Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདུད་འདུལ་སེང་གདོང་མཁའ་འགྲོའི་དབང་ཆོག་ཁྲིགས་སུ་བཀོད་པ་བྱིན་རླབས་མྱུར་འཇུག
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousབདུད་འདུལ་སེང་གདོང་མཁའ་འགྲོའི་དབང་ཆོག་ཁྲིགས་སུ་བཀོད་པ་བྱིན་རླབས་མྱུར་འཇུགnext

བདུད་འདུལ་སེང་གདོང་མཁའ་འགྲོའི་དབང་ཆོག་ཁྲིགས་སུ་བཀོད་པ་བྱིན་རླབས་མྱུར་འཇུག

བདུད་འདུལ་སེང་གདོང་མཁའ་འགྲོའི་དབང་ཆོག་ཁྲིགས་སུ་བཀོད་པ་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་བཞུགས་སོ། །སྟོང་ཉིད་དབྱིངས་ལས་རབ་འབར་སྙིང་རྗེའི་རྩལ། །མི་བསྲུན་དྲག་མོར་ཁྲོས་པའི་རྣམ་འགྱུར་ནི། །འཇིགས་རུང་གར་གྱི་ཉམས་བརྒྱར་འཆར་བའི་མ། །བདུད་འདུལ་དབངམོར་འདུད་དོ་ཤིས་པ་སྩོལ། །མཚན་ཙམ་ཐོས་པས་ལོག་འདྲེན་བདུད་དགྲའི་སྙིང་། །ལྐོག་མར་འབྱིན་ནུས་ཆེས་ཟབ་དྲག་མོའི་ཆོས། །ཟབ་ཁྱད་རྣོ་མཚོན་ལག་ཏུ་ལེན་འདོད་འགྲོར། །སྨིན་བྱེད་དབང་ཆོག་བྱིན་རླབས་མྱུར་འཇུག་བྱ། །འདིར་བདུད་འདུལ་ཡེ་ཤེས་ཀྱི་མཁའ་འགྲོའི་སྨིན་བྱེད་དབང་གི་རིམ་པ་འཇུག་བདེར་ཁྲིགས་སུ་སྡེབས་པའི་རིམ་པ་ནི། ༁ྃཿ བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལས༔ བདུད་འདུལ་སེང་གདོང་མའི་དབང་ཆོག་གི་རིམ་པ་བཞུགས༔ དཔལ་ཆེན་པོ་མཁའ་འགྲོའི་དབང་ཕྱུག་ལ་ཕྱག་འཚལ་ལོ༔ ཡིད་དང་མཐུན་པའི་གནས་སུ་དབང་གི་དགོས་རྫས་བསགས་ཤིང་ལས་ཀྱི་གཞུང་བསྲང་༔ བསྙེན་པ་ཁ་གསོཿ བསྐྱེད་རྫོགས་གསལ་གདབ༔ སློབ་བུ་གྲལ་ལ་འཁོད༔ ཁྲུས་བྱ༔ བགེགས་བསྐྲད༔ བསྲུང་འཁོར་བསྒོམ་ཞིང་ཡེ་ཤེས་དབབ༔ གོ་མཚོན་རིན་ཆེན་མཎྜལ་ཕུལ༔ སློབ་དཔོན་ལྷར་གསལ་གསོལ་བ་འདེབས༔ ཞེས་གསུངས་པ་དེ་ཡང་། ཐོག་མར་དབང་རྫས་བཤམས་བཀོད་ནི། གང་དུ་བྱ་བའི་གནས་ཁང་དུ་སྟེགས་བུའི་ཁར་རས་བྲིས་སམ་ཡང་ན་འབྲུ་ཚོམ་ལྷ་གྲངས་དང་མཉམ་པར་བཀོད་ལ་དབུས་སུ་མཉྫིའི་ཁར་ཉེར་ལྔའི་བཅུད་ལྡན་བུམ་པ་ཁ་རྒྱན་གཟུངས་ཐག་མགུལ་ཆིངས་མཐིང་། གཡས་སུ་བྷནྡྷ་བདུད་རྩི་སྨན་དང་མ་ད་ན་སྦྱར། དེའི་སྟེང་མེ་ལོང་སིནྡྷུ་ར་ཆོས་འབྱུང་ལྟེ་བར་ཧཱུྃ་ལ་བསྙེན་སྒྲུབ་སྔགས་ཧཱུྃ་བཛྲ་དྷཀྐི་ནི་སེངྷ་མུ་ཥ་ཧ་རི་ནི་ས་སརྦ་ས་མ་ཡཱ་ཙིཏྟ་ཧྲིང་ཛཿསིདྡྷི་ཧཱུྃཿབྲིས་པ་བཞག་གམ་ཡང་ན་མདུན་ནམ་གཡོན་ཕྱོགས་སུ་ནི་མཛེས་པར་བཀྲམ། གྲི་གུག་ཁ་ཊྭཱྃ་རྐང་གླིང་ཐོད་རྔ་བྷནྡྷ་ལྕང་ལོ་ཅན་རྣམས་མཐིང་ནག་གི་དར་གྱི་འཕྱང་འཕྲུལ་ལེགས་བརྒྱན་གང་བདེར་བཞག་ཅིང་དཔལ་གཏོར་མདུན་དུ་འགོད། གཞན་ཡང་ལས་བུམ་ཐུན་སྣོད། ཌཱ་དྲིལ་ནས་བཟེད་སྤོས་བཟེད། བགེགས་གཏོར་མཎྜལ་སོགས་དགོས་ཆ་རྣམས་ཚོགས་པར་བྱས་ལ། དེ་ནས་དངོས་གཞི་ནི། ཐོག་མར་དཀྱིལ་འཁོར་སྒྲུབ་མཆོད་སྤྱི་ལྟར་གྲུབ་ནས། ལས་བུམ་བསངས་སྦྱངས། །སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུྃ་ལས་བདུད་རྩི་འཁྱིལ་བ་ལྗང་སྔོན་ཕྱག་གཉིས་གཡས་རྡོ་རྗེའི་དབྱུག་པ་དང་གཡོན་སྡིག་འཛུབ་མཛད་པ་ཁྲོ་བོའི་ཆ་ལུགས་རྫོགས་པའི་གནས་གསུམ་ཨཱོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་དམ་ཡེ་དབྱེར་མེད་དུ་གྱུར་པའི་ཐུགས་ཀར་ཧཱུྃ་ལ་སྔགས་ཀྱི་བསྐོར་བར་དམིགས་ནས། །ཨཱོཾ་བིགྣན་ཏ་ཀྲི་ཏ་ཧཱུྃ་ཕཊཿ ཅེས་བཟླས་པ་བརྒྱ་རྩ་ལ་སོགས་པའི་མཐར་བདུད་རྩིར་ཞུ་བར་བསམ་ལ། སློབ་མ་ཁྲུས་བྱ། བགེགས་བསྐྲད་སོང་ནས་འདིའི་དབང་བཤད་ནས་བཟུང་སྤྱན་འདྲེན་གྱི་བར་མཆོག་སྤྲུལ་རིན་པོ་ཆེའི་གསུང་ཆོས་ཡིན། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། །དེའི་ཆེད་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བདུད་འདུལ་སེང་གདོང་མའི་དབང་བསྐུར་ཟབ་མོ་ཞུ་བར་བགྱིད་སྙམ་པའི་སེམས་བསྐྱེད་ནས་ལེགས་པར་གསན་འཚལ། དེ་ཡང་གཟུང་འཛིན་བག་ཆགས་དང་བཅས་པ་ལ་ཞེན་པའི་ཟག་བཅས་འཁོར་བ་དང་། དེ་དག་ལས་རྣམ་པར་གྲོལ་བ་ཟག་མེད་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་དབྱིངས་ཀྱི་ཕྱག་རྒྱ་ཆོས་སྐུ་ཀུན་ཏུ་བཟང་མོ་ཉིད་ཀྱི་རང་གདངས་ལས། ལོངས་སྐུ་རྡོ་རྗེ་ཕག་མོ་ཡེ་ཤེས་ལྔ་ལྡན་རང་རྩལ་མ་འགགས་པའི་རྣམ་པར་འཕྲུལ་པས་དུས་བཞི་ཕྱོགས་བཅུ་ཀུན་ཏུ་བསམ་གྱིས་མི་ཁྱབ་པར་བཞུགས་ཤིང་གདུལ་བྱ་འགྲོ་བ་རྣམས་ལ་འདུལ་བྱེད་སོ་སོའི་བློ་དང་མཚམས་པས་འདུལ་ཐབས་དེ་དང་དེས་འདུལ་བར་མཛད། །ཁྱད་པར་དུ་སངས་རྒྱས་ཀྱི་བསྟན་པ་ལ་ཕྱིན་ཅི་ལོག་ཏུ་ལྟ་བ་མུ་སྟེགས་ཞེས་རྟག་ཆད་ཀྱི་མཐར་འཛིན་པ་ལྟ་ལོག་སུམ་བརྒྱ་དྲུག་ཅུ་ལ་ཞེན་པ་དང་། བདུད་དང་བདུད་ཀྱི་རིས་དང་ཕྱི་ནང་བར་བ་ནས་རིགས་སྔགས་དང་ངན་སྔགས་ཀྱི་སྦྱོར་བ་བྱད་གཏད་རྦོད་གཏོང་གི་འཚེ་བས་བསྟན་འགྲོ་དང་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པའི་ཚོགས་ཐམས་ཅད་ཅིག་ཅར་འཇོམས་ཤིང་ནུས་པ་མེད་པར་བྱེད་པ། བདུད་འདུལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེངྒེའི་གདོང་ཅན་གྱི་སྐུར་བཞེངས་ནས་ཕས་རྒོལ་གཞན་སྡེའི་ཚོགས་རྣམས་འདུལ་བའི་བྱེད་ལས་དང་ལྡན་པ་སྟེ། འདི་ཉིད་ཀྱི་གཞུང་ལས། ཨེ་མ་གསང་བའི་སྙིང་པོ་འདི༔ འཕགས་ཡུལ་རྡོ་རྗེ་གདན་དྲུང་དུ༔ མུ་སྟེགས་སྟོན་པའི་རྩོད་པ་བྱུང་༔ ལུང་རིགས་ནུས་མཐུའི་རྩལ་འགྲན་ཚེ༔ མཁའ་འགྲོ་རྡོ་རྗེ་ཕག་མོ་ཡིས༔ སེངྒེའི་གདོང་ཅན་ཐུགས་བརྒྱུད་ནས༔ བདག་ཉིད་རྡོ་རྗེ་དྲག་རྩལ་ལ༔ དབང་བསྐུར་ལུང་བསྟན་བཀའ་གཏད་མཛད༔ བཟློག་པས་མི་བཟློག་མཁན་གྱི་གཤེད༔ མཁའ་འགྲོའི་དྲག་སྔགས་རྡོ་སྒྱོགས་འདིས༔ མུ་སྟེགས་ངན་པའི་རྒོལ་བ་བཟློག༔ ཅེས་དང་བདག་སྔོན་རྒྱ་གར་འཕགས་པའི་ཡུལ་གནས་ཚེ༔ མུ་སྟེགས་སྟོན་པ་ལངྐའི་བདག་པོ་ཡིས༔ སངས་རྒྱས་བསྟན་པ་འཇིག་ལ་ཉེ་བའི་དུས༔ ཐུབ་པའི་བཞུགས་གནས་རྡོ་རྗེ་གདན་གྱི་ལྷོ༔ ཕ་ཝང་རུས་སྦལ་འདྲ་བའི་གསང་མཛོད་ནས༔ མཁའ་འགྲོས་ལུང་བསྟན་བདག་ཉིད་པདྨས་ཕྱུངས༔ མུ་སྟེགས་སྟོན་པ་ལྔ་བརྒྱའི་རྩོད་པ་བཟློག༔ ངན་སྔགས་བདག་པོ་མུ་སྟེགས་ཐོག་གིས་བསྒྲལཿ སངས་རྒྱས་བསྟན་པའི་བ་དན་ཕྱོགས་བཅུར་བསྒྲེངས༔ ཞེས་རྒྱ་གར་འཕགས་པའི་ཡུལ་དུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་གདམས་པ་ཟབ་མོ་འདི་ཉིད་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་མཛད་ཅིང་། བོད་ཡུལ་འདིར་སློབ་དཔོན་ཆེན་པོ་ཕེབས་ཏེ་དམ་པའི་ཆོས་ཀྱི་བསྟན་པ་ཉི་འོད་བརྡལ་བར་མཛད་པའི་དུས་སུ་མ་འོངས་སྙིགས་མའི་རྩོད་ལྡན་གྱི་མཐར་བསྟན་འགྲོའི་དོན་དུ་དགོངས་ཏེ་གཏེར་དུ་སྦ་བར་མཛད་པ་ནི། ཨེ་མ་གསང་བའི་སྙིང་པོ་ཟབ་པའི་མཐར་ཐུག་འདི༔ པདྨ་བདག་གིས་སྙིང་གི་བརྣག་པ་སྟེ༔ བོད་འདིར་ཟབ་གཏེར་ཇི་སྙེད་སྦས་ནའང་༔ གཏེར་ཁ་འདི་མིན་གཏེར་ཁ་གཞན་དག་ཏུ༔ བདུད་འདུལ་མཁའ་འགྲོའི་བསྙེན་བསྒྲུབ་བསྟན་པ་མེད༔ ཅེས་དང་དེ་ཕྱིར་ཟབ་པའི་མཐར་ཐུག་གདམས་པ་འདི༔ སྨོན་ལམ་སྟོབས་ཀྱིས་ང་སྤྲུལ་བུས་རྙེད་ཅིང་༔ སངས་རྒྱས་བསྟན་པའི་བཙས་སུ་འདི་གྱུར་ཅིག༔ ཅེས་གཏེར་ནས་གཏེར་དུ་སྩལ་བའི་འདི་ཉིད་དགོས་ཆེད་དུ་མ་དང་ལས་འཕྲོ་ཅན་ལ་སྨོན་ལམ་བཀའ་གཏད་ལུང་བསྟན་དང་བཅས་ཏེ། བླ་མ་བདེ་མཆོག་དབང་གི་འཁོར་ལོའི་ཆོས་སྐོར་གྱི་ཆ་ལག་ཏུ་འཛམ་གླིང་ས་ཡི་ལྟེ་བ་གངས་རིའི་རྒྱལ་པོ་ཏེ་སེ་བདེ་ཆེན་གསང་བ་ཕུག་ཏུ་གཏེར་དུ་སྦས་པ་ལུང་བསྟན་དུས་ལ་བབས་པའི་ཚེ། རིག་འཛིན་ཆེན་པོ་ཉི་མ་གྲགས་པས་གཏེར་ནས་སྤྱན་དྲངས་ཤིང་སྐལ་ལྡན་ལ་རིམ་པར་སྤེལ་བར་མཛད་པ་བྱིན་རླབས་ནུས་མཐུ་ཤིན་ཏུ་ཆེ་བ་འདི་ཉིད་ཀྱི་དབང་བསྐུར་བ་ཟབ་མོ་བགྱི་བ་ལ། དང་པོ་སློབ་དཔོན་གྱི་བྱ་བའི་འོས་རྣམས་སྔོན་དུ་གྲུབ། ད་སློབ་མའི་བྱ་བ་མཎྜལ་ཕུལ་མཛོད། ཅེས་བརྡ་སྤྲད་ནས། མཎྜལ་ཕུལ་ནས་དབང་བསྐུར་ཞུ་བའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ དཔའ་བོ་ཆེན་པོ་མཁའ་འགྲོའི་གཙོ༔ བདག་ཅག་བུ་ལ་དགོངས་སུ་གསོལ༔ དུར་ཁྲོད་མཁའ་འགྲོ་ཡེ་ཤེས་གཙོ༔ བདུད་འདུལ་ནག་མོའི་དབང་བསྐུར་སྩོལ༔ ལན་གསུམ། དེ་ལྟར་གསོལ་བ་གདབ་པའི་རིམ་པ་སོང་ནས་དམིགས་པ་འདི་བཞིན་དུ་གྱིས། ས་ཕྱོགས་འདི་ཉིད་ཀྱང་ཐ་མལ་གྱི་སྣང་བ་འདི་ལྟ་བུ་མ་ཡིན་པའི་དྭངས་གསལ་གཉིས་སུ་མེད་པའི་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཞིང་ཁམས་ཀྱི་དབུས་སུ། དཀྱིལ་འཁོར་གཙོ་བོ་དཔལ་ལྡན་བླ་མ་དང་བདུད་འདུལ་སེང་གདོང་མ་དབྱེར་མ་མཆིས་པ་ལ་ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པ་གསལ་བཏབ་ནས། དེ་དག་གི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པས་སྐྱབས་སུ་འགྲོ་བ་དང་ཐེག་ཆེན་རྩ་བ་གཞན་ཕན་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་གྱིས། ཧཱུྃ༔ བདག་ནི་དེང་ནས་བྱང་ཆུབ་བར༔ བླ་མ་དཀོན་མཆོག་དཀྱིལ་འཁོར་ལྷ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་ལ༔ རྣམ་པ་ཀུན་ཏུ་སྐྱབས་སུ་མཆི༔ དབང་དྲག་ལས་ཀྱི་བྱང་ཆུབ་སེམས༔ དམ་པ་མཆོག་ནི་བསྐྱེད་པར་བགྱིད༔ ལན་གསུམ། དེ་ལྟར་དབང་གི་སྔོན་འགྲོ་དབང་དོན་གསོལ་འདེབས་སྐྱབས་སེམས་རྣམས་ལེགས་པར་སོང་ནས་དངོས་གཞི་དབང་གི་གཞི་འགོད་པའི་སླད་དུ་ཡེ་ཤེས་དབབ་པའི་དམིགས་པ་འདི་བཞིན་མཛོད། །ཨཱོཾ་མ་ཧཱ་ཤུ་ནྱ་སོགས་ལས་བུམ་ཁ་རྒྱན་གྱིས་ཆུ་འཐོར། །སྟོང་པའི་ངང་ལས་ཆོས་འབྱུང་དམར་ནག་གི་དབུས་སུ་དྲེགས་པ་ཕོ་མོ་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་ཁྱད་པར་རང་གི་སེམས་ཉིད་གནམ་ལྕགས་ཞུན་མའི་གྲི་གུག་འཁོར་ལོས་མཚན་པའི་ལྟེ་བར་ཧཱུྃ་ཡིག་མཐིང་ནག་གཟི་བརྗིད་དང་ལྡན་པ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་དུས་གསུམ་གྱི་སངས་རྒྱས་ཁྲོ་བོ་ཁྲོ་མོ་མཁའ་འགྲོ་ཐམས་ཅད་ཀྱི་གཟི་བརྗིད་ནུས་སྟོབས་ཡོན་ཏན་ཐམས་ཅད་ཚུར་བསྡུས་ཧཱུྃ་ཡིག་ལ་ཐིམ། །གཟི་བརྗིད་ཆེས་ཆེར་འབར་ཞིང་ཡོངས་སུ་གནས་གྱུར་པ་ལས་བདུད་འདུལ་མཁའ་འགྲོ་སེངྒེའི་གདོང་པ་ཅན་ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་ནག་འབར་བ། ཞལ་གདངས་ཤིང་ལྗགས་འདྲིལ་བ་མཆེ་བ་རབ་ཏུ་གཙིགས་ཤིང་རལ་བ་ཁམ་ནག་སྤྲིན་ལྟར་གཏིབས་པ་སྤྱན་གསུམ་སྡང་མིག་ཏུ་བལྟ་བ། སྨ་ར་དང་སྨིན་མ་མེ་ལྟར་ཚ་ཚ་འཕྲོ་བ། ཕྱག་གཡས་འཁོར་ལོས་མཚན་པའི་གྲི་གུག་ནམ་མཁའ་ལ་འཕྱར་བ། གཡོན་ལྕང་ལོས་མཚན་པའི་ཐོད་ཁྲག་ཐུག་ཀར་བསྣམས་པ། ཞབས་གཡས་བསྐུམ་པའི་རྟིང་པ་བྷ་ག་ལ་གཏད་ཅིང་གཡོན་བརྐྱང་བ། གྲུ་མོ་གཡོན་དུ་ཡབ་ཧེ་རུ་ཀཿསྦས་པའི་ངོ་བོ་རྡོ་རྗེ་ཁ་ཊྭཱྃ་ཀ་ལ་བདེ་བས་འཁྱུད་པ། བཅུ་དྲུག་ལང་ཚོ་རབ་ཏུ་རྒྱས་པའི་ཉམས་བག་ཅན་ནུ་མ་འབུར་ཞིང་བྷ་ག་རབ་ཏུ་རྒྱས་པ་དཔའ་སྒེག་ཁྲོ་གཏུམ་གྱི་ཉམས་དང་ལྡན་པ། རྣོ་དབལ་དང་ལྡན་པའི་གནམ་ལྕགས་སྤུ་གྲིའི་གཤོག་པ་ཅན། སྐུ་ལ་དུར་ཁྲོད་ཀྱི་ཆས་དང་དཔལ་གྱི་ཆས་བཅུ་འབར་བས་བརྒྱན་ཅིང་མེ་དཔུང་དམར་ནག་འབར་བའི་ཀློང་དཀྱིལ་དུ་བཞུགས་པར་གསལ་བའི་སྤྱི་བོར་ཨཱོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ནག་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་འོག་མིན་དང་མཁའ་སྤྱོད་དུར་ཁྲོད། གནས་ཡུལ་ཁྱད་པར་ཨོ་རྒྱན་མཁའ་འགྲོའི་གླིང་ནས་བདུད་འདུལ་མཁའ་འགྲོའི་ལྷ་ཚོགས་ཐམས་ཅད་ཁ་ཆར་བུ་ཡུག་འཚུབ་པ་ལྟར་བྱོན་ནས་ཁྱེད་རང་གི་ལུས་ལ་སིབ་སིབ་ཐིམ་པའི་དམིགས་པ་དྲག་ཏུ་གསལ་གདབ་པར་མཛོད། ཅེས་བརྗོད་ནས་སྤྱན་འདྲེན་བརྟན་པར་བྱ། དེ་རྗེས་བུམ་པ་ཐོད་པ་མེ་ལོང་སིདྷྭཱུ་ར་ཕྱག་མཚན་དཔལ་གཏོར་རྣམས་ཀྱི་དབང་བསྐུར། ཅེས་པ་འདི་མདོ་ཁམས་སྨད་ཕྱོགས་རྒྱ་ཕག་བླ་མ་རིན་ཆེན་དཔལ་བཟང་གིས་བསྐུལ་ངོར་པདྨའི་མིང་ཅན་གྱིས་བྲིས་པའོ། །སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་དབྱིངས་མཁའ་འགྲོའི་ཕོ་བྲང་དང་༔ ནུབ་ཕྱོགས་ཨོ་རྒྱན་དུར་ཁྲོད་ནས༔ མ་མོ་མཁའ་འགྲོ་ཀུན་གྱི་གཙོ༔ བདུད་འདུལ་མཁའ་འགྲོ་སེང་གདོང་མ༔ ཡེ་ཤེས་མཁའ་འགྲོ་འཁོར་དང་བཅས༔ རིགས་བཞིའི་མཁའ་འགྲོ་དཔུང་དང་བཅས༔ ལས་བྱེད་མཁའ་འགྲོ་འབུམ་གྱིས་བསྐོར༔ སེདྷ་མུ་ཥ་འཁོར་བཅས་རྣམས༔ གདུང་བའི་ཡིད་ཀྱིས་སྤྱན་འདྲེན་ན༔ ཐུགས་རྗེའི་ཤུགས་ཀྱིས་གཤེགས་སུ་གསོལ༔ དབང་ཆེན་འབར་བའི་དུར་ཁྲོད་ནས༔ རིགས་ཀྱི་བདག་པོ་གཤེགས༴ ནུབ་ཕྱོགས་ཨོ་རྒྱན་ཕོ་བྲང་༴ རྡོ་རྗེ་ཕག་མོ་གཤེགས༴ ཤར་གྱི་ཕྱོགས་ཀྱི་དུར་ཁྲོད༴ རྡོ་རྗེ་མཁའ་འགྲོ་གཤེགས༴ ལྷོ་ཡི་ཕྱོགས་ཀྱི་དུར༴ རིན་ཆེན་མཁའ་འགྲོ༴ ནུབ་ཀྱི་ཕྱོགས་ཀྱི་དུར༴ པདྨ་མཁའ༴ བྱང་གི་ཕྱོགས་ཀྱི་དུར༴ ལས་ཀྱི་མཁའ་འགྲོ་གཤེགས༴ ཧཱུྃ༔ གཞན་ཡང་གནས་ཡུལ་དུར་ཁྲོད་ནས༔ སྐུ་སྤྲུལ་དཀར་མོ་ཉི་ཁྲི་འབུམ༔ ཐུགས་སྤྲུལ་ནག་མོ༴ གསུང་སྤྲུལ་དམར་མོ༴ ཡོན་ཏན་སྤྲུལ་པ་སེར་མོ༴ ཕྲིན་ལས་སྤྲུལ་པ་ལྗང་མོ༴ གནས་ཡུལ་དུར་ཁྲོད་དཔའ་བོ་དཔའ་མོ་འབུམ༔ རྩ་གསུམ་ཆོས་སྐྱོང་སྲུང་མ་སྒོ་མའི་ཚོགས༔ མ་ལུས་འཁོར་བཅས་གནས་འདིར་གཤེགས༴ བསྐལ་བའི་མེ་དཔུང་དམར་ནག་ལྷབས་སེ་ལྷབ༔ རཀྟ་ཁྲག་གི་རྒྱ་མཚོ་མེ་རེ་རེ༔ མཾ་ས་ཤ་ཆེན་དྲི་ངད་སངས་སེ་སང་༔ ཁྲོ་ཆུང་མེ་དཔུང་ཚ་ཚ་ཐོ་རོ་རོ༔ རྐང་གླིང་ཐོད་པའི་རྔ་སྒྲ་དི་རི་རི༔ ཧཱུྃ་ཕཊཿབྷྱོ་བཟློག་སྒྲ་སྐད་ཆེམས་སེ་ཆེམ༔ བར་ཆད་བཟློག་ཕྱིར་གཤེགས༴ བྱད་ཁ་བཟློག༴ ཕུར་ཁ༴ གཏད་ཁ༴ ཁྲམ་ཁ༴ ཡམ་ཁ༴ ནད་ཁ༴ རྦད་འདྲེ༴ རྦོད་གཏོང་༴ ཆགས་ཆེ༴ ཉམས་ང་༴ ཧཱུྃ་བཛྲ་དྷཀྐི་ནི་སེངྷ་མུ་ཥ་ཧ་རི་ནི་ས་སརྦ་ས་མ་ཡ་ཛཿཛཿ ཞེས་རྩ་སྔགས་མཐར་ཨ་བེ་ཤ་ཡ་ཨ་ཨཱཿ དེ་ནས་མེ་ཏོག་འཐོར་རྡོ་རྗེ་སྤྱི་བོར་བཞག་ལ། སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་བརྟན་པར་བཞུགས་སུ་གསོལ། ཨཱོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱཿ ཅེས་པས་བརྟན་པར་བྱ། དབང་བསྐུར་བ་ནི་གཞུང་ལས། དེ་ནས་བུམ་པ་ལྷ་ཡི་སྐུ༔ སློབ་བུའི་སྤྱི་བོར་བཞག་ནས་ཀྱང་༔ ཧཱུྃ༔ ཞིང་ཁམས་སྐུ་དང་འདུ་འབྲལ་མེད༔ སྐུ་གསུམ་ལྷུན་གྲུབ་མཁའ་འགྲོའི་དབང་༔ སྐལ་ལྡན་བུ་ལ་འདི་སྦྱིན་པས༔ སྨིན་གྲོལ་སྐུ་ཡི་དབང་ཐོབ་ཤོག༔ ཨཱོཾ་བཛྲ་དྷཀྐི་ནི་སེངྷ་མུ་ཥ་ཧ་རི་ནི་ས་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་བརྗོད་བུམ་ཆུ་སློབ་མར་སྦྱིན༔ ཐོད་པ་བདུད་རྩི་མགྲིན་པར་བཞག་ཅིང་༔ ཧཱུྃ༔ དུམ་གཅིག་བྷནྡྷ་རང་བྱུང་བདུད་རྩིས་བཀང་༔ རྩ་ཁམས་རང་གྲོལ་དཔའ་བོ་མཁའ་འགྲོའི་གསུང་༔ ལོངས་སྤྱོད་རྫོགས་སྐུ་འགག་མེད་དབང་བསྐུར་བས༔ འབུམ་ཕྲག་མཁའ་འགྲོའི་གསུང་གི་དབང་༴ ཧཱུྃ་བཛྲ་དྷཀྐི་ནི་སེངྷ་མུ་ཥ་ཧ་རི་ནི་ས་ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་བརྗོད་བདུད་རྩི་ངག་ཏུ་བླུད༔ མེ་ལོང་སིནྡྷུ་རས་རླན་པ་ལ༔ ཆོས་འབྱུང་ལྟེ་བར་ཧཱུྃ་མཐར་སྙིང་པོ་བྲིས་པ་སློབ་མའི་སྙིང་གར་བཞག་ཅིང་༔ ཧཱུྃ་མེ་ལོང་ཆོས་འབྱུང་གསང་བའི་རྫས་དང་ལྡན༔ ཤེས་རབ་ཡེ་ཤེས་འབུམ་ཕྲག་མཁའ་འགྲོའི་ཐུགས༔ དད་ལྡན་སློབ་བུ་ཁྱོད་ལ་འདི་སྦྱིན་པས༔ ཡིད་སྒྲིབ་དག་ནས་ཐུགས་ཀྱི་དབང་༴ ཧཱུྃ་བཛྲ་དྷཀྐི༴ ཧ་རི་ནི་ས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃཿ ཅེས་བརྗོད་སྙིང་གར་སིནྡྷུ་རས་གླན་ནོ༔ དེ་ནས་ཕྱག་མཚན་གྲི་གུག་ཁ་ཊྭཱྃ་རྐང་གླིང་ཐོད་རྔ་བྷནྡྷ་ལྕང་ལོ་ཅན་རྣམས་སློབ་བུའི་ལག་ཏུ་གཏད་ཅིང་༔ ཧཱུྃ༔ བདུད་འདུལ་དྷཀྐི་སེང་གདོང་ནག་མོའི་ཚོགས༔ འབུམ་ཕྲག་མཁའ་འགྲོའི་ཡོན་ཏན་འབྱུང་བའི་རྫས༔ མ་རྒྱུད་ལྷ་ཚོགས་སྒྲུབ་པའི་བླ་རྡོ་འདིས༔ དེང་འདིར་རིགས་ཀྱི་བུ་ལ་དབང་༴ འབུམ་ཕྲག་མཁའ་འགྲོའི་ཡོན་ཏན་དབང་༴ ཧཱུྃ་བཛྲ་དྷཀྐི༴ ཧ་རི་ནི་ས་རཏྣ་ཨ་བྷི་ཥིཉྩ་ཧཱུྃཿ ཅེས་བརྗོད་ཐོད་རྔ་འཁྲོལ་ཞིང་རྐང་གླིང་འབུད༔ དཔལ་གྱི་གཏོར་མ་སྤྱི་བོར་བཞག་ཅིང་༔ ཧཱུྃ༔ ཤ་ཁྲག་འབྲུ་བཅུད་བྷ་ལིང་གཏོར་མ་འདི༔ མཁའ་འགྲོའི་དཀྱིལ་འཁོར་ལྷ་དང་གཉིས་སུ་མེད༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་༴ འབུམ་ཕྲག་མཁའ་འགྲོའི་ཕྲིན་ལས་དབང་༴ ཧཱུྃ་བཛྲ་དྷཀྐི༴ ཧ་རི་ནི་ས་ཀརྨ་བྷ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃཿ བཀའ་གཏད་དྲག་ཏུ་བྱ་ཞིང་ལྷ་ཚོགས་སློབ་མར་བསྟིམ༔ ཨཱོཾ་ཨཱཿཧཱུྃ་ཆོས་སྐུ་ཀུན་ཏུ་བཟང་མོ། ལོངས་སྐུ་རྡོ་རྗེ་ཕག་མོ། སྤྲུལ་སྐུ་སེང་གདོང་ནག་མོ། གུ་རུ་སེངྒེ་སྒྲ་སྒྲོགས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། འཁོན་ཆེན་ཀླུ་ཡི་དབང་པོ། རིག་འཛིན་ཉི་མ་གྲགས་པ། རྒྱལ་སྲས་ཨོ་རྒྱན་བསྟན་འཛིན། ཐེག་མཆོག་བསྟན་པའི་རྒྱལ་མཚན། ངེས་དོན་བསྟན་འཛིན་བཟང་པོ། ཨོ་རྒྱན་བསྟན་པའི་ཉི་མ། མི་འགྱུར་ནམ་མཁའི་རྡོ་རྗེ། འཇིག་མེད་ཆོས་དབྱིངས་རྡོ་རྗེ། ཀུན་བཟང་ཐེག་མཆོག་རྡོ་རྗེ། བསྟན་འཛིན་ཕྲིན་ལས་དབང་ཕྱུག །དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཁྱད་པར་མཁའ་འགྲོའི་གཙོ་མོ་བདུད་འདུལ་སེངྒེའི་གདོང་པ་ཅན་གྱི་ལྷ་ཚོགས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་ཐུགས་རྗེ་དང་བྱིན་རླབས་ནུས་མཐུ་ཐམས་ཅད་དེང་འདིར་རྡོ་རྗེའི་སློབ་མ་འདིའི་རྒྱུད་ལ་འཇུག་པར་བྱིན་གྱིས་བརླབ་ཏུ་གསོལ། ལུས་ངག་ཡིད་གསུམ་བསྲུང་ཞིང་སྐྱོབས་པ་དང་སྡེ་བརྒྱད་འབྱུང་པོའི་གནོད་པ་ཐམས་ཅད་ཞི་བ་དང་བཟློག་པ་དང་། ཁྱད་པར་ཕྱི་ནང་བར་བའི་རིགས་སྔགས་དང་ངན་སྔགས་རྦོད་གཏོང་གི་འཚེ་བས་བྱང་ཆུབ་སྒྲུབ་པ་དང་ཆོས་མཐུན་གྱི་བསམ་པ་སྒྲུབ་པ་ལ་བར་དུ་གཅོད་པའི་ཚོགས་ཐམས་ཅད་ཅིག་ཆར་སྐད་ཅིག་ཉིད་ལ་འཇོམས་པར་མཛད་དུ་གསོལ། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྐད་ཅིག་ཉིད་ལ་ཐོབ་སྟེ་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་གོ་འཕང་ཚེ་འདི་ཉིད་ལ་འགྲུབ་པར་མཛད་དུ་གསོལ། ཧཱུྃ་བཛྲ་དྷཀྐི་ནི་སེངྷ་མུ་ཥ་ཧ་རི་ནི་ས་བྷ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ། གཏོར་མ་དངོས་གྲུབ་ཏུ་རོལ༔ མེ་ཏོག་འཐོར་ཞིང་ཤིས་པ་བརྗོད༔ ཧཱུྃ༔ འོག་མིན་གནས་ནས་སྐུར་བཞེངས་ལ༔ ཡེ་ཤེས་མཁའ་འགྲོ་ཀུན་ཏུ་བཟང་༔ ཆོས་དབྱིངས་མཁའ་འགྲོའི་བཀྲ་ཤིས་དཔལ༔ བདག་ཅག་རྣམས་ལ་དགེ་ལེགས་མཛོད༔ མཁའ་སྤྱོད་གནས་ནས་སྐུར༴ ལོངས་སྐུའི་མཁའ་འགྲོ་ཕག་མོ་ཡུམ༔ མཁའ་སྤྱོད་མཁའ་འགྲོའི་བཀྲ་ཤིས་དཔལ༔ བདག་ཅག་རྣམས་ལ༴ ཨོ་རྒྱན་ཡུལ་ནས་སྐུར༴ སྤྲུལ་སྐུའི་མཁའ་འགྲོ་སེང་གདོང་མ༔ འབུམ་ཕྲག་མཁའ་འགྲོའི་བཀྲ་ཤིས་དཔལ༔ བདག་ཅག་རྣམས་ལ་བཀྲ་ཤིས་བཛོད༔ སོགས་གཞན་ཡང་ཤིས་བརྗོད་ཅི་རིགས་བྱའོ། །དེ་ལྟར་བདུད་འདུལ་སེང་གདོང་མཁའ་འགྲོའི་དབང་བསྐུར་ཟབ་མོ་ཐོབ་པ་ཡིན་པས་གནས་སྐབས་དེ་དག་ཏུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པའི་རིམ་པ་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་གྱིས། གཙོ་བོས༴ དེ་དག༴ གཏང་རག་གི་མཎྜལ། སླར་ཡང་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་དང་བཅས་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་བ་ལྟར་སྤྲུལ་ཏེ་འབུལ་སྙམ་པས་འདིའི་རྗེས་ཟློས་གྱིས། དེང་ནས་བརྩམས་ཏེ༴ སོགས། དེ་ལྟར་དབང་བསྐུར་ཐོབ་པའི་དགེ་རྩ་སེམས་ཅན་གྱི་དོན་དུ་བསྔོ་བར་གྱིས། །བསོད་ནམས་འདི་ཡི༴ སོགས། རིན་ཆེན་དགེ་ཚོགས༴ སོགས། དེ་ལྟར་ཡང་དབང་གཞུང་ལས། དབང་ཡོན་སྐྱེམས་བཅས་སློབ་དཔོན་སྐུ་ལ་མཆོད༔ དགའ་བྲོ་བཀྲ་ཤིས་ཚོགས་འཁོར་རྗེས་སྐྱོང་ངོ༔ དགེ་བ་བསྔོ་ཞིང་སྟོང་ཉིད་རྒྱས་གདབ་པའོ༔ བླ་རྡོ་བཅང་ཞིང་མཁའ་འགྲོ་སྒྲུབ་ཅིང་བརྟེན༔ དམ་ཚིག་བསྲུང་ཞིང་མཆོད་གཏོར་བསྐང་གསོལ་འབད༔ རྩ་རླུང་སྦྱང་ཞིང་ཐིག་ལེ་མི་ཉམས་བྱ༔ སྐུ་གསུམ་མཁའ་འགྲོ་བདུད་འདུལ་དྷཀྐི་མས༔ བར་ཆད་སེལ་ཞིང་དངོས་གྲུབ་སྩོལ་བར་འགྱུར༔ དེ་ཕྱིར་ཉམས་སུ་ལོངས་ཤིག་ཕྱི་རབས་རྣམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་ཁམས་པ་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེ་ནས་ཤིང་མོ་ཡོས་ཀྱི་ལོ་ལ་སྤྱན་དྲངས་ཤིང་ལྕགས་ཕོ་སྤྲེའུའི་ལོ་ལ་ཤོག་སེར་ལས་ཕབ་པའོ། །དེ་ནས་ཚོགས་ལ་རོལ། ལྷག་མ་བཏང་བཀའ་གཏེར་བསྐུལ་ཆད་ཐོ་བསྟན་སྐྱོང་རྟ་བྲོ་སོགས་དཀྱིལ་འཁོར་གྱི་རྗེས་ཀྱི་བྱ་བ་རྣམས་གསང་བ་སྤྱི་འགྲོས་བཞིན་བྱའོ། །དེ་ལྟར་བདུད་འདུལ་དཔལ་གྱི་མཁའ་འགྲོ་ཡི། །སྨིན་བྱེད་དབང་ཆོག་བྱིན་རླབས་མྱུར་འཇུག་གང་། །གཞུང་དང་བླ་མ་མཆོག་གིས་སྩལ་བ་ཡི། །མཚམས་སྦྱོར་ཕྱག་བཞེས་ཇི་བཞིན་ཀླག་ཆོག་ཏུ། །བཀོད་པའི་དགེ་བས་བདུད་དང་བྱད་སྟེམས་ཀྱིས། །ལོག་འདྲེན་གདུང་བའི་ཚང་ཚིང་འཁྲིགས་པའི་ནགས། །སྲེག་བྱེད་དུས་མཐའི་ཞུགས་ཀྱི་ལྕེ་རྣོན་ལྟར། །རབ་འབར་ཏིང་འཛིན་རྩལ་གྱིས་བཅོམ་ནས་སླར། །ཕན་བདེའི་འདོད་པ་ཀུན་འཇོ་ཡོངས་འདུའི་དབང་། །གྲུབ་གཉིས་སྐལ་བའི་མགྲོན་དུ་གཉེར་བྱས་ནས། །རྨད་བྱུང་རྫོགས་ལྡན་གསར་བའི་དུས་སྟོན། །མཁའ་སྤྱོད་དབང་མོས་རྗེས་སུ་འཛིན་གྱུར་ཅིག །ཅེས་བདུད་འདུལ་དབང་མོའི་སྨིན་བྱེད་བྱིན་རླབས་མྱུར་འཇུག་ཞེས་པ་འདི་ནི་གཏེར་གཞུང་ཉམས་མེད་བླ་མ་མཆོག་གིས་སྩལ་བའི་མཚམས་སྦྱོར་གྱིས་བརྒྱན་ཏེ་རང་བཟོ་མེད་པར་རྣམ་འདྲེན་ཟུང་གི་གསུང་གིས་བསྐུལ་བ་སྤྱི་བོར་བཅིངས་ནས་སྔགས་བན་ཝ་གིནྡྲར་འབོད་པས་བགྱིས་པ་དགེའོ། མངྒ་ལཾ།། །།


previousབདུད་འདུལ་སེང་གདོང་མཁའ་འགྲོའི་དབང་ཆོག་ཁྲིགས་སུ་བཀོད་པ་བྱིན་རླབས་མྱུར་འཇུགnext