Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདུད་འདུལ་ནག་མོའི་ལས་སྦྱོར་གསུམ་པའི་ཞལ་གདམས།
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousབདུད་འདུལ་ནག་མོའི་ལས་སྦྱོར་གསུམ་པའི་ཞལ་གདམས།next

བདུད་འདུལ་ནག་མོའི་ལས་སྦྱོར་གསུམ་པའི་ཞལ་གདམས།

བདུད་འདུལ་ནག་མོའི་ལས་སྦྱོར་གསུམ་པའི་ཞལ་གདམས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཉི་མ་གྲགས་པས་མཛད་པ་བཞུགས་སོ། །བདུད་འདུལ་ནག་མོའི་ལས་སྦྱོར་གསུམ་པའི་ཞལ་གདམས་ནི། སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་སྤྱི་དོན་རྣལ་འབྱོར་པ་ལ་གནོད་པའི་དགྲ་བགེགས་བྱུང་ན་འདི་ཉིད་བརྩམས་ཏེ། བསྙེན་སྒྲུབ་དང་ལྡན་པའི་རྣལ་འབྱོར་པས། གཞུང་ནས་བཤད་པའི་དུར་ཁྲོད་སོགས་དབེན་པའི་གནས་སུ་ཕུང་ཤུལ་གྱི་ས་ལ་སྟེགས་བུ་གྲུ་གསུམ་མ་ཏྲཾ་བྲིས་པ་དཔེའུ་རིས་བཞིན་བྱས་པའི་སྟོང་ཁྲིའི་ཁར་ལྕགས་སམ་བྷནྷའི་སྣོད་དུ། ནས་ནག་གི་ཕྱེ་ལ་བཙན་དུག་ར་དུག་ཐང་ཕྲོམ་བཏབ་པ་ཁྲག་གིས་སྦྲུས་པའི་གཏོར་མ་རྣམས་གཞུང་ནས་བཤད་པ་ལྟར་བཤམས། མདུན་དུ་ཧོམ་ཁུང་གྲུ་གསུམ་བང་རིམ་དགུས་མཚན་པ་ཁ་དོག་ཅིང་མཐིལ་ཡངས་པ་གས་དང་སྲུབ་མེད་པ་དུག་ཁྲག་སྣ་ཚོགས་ཀྱིས་མདོག་བསྒྱུར་བ། བང་རིམ་ཐམས་ཅད་རྩང་གིས་བསྐོར་བར་བྱ། ནང་དུ་དགྲ་བོའི་ལིངྒ་ཕ་རོལ་གྱི་ཚོད་དང་མཐུན་པ་བྲི། བླ་རྟགས་ནི་མི་རིགས་བཞི་ལ་ཤ་བ་རྒྱལ་རིགས། ལུག་རྗེའུ་རིགས། རྟ་བྲམ་ཟེའི་རིགས། གཡག་གདོལ་བའི་རིགས་ཡིན། མ་ཤེས་ན་དྲག་ཁྲོས་སྲི་མནན་ལྟར་བྲི། ལིང་ཁྲུས་གཞན་དང་མཐུན་པར་བྱ། ལིངྒ་སྐྱེར་པའི་སྐམ་པས་ཁ་བསྡོམས་ལ་ལྷ་དབྱེ་རྫས་ངན་རླུང་ཕྱོགས་བསྟུན་པ་བདུག །ཧོམ་དུ་བཅུག །ཁ་ཆོད་ལ་པུ་རི་ཅེས་པ་ཚ་ཚ་རབ་གནས་ཅན་ཡིན། ཛ་ཁུང་ལ་རྡོ་རྗེས་མཚན་ཅེས་པ་ཐུན་ཁུང་དུ་སྐྱེར་པ་ལ་ཕུར་པ་ཡུ་བ་རྡོ་རྗེ་ཕྱེད་པ་བྱས་པས་བཅད་པ་ཡིན། ཐུན་རྫས་དང་མཚོན་ཆ་རྣམས་ཀྱིས་བསྐོར་ནས་འཇིགས་སུ་རུང་བ་བྱ། གོང་དུ་སྒྲུབ་པའི་དུས་ལྟར་གཏོར་ཚོགས་རྒྱས་པར་བཤམས། སྔགས་པ་གདན་ལ་འདུག་སྟེ། ཕྲིན་ལས་ཀྱི་ཆོ་ག་རྒྱུག་བྱང་ལྟར་བསྟོད་པ་ཡན་གྲུབ་ནས་བསྙེན་པ་བཟླ། ཚེ་སྒྲུབ་བསྙེན་པ་བཟླ་བསྲུང་བའི་དམིགས་རིམ་དང་བསྙེན་པ་བཟླ། བསྙེན་མཚམས་རྣམས་སུ་མཆོད་བསྟོད་བྱ། དེ་ནས་མདུན་བསྐྱེད་བསྙེན་པ་བྱ། གཟུ་དཔང་འདོན་གསེར་སྐྱེམས་མཆོད་ཧོམ་བསྐྱེད། བདེན་སྟོབས་རྒྱས་པ་གསུམ་བསྡུས་པ་ཅི་མང་དང་། རྩ་སྔགས་ཤམ་བུ་ཆེ་གེ་མོ་ཞེས་པ་ཁུག་རིལ་ཐུན་བྷྱོ། ཨ་ཀཪྴ་ཡ་ཛ་ཛ། ཉེར་གཅིག་བརྗོད། ཕོ་ཉ་བསྐུལ་བླ་འགུགས། སྒོ་མ་བཞིས་འགུགས་འཆིངས་སྡོམ་དང་མྱོས་པར་བྱེད། དེ་ནས་དགྲ་བོ་བྱད་མ་གང་ཡིན་པ་དེ་ཉིད་ལ་དམིགས་པ་གཞུང་ནས་བཤད་པ་ལྟར་བསྒོམས་ཞིང་རྦད་སྔགས་འདི་ལ་བརྩོན་པར་བྱ། ཧཱུྃ་བཛྲ་དྷཀྐི་ནི་སེང་ཧ་མུ་ཥ་ཧ་རི་ནི་ས་ཡ་མ་རུ་ཊ་སོགས་ཁུགས་རྟགས་མ་གསལ་བར་དུ་འགུགས་སྔགས་ཁུགས་རྟགས་གསལ་ནས་བསད་སྔགས་སོར་འདོན། ཐུན་མཚམས་སུ་མཆོད་གཏོར་དགྲ་བོའི་ཤ་ཁྲག་ཏུ་དམིགས་ལ་མཆོད། བསྟོད་པ་བྱ། བཀའ་སྲུང་མཆོད། ཐུན་དྲུག་བཅད་ཚོགས་བསྐང་རྒྱས་པ་བཏང་། རྨི་ལམ་རྟགས་མཚན་བྱུང་ནས། ཉེས་པ་བསྒྲགས་བསད་ལས་བྱ། ཤོག་ལིང་ཐུན་རྫས་རྣམས་ཐོད་པར་བཅུག་ཟན་ལིང་བསྒྲལ་ནས་བསྟབ་པ་བྱ། ཐོད་པ་སྔར་བཞིན་ཧོམ་དུ་བཅུག་བདེན་སྟོབས་བརྗོད། ཞག་གསུམ་ནས་ལ་མནན་པའི་སྔགས་བརྗོད། མནན་པ་རྒྱག་གཏོར་མ་འཕེན། ལས་ཀྱི་རྗེས་མི་མངོན་པར་བྱ། ༈ལས་ཚོགས་གཞན་ཐམས་ཅད་ཀྱང་གཞུང་འདི་ནས་དྲངས་དགོས། དམ་མེད་ལོག་ལྟ་ཅན་ལ་མ་སྟོན་ཅིག་གསུངས། སྨད་ལས་དགྲ་བགེགས་བསྒྲལ་བའི་ཟིན་རིས་བྲིས་པའོ། །མངྒལཾ།། །།བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས། བདུད་འདུལ་ནག་མོ་རྒྱུག་བྱང་ནི། ཚིག་བདུན་མ་དང་སྐུ་གསུམ་གསོལ་འདེབས། ཆོས་སྤྱོད་ཐར་པའི་ཐེམ་སྐས། གསོལ་འདེབས། སྔོན་འགྲོ་དཀར་བགེགས་སོགས་སྤྱི་འགྲོས་ལྟར་བྱ། ལས་བྱང་གི་སྐྱབས་སེམས་ལན་གསུམ་བཀའ་བསྒོ་ནས་རཾ་ཡཾ་ཁཾ་གི་བར་མཆོད་པ་བྱིན་རླབས་སྔགས་ལ་ལན་གསུམ། དེ་བཞིན་ཉིད་ཀྱི་ཏིང་འཛིན་ནས་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁ་ཧིའི་བར། འདི་བླ་མ་བརྒྱུད་པའི་བདུད་རྩི་ནང་མཆོད་སྤྲོས་ནས། ཐོད་པ་ཁོར་ཡུག་འབར་བ་རླུ་ནས། བསྙེན་མཚམས་སུ་བསྐྱལ་བསྙེན་པ་ཁྲི་འབུམ་སྐབས་ལྟར་བཟླ། བསྲུང་བའི་དམིགས་པ་འདོན་བསྒོམ་བྱ་ཞིང་བསྲུང་པའི་བསྙེན་པ་མང་ཉུང་གོང་དང་འདྲ། མཁའ་སྤྱོད་དཀར་མོའི་ཚེ་སྒྲུབ་འདོན་ནས་བསྙེན་པ་མང་ཉུང་གོང་དང་འདྲ། བསྙེན་མཚམས་རྣམས་སུ་མཆོད་བསྟོད་བསྡུས་པ་རེ་བྱ། བཀའ་སྲུང་གཏོར་མ་ལ་འགུགས་བསྟིམས་བྱས་ནས་འབུལ་གཏོར་དུ་དམིགས་ནས་འདོན། ཚོགས་འཁོར་བཤམས་ཤིང་བྱིན་རླབས་འདོན། ཚོགས་ཕུད་འབུལ་བསྐང་བ་འདོན། བསྒྲལ་ལས་ནི་ཕུད་བཤམས་ཤིང་བྱིན་གྱིས་རླབས། ཧཱུྃ་བྱིན་རླབས་ཐུགས་རྗེའི་བདག་ཉིད་ཞེས་པ་ནས། སྡོངས་གྲོགས་མཛོད་ཅེས་པའི་བར། ཕུད་མཆོད་གཟུ་དཔང་འདོན་ཞིང་བདེན་སྟོབས་ལན་གསུམ་བརྗོད། ཟོར་ཆུང་བཤམས་ཤིང་བཀུག་གཞུག་བསྡུས་པ་རེ་བྱ། ཕོ་ཉ་བསྐུལ་ཞིང་ཟོར་ཆུང་མདུན་བསྐྱེད་ལ་འབུལ། དེ་ནས་བསྒྲལ་ལས་ལ་འཇུག །ཕོ་བྲང་ཤར་སྒོ་བསྲུང་བའི་ལྷ་ནས། བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཧཱུྃ་ཕཊ་བར། དེ་ནས་ཚེ་ལུང་ཁྲུས་ལུང་གིས་སྤར། ཟོར་ཆུང་བཤམས་ཤིང་བཀུག་གཞུག་བསྡུས་པ་བྱ། བཀའ་སྲུང་བསྐུལ་ཞིང་ཟོར་ཆུང་སྲུང་མར་འབུལ། བསྒྲལ་ཆས་རྣམས་ཐོགས་ཤིང་མཚམས་མཚམས་སུ་བསད་སྔགས་འདོན་ལ་བསྒྲལ། ལིང་རོ་ཕྱེད་མདུན་བསྐྱེད་ལ་འབུལ་ཞིང་བསྟབ་པ་བྱ། དེ་ནས་གཏོར་བཟློག་གཞུང་ལ་འཇུག་པ་ནི། རྡོའི་ཟོར་ཆུང་དང་ཤ་སྣ་ལིང་དུམ་ལྷ་གྲངས་དང་མཉམ་པ་བཤམ་ལ། འགུགས་གཞུག་བསྡུས་པ་རེ་བྱ། གཏོར་བཟློག་གྱེར་བཤམཞིང་ལྷ་མཚམས་སུ་ཟོར་ཆུང་མདུན་བསྐྱེད་ལ་འབུལ་བཟློག་སྔགས་འདོན་གཡབ་མོ་བྱ། ཟོར་ཆུང་བཤམས་རྩང་གྱེར་འདོན་མདུན་བསྐྱེད་ལ་འབུལ། ལྷག་མ་བསྔོ་གསེར་སྐྱེམས་མཆོད་སྒོ་དབྱེ་བྱ། མཁའ་འགྲོའི་ཙཀ་ལི་དང་གཏོར་གདུགས་ལ་དབང་བཞི་ལེན། ཡེ་ཤེས་པ་མཁའ་ལ་དཔགས་དམ་ཚིག་པ་རང་ལ་བསྡུ། གླུད་བཏང་དཔལ་འབར་བཙུགས་གཏོར་མ་དཔགས། ཆད་ཐོ་གྱེར། སྒོ་ཕྱི་ལ་ཧོམ་བསྐྱེད་བྱ་བདེན་སྟོབས་ལན་གསུམ་བརྗོད། རྒྱས་པར་བྱས་ན་བསྒྲལ་ལས་གཞུང་ལྟར་བྱ། བདེ་མཆོག་ལྟར་གྱི་དམོད་བཅོལ་བྱ། བཀའ་སྲུང་བསྐུལ་ཞིང་འཕེན། འདུག་ཟོར་བསྐུལ་ཞིང་འཕེན། ཟོར་སྣ་ཐམས་ཅད་དགྲ་ཕྱོགས་སུ་གཏད་པར་བསམ། བསྟན་མ་སྐྱོང་། སྒྲུབ་ཁང་ཐེམ་འོག་ཏུ་རྟ་བྲོ་བརྡུང། ཡར་ལོག་ནས་སྒྲུབ་མལ་དུ་ཚེ་འགུགས་བཀྲ་ཤིས་བསྔོ་སྨོན་རྒྱས་པར་བྱའོ། ཅེས་པ་འདི་ཡང་རིག་འཛིན་ཆེན་པོས་སོ། །མངྒལཾ།། །།


previousབདུད་འདུལ་ནག་མོའི་ལས་སྦྱོར་གསུམ་པའི་ཞལ་གདམས།next