ཁྲོས་པ་ཡིས། །དམག་ཚོགས་ལས་ལ་ཆས་པའི་ཚེ། །འཇིགས་པའི་དམག་ཚོགས་ཉེ་རེ་རེ། །སྣང་སྲིད་ཐམས་ཅད་ཕྱུར་བུར་འགེངས། །ཁྲོས་པའི་གད་རྒྱང་ཡ་ལ་ལ། །ཧཱུྃ། ཕཊ་ང་རོས་སྟོང་གསུམ་འགེངས། །རྣོ་མཚོན་སོ་བདར་ཡམས་སེ་ཡམ། །དངོས་མེད་མཁའ་ཡང་གཅོད་སྙམ་བྱེད། །གནམ་ལྕགས་ཐོག་སེར་ཉི་ལི་ལི། །མ་རུངས་འབྲུག་སྒྲས་ཁོར་ཡུག་འབེར། །འདབ་ཆགས་གཅན་གཟན་ཚུབས་སེ་ཚུབ། །མཆེ་སྡེར་བརྡར་ཞིང་དགྲ་ཤ་ཟ། །དགྲ་བསད་ཤ་ཁྲག་ཉི་ལི་ལི། །ཤ་རི་ཁྲག་མཚོས་ས་གཞི་ཁྱབ། །དྲེགས་བྱེད་ཕོ་མོ་དཔུངས་སེ་དཔུང་། །གདུག་རྩུབ་དྲག་པོས་དགྲ་ལ་བརྔམ། །ལྷ་སྲིན་སྡེ་བརྒྱད་ཤ་ར་ར། གསོད་གཅོད་གཏུབས་པའི་ལས་ལ་བྲེལ། །ལས་བྱེད་ཕོ་ཉ་ཁྱུགས་སེ་ཁྱུག །གློག་འགྱུ་ཙམ་གྱིས་སྟོང་གསུམ་བསྐོར། །ཧཱུྃ། བདུད་འཇོམས་ཁྲོ་མོའི་དམག་ཚོགས་རྣམས། །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །དགྲ་བོའི་མི་ནོར་ཕྱགས་མས་ཕྱོགས། །བྷྱོ་བྷྱོ་གནོད་པའི་བགེགས་ལ་བྷྱོ། །བགེགས་དཔུང་ཐལ་བའི་རླུང་ལ་ཕྱོར། །བྷྱོ་བྷྱོ་བར་ཆད་རྐྱེན་ལ་བྷྱོ། །འགལ་རྐྱེན་བར་ཆད་དབྱིངས་སུ་ཟློག །བྷྱོ་བྷྱོ་བྱད་མའི་སྟེང་དུ་བྷྱོ། །ཁ་ཕུང་རྗེས་མེད་དུས་མཐའ་བཏུལ། །གཟུགས་ཕུང་མཚན་མ་བཀོད་ནས་ནི། །མིང་བྱང་དམར་ལ་བཏབ་པ་ཡི། །ཡིད་ལ་བརྣག་པའི་དགྲ་བགེགས་ལ། །རྣོ་ངར་མཚོན་ཆའི་ཆར་པ་ཕོབ། །ངན་སྔགས་གདུག་པའི་དུག་མདའ་འཕོངས། །དལ་ཡམས་ནད་ཀྱི་རྐྱལ་པ་བྱོས། །བྱད་ཐག་ཚོན་གྱི་དྲུ་གུ་ཁྱོངས། །ནད་སྤྲིན་མ་མོའི་ཁ་རླངས་ཕོབ། །ལྷ་སྲིན་དྲེགས་པའི་དམག་སྒར་ཐོབ། །ཤ་ལ་ཁྲོ་བོས་རྔམ་ཟས་གྱིས། །ཁྲག་ལ་ཁྲོ་མོས་རྔུབ་འཐུང་མཛོད། །ཞག་རྐང་འབྱུང་པོས་ཚིམ་པར་མིད། །པགས་པ་མ་མོས་ལྷབ་ལྷུབ་གྱོན། །དགྲ་བགེགས་ལོག་འདྲེན་བདུད་སྡེའི་མིང་། །སྲིད་པ་གསུམ་ན་མི་གྲག་པའི། །མངོན་སྤྱོད་དྲག་པོའི་འཕྲིན་ལས་མཛོད། །ཅེས་བསྐུལ་ཞིང་བཟློག་བསད་ཟོར་གྱི་དྲག་སྔགས་ཀྱང་དྲག་ཏུ་བཟླས་ལ། གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་བྱིན་གྱིས་བརླབས་པ་དམག་ལྟོའི་ཚུལ་དུ་གཏོར་མར་ཕུལ། གཟའི་འགྱུ་ཕྱོགས་སམ་གནོད་པའི་དགྲ་ཕྱོགས་སུ་གཏད་ལ་གཏོར་མ་དཔག །ཆད་ཐོ་བསྒྲགས་ལ། །དྲག་བསྐུལ་དང་བཅས་ཏེ་ཟོར་རྡེག་གོམཐུ་སྟོབས་འབར་བའི་རྡོ་རྗེ་རྩེ་བརྒྱ་པས། །ལོག་འདྲེན་ས་འཛིན་བགྲོད་པ་རྒྱུན་གཅོད་པའི། །དྲག་མོའི་ཆོས་ཟབ་དབང་པོའི་མཚོན་རྣོན་པོ། །ལག་ཏུ་སོན་འདིའང་དམ་པའི་མགོན་དེའི་དྲིན། །ཞེས་པ་འདི་ཡང་བདུད་འདུལ་མཁའ་འགྲོའི་ཟབ་ཆོས་ཀྱི་ཆ་རྐྱེན་དུ་རིགས་སྔགས་འཆང་པ་རིག་འཛིན་མཐུ་སྟོབས་རྡོ་རྗེ་འམ། མིང་གཞན་ངག་དབང་ཚུལ་ཁྲིམས་སྙིང་པོ་སོགས་དུ་མའི་མིང་ཅན་གྱིས་བྱང་ནག་ཆུའི་ངོགས་སུ་སྦྱར་བ་མངྒ་ལཾ།། །།


previousགསེར་སྐྱེམས་བདུད་རྩིའི་རོལ་མཚོ།next