Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདུད་འདུལ་ནག་མོའི་ཐུན་གཏོར།
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousབདུད་འདུལ་ནག་མོའི་ཐུན་གཏོར།next

བདུད་འདུལ་ནག་མོའི་ཐུན་གཏོར།

བསྙེན་བསྒྲུབ་དང་བསྲུང་བཟློག་གི་མཇུག་དང་རྒྱུན་གྱི་གཏོར་བསྔོ་སོགས་ཀྱི་སྐབས་སུ་གཏོར་མ་འབུལ་འདོད་ན༔ ལྕགས་སམ་བྷནྦྷའི་སྣོད་དུ་ཤ་ཁྲག་གི་གཏོར་མ་སོགས་འབྱོར་པ་བཤམས་ཏེ་ཆུ་གཙང་གིས་བྲན་ལ་འདི་སྐད་དོ། །ཧཱུྃ། རྩ་གསུམ་དཀོན་མཆོག་དམ་ཅན་སྲུང་མའི་མཐུས། །དགྲ་བགེགས་ལོག་འདྲེན་དམིགས་པའི་ཡུལ་གྱུར་ཀུན། །མྱུར་དུ་ཁུག་ལ་གཏོར་མ་འདི་ལ་བསྟིམ། །ཕོ་ཉའི་མཚོན་ཆས་གཟུགས་ཕུང་དུམ་བུར་གསིལ། །ཧཱུྃ། རབ་འཇིགས་དྲག་པོའི་སྣོད་དུ་གཏོར་མའི་རྫས། །ངོ་བོ་ཟག་མེད་བདུད་རྩིའི་རྒྱ་མཚོ་ལ། །རྣམ་པ་དགྲ་བགེགས་བསྒྲལ་བའི་བམ་ཆེན་གྱི། །ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད་བརྡལ། །ཞག་ཀླད་ཚིལ་རྐང་ཆོས་དབྱིངས་ཁྱབ་པར་སྤེལ། ཨོཾ་ཨཱཿཨོཾ་ཧ་ཧོ་ཧྲཱི༔ གསུམ་བརྗོད། ཧཱུྃ། རང་བཞིན་གནས་ནས་མཁའ་འགྲོ་འཁོར་དང་བཅས། སྤྱན་དྲང་གཏོར་མ་གསོལ་བས་མཉེས་པར་གྱུར། ཧཱུྃ་བཛྲ་དྷཀྐི་ནི་སེངྷ་མུ་ཥ་ཧ་རི་ནི་ས་ས་པ་རི་ཝ་ར་ཨེ་དམ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་མམ་བདུན་བརྗོད་ལ། དྲག་མཛད་དྲག་མོའི་རྣམ་འགྱུར་གྱིས། གདུག་པ་འདུལ་མཛད་མཁའ་འགྲོའི་གཙོ། །བདུད་འདུལ་མཁའ་འགྲོ་འཁོར་དང་བཅས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་གི། དགྱེས་དགུའི་བྷ་ལིང་ཚོགས་སུ་རོལ། །སྡང་བྱེད་དགྲ་པོ་ཆམ་ལ་ཕོབ། །ལོག་འདྲེན་བགེགས་དཔུང་ཕྱེ་མར་ཐོང་། །བྱད་མ་རང་གཤེད་རང་ལ་ཕོབ། །ཕྱི་ནང་གསང་བའི་བར་ཆད་སོལ། །འདུ་བ་རྣམ་བཞི་ཆར་ལྟར་ཕོབ། །ཞི་རྒྱས་དབང་དྲག་ལས་ཀུན་བསྒྲུབ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །མཁའ་འགྲོའི་དབང་ཕྱུག་ཧེ་རུ་ཀ །།གོ་འཕང་མཆོག་ལ་སྐྱེ་བ་འདིར། །བདེ་བླག་བསྒྲོད་པའི་བཀའ་དྲིན་སྩོལ། ཅེས་དང་། སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །མཁའ་སྤྱོད་དབང་མོས་རྗེས་འཛིན་ཅིང་། །སྲིད་འདིར་གསང་ཆེན་སྨིན་གྲོལ་གྱིས། །འཁོར་ལོས་བསྒྱུར་བའི་མཐུ་ཐོབ་ཤོག །ཅེས་སྨོན་ལམ་དག་པས་རྒྱས་གདབ། ཧཱུྃ། སྐུ་གསུམ་གར་མཁན་གྲུབ་གཉིས་གཏེར། །མི་ཟད་ཕན་དང་བདེ་བའི་མཛོད། །རྩ་གསུམ་དཀོན་མཆོག་རྒྱ་མཚོ་དང་། །བདུད་འདུལ་མཁའ་འགྲོའི་བཀྲ་ཤིས་ཤོག །ཅེས་གཞན་ཡང་ཤིས་པ་ཅི་རིགས་བརྗོད།། །།བྱིན་འབེབས་པ་ནི། ཧཱུྃ། རྣམ་དག་ཆོས་དབྱིངས་ཞིང་ཁམས་ནས། །བཟང་མོ་ཆོས་སྐུའི་མཁའ་འགྲོ་དང་། །ལྷུན་གྲུབ་བདེ་ཆེན་ཞིང་ཁམས་ནས། །ཕག་མོ་ལོངས་སྐུའི་མཁའ་འགྲོ་དང་། །མཁའ་སྤྱོད་གསང་ཆེན་གནས་མཆོག་ནས། །སེང་གདོང་སྤྲུལ་སྐུའི་ཌཀྐི་དང་། །རྔ་ཡབ་པདྨ་འོད་ཞིང་ནས། །གུ་རུ་སེང་གེ་སྒྲ་སྒྲོགས་དང་། །ཨོ་རྒྱན་སྤྲུལ་པའི་ཚོགས་ཁང་ནས། །མཁའ་འགྲོ་གཙོ་མོ་མཁར་ཆེན་བཟའ། །འོག་མིན་དག་པའི་ཞིང་ཁམས་ནས། །རིག་འཛིན་བརྒྱུད་པའི་བླ་མ་དང་། །ཡི་དམ་ཞི་ཁྲོ་རབ་འབྱམས་ཚོགས། །གནས་ཡུལ་དུར་ཁྲོད་བརྒྱད་སོགས་ནས། །མ་སྲིང་མཁའ་འགྲོ་རྒྱ་མཚོ་དང་། །བཀའ་དང་དམ་ཚིག་ཞིང་ཁམས་ནས། །བསྟན་སྐྱོང་ཕོ་རྒྱུད་མོ་རྒྱུད་རྣམས། །གསང་ཆེན་དྲག་པོའི་གནས་མཆོག་ནས། །ཐུགས་རྗེའི་དབང་གིས་ཉེར་དགོངས་ལ། །མ་ལུས་འཁོར་བཅས་གཤེགས་སུ་གསོལ། །ཡེ་ཤེས་མཁའ་འགྲོ་སྤྲིན་ལྟར་གཏིབས། །དམ་ཚིག་མཁའ་འགྲོ་ཆར་ལྟར་ཕོབ། །སྣ་ཚོགས་མཁའ་འགྲོ་རྡུལ་ལྟར་འཁྲིགས། །ལས་བྱེད་མཁའ་འགྲོ་གློག་ལྟར་འཁྱུག །ཤ་ཟ་མཁའ་འགྲོ་རླུང་ལྟར་འཚུབ། །འཇིག་རྟེན་མཁའ་འགྲོ་འབྲུག་ལྟར་སྒྲོགས། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོའི། །ལུས་ལ་བརྗིད་པའི་གཟི་བྱིན་ཕོབས། །ངག་ལ་སྔགས་ཀྱི་ནུས་མཐུ་སྩོལ། །ཡིད་ལ་ཏིང་འཛིན་རྟོགས་པ་བསྐྱེད། །ཕྲིན་ལས་རྣམ་བཞིའི་ནུས་པ་སྩོལ། །རྟགས་དང་མཚན་མ་མྱུར་དུ་སྟོན། །ཧཱུྃ་བཛྲ་དྷཀྐི་ནི་སེང་ཧ་མུ་ཁ་ཧ་རི་ནི་ས་སརྦ་ཌཀྐི་ནི་ཛྙ་ན་ཨ་ཝེ་ཤ་ཡ་ཨ་ཨ། ཞེས་འདི་ཡང་སྒྲུབ་ཆེན་མཇུག་ཞལ་འཇལ་བྱུང་ཚེ་རྗེ་དབོན་རྡོ་རྗེ་འཆང་པདྨ་ཀུན་གྲོལ་རྣམ་རྒྱལ་གྱིས་རྒྱ་རོང་དབེན་གནས་སུ་བྲིས་པ་དགེའོ། །སརྦ་མངྒ་ལམ།། །།བདུད་འདུལ་མཁའ་འགྲོའི་འཕུང་གཏད་དང་ཉེ་དབྱེ་ཐུན་རྫས་ངག་མནན་ལ་སོགས་པའི་ལག་ལེན་གནད་ཀྱི་ཟིན་བྲིས་ཟུར་གསལ་དུ་བཀོད་པ་གཞན་ལ་མི་བསྟན་པ་སྙིང་གི་རྒྱ་ཅན་ཤིན་ཏུ་ཟབ་པོ༔ ས་མ་ཡཱ་རྒྱ༔ བདུད་འདུལ་དཔལ་གྱི་མཁའ་འགྲོར་ཕྱག་འཚལ་ལོ། །དེ་ཡང་འཕུང་གཏད་ནག་པོའི་ཞལ་ཤེས་ནི། ལིངྒ་སའི་སྦལ་པ་སོ་བཏང་བའི་ནང་ངམ། མཛེ་ཐོད་ཁ་སྦྱོར་གྱི་ནང་དུ་ཚོན་སྐུད་ཀྱིས་རྒྱ་གྲམ་དུ་བཅིངས་ལ་བཙུད། དགུག་གཞུག་གི་དུས་དམིགས་བྱ་ཀླུ་བདུད་ནག་པོ་མགོ་དགུ་པའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཡུལ་མཁར་མི་ནོར་འཁོར་དང་བཅས་པ་ཐམས་ཅད་ཚུད་པར་དམིགས་ཤིང་ཐར་པའི་གོ་སྐབས་དང་བྲལ་བར་བསམ། ལས་སྦྱོར་གྱི་སྔགས་བཟླ་དེ་ནས་སྒྲུབ་པའི་གནས་ནི་ནམ་མཁའི་མདངས་མི་མཐོང་པའི་མུན་པ་རབ་དུ་འཁྲིགས་པ་མཆོག་གོ། དེ་ནས་མནན་པའི་དུས་ཕྱི་རོ་རས་ཀྱིས་དྲིལ་ཏེ་ཚོན་སྐུད་སྣ་ལྔས་བཅིངས། ཐང་ཆུ་ལ་པྲ་ཚིལ་ལ་སོགས་པས་བཏུམས་ཏེ་ནང་དུ་ཆུ་མི་འགྲོ་བར་བྱ། ཀླུ་བདུད་གནས་པའི་ཆུ་མིག་ལྐུག་པའམ་ཁ་བྱང་ལྟའམ་མཚོ་ལྐུག་པ་ཀུན་གྱི་འགྲིམ་ལམ་མི་འཁོག་ནང་དུ་བྱད་ཐག་གིས་བཏགས་ལ་གཞུགས། དོང་མི་འབྲུ་ཞིང་འདི་ཚོ་འབྱུང་བའི་རྒྱས་འདེབས་དུར་གཡམ་སོགས་དངོས་སུ་མི་དགོས་དེ་ཡང་ནམ་མཁའ་རླུང་ནི་ཀུན་ཁྱབ་དང་། མེ་ནི་ཉི་མ་ཆུ་ས་ངོ་བོ། སླར་སྐྱོབ་པར་འདོད་པའམ་གང་ལྟར་ཡང་ལས་འགྲུབ་ནས་འདོན་རྒྱུ་མ་རྙེད་ན། གཏད་འབྱམས་ཞེས་རང་ལ་ལྡོག་པའི་ཉེན་ཡོད་པས་ལན་རྒྱུ་ཡོད་པ་གལ་ཆེའོ། ཚུར་འདོན་དུས། སྔར་ཁྱེད་ལ་བཅོལ་བ་ཡིན་གྱིས། ད་ནི་རང་ནོར་རང་གིས་ལེན་པ་ལ་འཕྲེང་བ་མི་མཛད་པར་གཏང་རག་གི་མཆོད་སྦྱིན་བཟང་པོ་འདི་བཞེས་ཤིག །ཅེས་བརྗོད་ཀླུ་སྨན་སོགས་སྦ་ཞིང་ཀླུ་གཏོར་གཏོང་། ལིང་སྣོད་ཀྱི་ནང་དུ་ཡང་། ལིངྒས་མ་ཁེངས་པའི་བར་མཚམས་ཐམས་ཅད་བྱང་བུ་དང་འབྲུ་སྣ་ཐུན་སོགས་ཀྱིས་གང་བར་བྱའོ། །ཁ་ཐམ་གུ་ཧྱེ༔ དཔལ་གྱི་མཁའ་འགྲོར་ཕྱག་འཚལ་ལོ། །ལེགས་མཐུན་དབྱེ་བའི་ཡིག་ཆུང་ནི་དགུག་གཞུགས་སྔགས་གཞུང་ལྟར་དང་། སྒྲོ་ཡི་རྡེེག་དུས་གུ་གུལ་ནག །ཤ་ཆེན་ཡུངས་དཀར་དུད་བས་བདུག །ཐུན་གཏོར་དགུག་གཞུག་བྱས་ཏེ་འབུལ། ཧོ་དུས་གསུམ་སངས་རྒྱས་ཀུན་གྱི་ཡུམ་མཆོག་སོགས་དྲག་པོའི་བསྲེག་ཆོག་ལྟར་དང་། དམ་ཅན་རྒྱལ་མཚོའི་ཚོགས་དང་བཅས་པ་རྣམས་ལ། དགྲ་བགེགས་བསྒྲལ་བའི་ཤ་རི་ཁྲག་མཚོ་རུས་ཕུང་འདི་ཉིད་འབུལ་གྱིས་བཞེས་ལ། ཕྲ་མེན་གྱི་ལས་འདི་མཛོད་ལ། དགྲ་བོ་ཆེ་གེ་དང་ཆེ་གེ་ནང་དཀྲུགས་ཤིག །དུས་རྣམས་ཀུན་ཏུ་འཐབ་ཏུ་ཆུགསཅིག །ཞེ་སེམས་འགྲས་སུ་ཆུག་ཅིག །གཅིག་བདུད་དུ་ཕོབ་ཅིག །ཕོ་ཡི་བདུད་དུ་མོ་ཕོབ་ཅིག །མོ་ཡི་བདུད་དུ་ཕོ་ཕོབ་ཅིག །དཔོན་གྱི་བདུད་དུ་གཡོག་ཕོབ་ཅིག །གཡོག་གི་བདུད་དུ་དཔོན་ཕོབ་ཅིག །རྗེ་ཡི་བདུད་དུ་འབངས་ཕོག་ཅིག །འབངས་ཀྱི་བདུད་དུ་རྗེ་ཕོབ་ཅིག །བླ་མའི་བདུད་དུ་སློབ་མ་ཕོབ་ཅིག །སློབ་མའིབདུད་དུ་བླ་མ་ཕོབ་ཅིག །དེས་འགྲེ་བར་གང་མཐུན་དམིགས་བྱ་ཅིག་བདུད་ཞིག་ཕོབ་ཅིག་པའི་འདོད་གསོལ་དང་། གཞན་ཡང་འགོ་ཞིང་སྡོང་གྲོགས་བྱེད་པའི་ལྷ་བཅོ་ལྔ་བདུད་དུ་ཕོབ་ཅིག །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་མི་དང་མི་མ་ཡིན་པ་ཐམས་ཅད་བདུད་དུ་ཕོབ་ཅིག །རང་བདུད་དུ་རང་ཕོབ་ཅིག །ཕུང་ཐབས་སྣ་དགུའི་ཁ་ཕུང་རྗེས་ཤུལ་མེད་པར་རྡུལ་དུ་བརླག་པའི་འཕྲིན་ལས་གཉན་པོ་མཛོད་ཅིག །ཅེས་བརྗོད་ཐུན་གཏོར་ཟོར་དུ་འཕང་པར་བྱའོ། །སླར་གཏད་བབ་ན་འཁོར་ལོ་དབྱུང་ཞིང་མཐུན་པའི་ཐབས་ལམ་ཟབ་མོ་གུད་དུ་བཀོད་པ་ལྟར་སྤྱད་དོ། །བདུད་འདུལ་མཁའ་འགྲོར་ཕྱག་འཚལ་ལོ། དེ་ཡང་སྔགས་བོན་ནང་འགྲས་ལ། ལྐུགས་བྱེད་ངག་མནན་སྦྱོར་བ་བརྩམ། དུག་ཤོག་དག་ལ་ལིངྒ་བྲིས་ལྕེ་ཡི་བྲང་ཁེབས་དབུས་སྙིང་ཁར། ཛ་ནྲི་ཅེས་པའི་མཐར། བྱད་མ་དགྲ་བགེགས་ཆེ་གེ་མོའི། །ལུས་ངག་ཡིད་གསུམ་ཁུག་ཅིག་ནན། །ལྕེ་ལ་ངོས་ནས་བརྩོམ་པ་ཡི། ཨོཾ་དང་བྷནྡྷ་ཤ་རུས་སོགས། །དེའི་མཐར་ཕ་རོལ་དམིགས་བྱ་ཡི། །ཡི་དམ་ཆོས་སྐྱོང་སྲོག་སྔགས་མཐར། །ཆེ་གེའི་ངག་གི་རྣམ་ཤེས་ནི། །མཱ་ར་ཡ་བཾ་ནན་བྲུབ་བྲིས། །ལྕེ་ཡི་ཕྱི་རིམ་ཁོག་པའི་ནང་། །བླ་འགུགས་སྔགས་དང་ཆེ་གེ་མོ། །ཨ་ཝེེ་ཤ་ཡ་གཟུགས་ལ་ཕོབ། །ལུས་ངག་ཡིད་གསུམ་སྟྭཾ་བྷ་ཡ་ནན། ལིངྒའི་ཕྱི་ལ་བསད་སྔགས་མནན་སྔགས་ཁྱད་པར་ངག་མནན་སྔགས། བྱད་མ་དགྲ་བོ་ཆེ་གེ་མོའི། རིགས་སྔགས་དམོད་པའི་ནྲྀ་ཛ་དང་། །རྦད་ནན་སྟྭཾ་བྷ་ཡ་ནན། ཆིངས་ཆིངས་བྲུབས་བྲུབས་བཟློག་སོད་ཡ། །སྣང་སྲིད་ལྷ་འདྲེ་ཐམས་ཅད་དང་། །ཁྱད་པར་འགོ་བའི་ལྷ་ལྔ་དང་། །སྐྱོབས་བྱེད་ལྷ་བཅུ་དམོད་པ་ཕོབ། །རང་ནུས་རང་ལ་སྡིག་ཤིག་དང་། །རང་མགོན་སྲོག་གཅོད་ཤན་པ་ཕོབ། །རང་མཐུ་རང་ཟུག་ལྷ་འདྲེ་སྲུང་མ་རྣམས། །གཤེད་དུ་ཕོབ་ཅིག་རང་སྲོག་ནི་རང་གིས་ཆོད་ཅིག་མི་རུང་བ། །སྣ་དགུའི་ཆར་ཕོབ་སརྦ་སྟྭཾ་བྷ་ཡ་ལམ་ནན་ཆིངས་བྲུབས་སོད། །བཟློག་པ་ཅེས་སོགས་གང་འདོད་བྲི། །དམིགས་བྱའི་མཆིལ་སྣབ་ཟག་རྫས་བྱུགས། །གཞན་ཡང་སྨྲ་མི་ཤེས་པ་ལྐུགས་པ་ཡི། རྟུག་གཅིན་མཆིལ་སྣབས་ཁྲག་དང་ནི། །ཕུག་རོང་སྒོ་ངའི་གསེར་ཐིག་དང་། །མཆོད་རྟེན་སཙྪ་ཞིག་པོའི་ས། །ལྷ་ཁང་རྙིང་པའི་མ་ཐེམ་ས། །དུག་སྣའི་ཆུ་ཡིས་ཁྱབ་པར་བྱུག །བན་སྔགས་ནང་འགྲས་རིགས་ལིང་ལ། །ཁོ་ཡི་གསང་མཚན་གང་ཡིན་བྲིས། །མནན་དུས་སཙྪ་དགུའི་ཁོང་པར། དམོད་མོ་བྲིས་བཅུག་རེ་གདན་བཞག །སངས་རྒྱས་ནག་པོ་སྟོང་རྩར་བསྐྱེད། །ཕྱག་གཉིས་ཉི་ཟླ་ཆ་ལང་བརྡེབ། །སྐུ་སྟོད་དར་ནག་ཆོས་གོས་གསོལ། སྐུ་སྨད་ཕུར་གཟུགས་དམར་ཧོམ་དུ། །དམིགས་བྱ་བསྐལ་པ་དུས་མཐའི་བར། །གཟིར་པའི་ནུས་ལྡན་བསམ་པ་ལ། །སྤྱན་འདྲེན་མཆོད་བསྟོད་སྤྱི་ལྟར་བྱ། །རྟེན་འབྲེལ་སྙིང་པོ་རབ་ཏུ་གནས། །གཟུ་དཔང་དགུག་གཞུག་ལ་སོགས་པ། །མནན་གཞུང་བཞིན་བྱ་ཁྱི་ར་ནི། །སཙྪ་ཁྱི་ཐོད་སྟེང་དུ་བཞག །མྱོང་བྱེད་ལྕེ་ཡིས་བྲང་ཁེབས་པའི། །དཀར་ནག་མཚམས་སུ་བཏབ་པ་ཡི། །རླུང་དཀྱིལ་ལ་ཐུག་གཟིར་བར་བསམ། །དེ་སྟེང་རོ་གཡམ་རྒྱ་གྲམ་དང་། །རི་རབ་བྲིས་པས་ཁ་བཅད་ལ། །འབྱུང་ལྔའི་རྒྱས་འདེབས་རྟ་བྲོ་བརྡིང་། །ངག་མནན་ལས་སྦྱོར་ཡིག་ཆུང་ངོ་། །བབ་ན་འཁོར་ལོ་འདོན་པར་བྱ། །ལིངྒ་དྲི་བཟང་ཆུ་ཡིས་འཁྲུད། །ཆུ་རླུང་ཆེན་པོར་དོར་བར་བྱ། །ཆང་ལ་བདུད་རྩི་ཨ་མྲྀ་ཏ། །ནེ་ཚོ་ལྕོག་གིས་ལྕེ་སྐམ་པོའི། ཕྱེ་མ་བཏབ་ལ་འབྲུ་གསུམ་དང་། །ཧཱུྃ་བཛྲ་དྷཱཀྐི་ནི་སེང་ཧ་མུ་ཥ་ཧ་རི་ནི་ས་ཝཱཀྐ་སརྦ་སིདྡྷི་ཧཱུྃ་སྭཱ་ཧཱ། ཞེས་པ་སྟོང་བཟླས་སྔགས་ཆུ་བླུད། །ལྕེ་ལ་འབྲུ་གསུམ་ཐིམ་པ་ཡིས། །བྱད་རྫས་བསྲེགས་ཤིང་ནུས་ལྡན་བསམ། །ངག་མནན་གྲོལ་བའི་ཡིག་ཆུང་ངོ་། །བདུད་འདུལ་དཔལ་གྱི་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །མངོན་སྤྱོད་དང་ལས་སྦྱོར་ལའང་གཅེས་པའི་དུག་ཁྲག་རྫས་སྲུང་ལག་ལེན་གྱི་རིམ་པ་ནི། དེ་ལ་རྫས་དངོས་གཞི་གཞུང་བཞིན་ལས་ཅུང་ཟད་གབ་སྲུང་རྣམས་འདིར་འཆད་པར་བྱའོ། །ནུས་ལྡན་སྔགས་ཀྱི་དྲིན་ཆེན། །དགེ་སློང་རྣམ་དག་ལོ་བརྒྱད་བཅུ་པའི་དྲི་ཆུ། བ་དམར་མོའི་གཅིན་དང་། ཆང་གི་སྙིང་ཁུ། ཕག་ནག་གི་ཚིལ་དང་བྲུན། གླ་བ་ནག་པོའི་གླ་རྩི་འབྱོར་ན་ནུས་པ་ཆེ། སྤྲུ་བ་ནག་པོ། རྟ་གསེབ་ནག་པོའི་རྟ་བོན། གུ་གུལ་ནག་པོ། གཞན་ཡང་ཤ་སྣ་ཁྲག་སྣ་དང་། ཅེས་པས་མི་རྟ་ཁྱི་གསུམ་བྱ་ཤ་ཟན་གྱི་རིགས། ཁྱད་པར་དུ་བྱ་རྒོད་གཅན་གཟན་སྣ་ཚོགས་པའི་ཤ་ཁྲག་དང་ལྷག་པར་གྲི་ཁྲག་བུང་ཆེ་བར་བསགས། མཛེ་དང་དམེ་མནལ་གསུམ་གྱི་ཁྲག་མི་འགྲོའོ། །དྲི་ངར་ལྡན་པའི་སྨན། ཞེས་གསུངས་པ་དུག་རིགས་སུ་གྱུར་ཚད། གཞན་ཡང་དྲི་ལྔ་ལ་སོགས་ནུས་པ་ངར་བའི་རིགས་སོ། དེ་ལྟ་བུའི་ཁྲག་གི་རིགས་རྣམས་ར་གྲོད་དམ་ལྒང་ཕུག་ནང་དུ་ལེགས་པར་དཀྲུགས་པས་འདྲེས་ངེས་སུ་བྱ། པར་བུ་དམ་པོར་བླུག །ལུད་ཚད་ཚ་ནང་དུ་བསྙལ། ལེགས་པར་རུལ་བ་དང་། དེའི་ནང་དུ་རྫས་རྣམས་ཞིབ་པར་བཏགས་ཏེ་བླུག །སྐྱ་བས་དཀྲུག་ཏེ་འདྲེས་པར་རིལ་ལུ་བྱ་སྟེ། ཁ་དམ་པར་བཅད་མདུན་དུབཤམས་ཏེ། དངོས་གཞི་སྒྲུབ་པ་དང་བསྐྱེད་པའི་རིམ་པ་གཞུང་བཞིན་བསྐྱེད་ལ། ཡེ་ཤེས་སྤྱན་དྲངས་རྫས་ལ་དབྱེར་མེད་དུ་བསྟིམ་ཞིང་རྫས་རྣམས་དུག་གི་རླངས་པ་མེ་དུད་འཚུབ་པར་བསྒོམ་ལ་སྔགས་བཟླ་ཐུན་མཚམས་རྣམས་སུ་ཧུས་བཏབ་རླངས་མ་ཤོར་བར་བྱ་ཞིང་ཁ་དམ་དུ་བཅད། ལེགས་པར་སྒྲུབས། དེ་ནས་རྫས་དེ་ཉིད་རྟག་ཏུ་འཆང་བའི་སྣོད་གླང་དམར་མགོ་ཅན་གྱི་རྭ་གཡས་པར་བཅང་བའམ། མཆན་ཁུང་གཡོན་དུ་བཅང་བར་བྱའོ། །གཞན་ལ་འདོགས་ན་སྨྱུག་ཚིག་ནང་དུ་བླུག་ལ་གདགས། ཞོ་ཆང་བསྲུང་ན་སྣོད་ཀྱི་མཐར་བསྐོར། སྐོམ་ན་རླན་པའི་ཆུ་ནི་གོང་གི་དྲི་ཆུ་དང་ཆང་གི་སྙིང་ཁུའོ། །དེ་ཡང་ཁྲག་གི་ནུས་པ་རུལ་བ་ལས་འབྱུང་བས་ཤིན་ཏུ་རུལ་བར་བྱའོ། །སྨན་དང་རྫས་ཀྱི་ནུས་པ་གསར་བ་ལས་འབྱུང་བས། གསར་བར་སྦྱར་ཞིང་སྐབས་སྐབས་སུ་ཁ་གསོ། སྔགས་ཀྱི་ནུས་པ་བཟླས་པ་ལས་འབྱུང་བས་ནང་རེ་བཞིན་བརྒྱ་རྩ་རེ་བཟླས་ལ་བཏབ་བོ། །རྫས་དེ་ཉིད་དམ་ཉམས་སོགས་ཀྱི་ལག་ཏུ་ཤོར་ན་ནུས་པ་ཞུད་ནས་སྐད་འབྱིན་པ་དང་རྫས་སྣོད་གས་པ་སོགས་འབྱུང་ངོ་། །དེ་བྱུང་ན་སླད་བསྐྱར་ཞིང་བསྒྲུབ་པ་བྱའོ། ཨྠིྀ། བདུད་འདུལ་མཁའ་འགྲོར་ཕྱག་འཚལ་ལོ། མནན་པའི་བགེགས་རིགས་ཁ་བསྒྱུར་བ། །སྔགས་བགོད་ཕལ་ཆེ་དགྲ་དང་མཚུངས། །ཁྱད་པར་སྙིང་ཁར་ཏྲི་བྲིས་ཏེ། །ལྟོ་བ་གསུས་ཁྱིམ་ཆེ་བ་ལ། །འདྲེ་དེའི་གནས་དང་ཡུལ་བྲི་ཞིང་། །བླ་ལ་མིང་མཐར་ཁུག་ཛཿབྲི། །མཐའ་ཡི་མེ་ཆུ་རླུང་གསུམ་སྤང་། །གཞན་དག་དགྲ་བོའི་མིང་ཤུལ་དུ། །བགེགས་ལ་ལིངྒ་གཞན་ཡང་མགོ། རྒྱལ་སྲི་མི་ལུས་སེངྒེའི་མགོ། ཕོ་སྲི་སྤྱང་ཀིའམ་ཡང་ན་གཡག །མོ་སྲི་ཁྱིའམ་རྔ་མོང་མགོ། མཚན་སྲི་ཤ་བ་དགྲ་སྲི་ནི། །སྤྱང་ཀི་འཕུང་སྲི་རྔ་མོང་དང་། །གོད་སྲི་ར་ཕག་འབྲིའི་མགོ། དམ་སྲི་ཕག་དང་བྱིས་སྲི་རྟ། ཆུང་སྲི་རྔ་མོང་ཁྱི་གུའི་མགོ། བསེན་མོ་བྱ་མགོ་རྒྱལ་པོ་མི། །ཡང་ན་སྤྲེལ་སོགས་མགོ་བོ་ལ། །ལུས་ནི་དགྲ་ལིང་དག་དང་མཚུངས། མཐའ་ལ་དམོད་མོ་སྔར་གནོད་དང་། །ད་ལྟ་ཕྱིས་སུ་གནོད་དོགས་པའི། །བགེགས་ཀྱི་མིང་བཅུག་གཞན་མ་འདྲ། །བསད་ཁྲག་དུག་སྣའི་ཆུ་ཡིས་བྱུག །ཕོ་གདོན་མོ་གདོན་རྒྱལ་བསེན་སོགས། །རང་རང་གནས་སའི་ས་རྡོས་བྱུག །དངོས་གཞི་མནན་གཞུང་བཞིན་དུ་སྤྱད། །ལིང་ལྟེབ་འདྲེ་ལྟེབ་ཞེས་པ་ནི། །སྲོག་ཡིག་ཏྲི་ནི་རྐེད་པར་བཅག །ཤི་པགས་བཏུམ་བཞིན་དྲིལ་བའོ། །མནན་ཐོད་གནས་ཀྱི་ཁྱད་པར་ནི། །བགེགས་རིགས་སྤྱི་ལ་ཕག་ཐོད་དམ། །སྤྱང་ཐོད་ཝ་ཐོད་ཁྱི་ཐོད་དུ། །མཆོད་རྟེན་འོག་དང་ཟམ་ཆེན་རྔས། །རྒྱ་ལམ་བཞི་མདོར་སྡེ་བའི་འོག །རྒྱལ་པོའི་ཕུང་སྲི་མོན་བོད་ཧོར། །ཐོད་པ་ཆོས་འཁོར་དབུས་སུ་མནན། །ཕོ་སྲི་གཡག་ཐོད་གངས་ཞབས་སུ། །མོ་སྲི་ཁྱི་ཐོད་མཚོ་ནང་དུ། །དགྲ་སྲི་སྤྱང་ཀི་ལ་བཙས་འོག །འཕུང་སྲི་རྔ་མོང་གྲོག་གའི་ཕུག །གོད་སྲི་འཕར་སྤྱང་ཐོད་པའམ། ཤི་བ་རྗེས་མའི་རྭ་བའི་དབུས། །དམ་སྲི་འཕར་རམ་འུག་ཐོད་དུ། །མནན་པ་ཐེམ་པའི་འོག་ཏུ་མནན། རྫས་དང་ཕྱག་ལེན་མནན་པ་སྤྱི་འགྲེ་བྱས་པས་མཐུས། ཕྱག་ལེན་མི་ནུབ་པའི་ཆེད་དུ་པར་དགོས།


previousབདུད་འདུལ་ནག་མོའི་ཐུན་གཏོར།next