Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
ལྷ་ཆེན་ལས་ཀྱི་ཧེ་རུ་ཀའི་སྒྲུབ་ཐབས།
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousལྷ་ཆེན་ལས་ཀྱི་ཧེ་རུ་ཀའི་སྒྲུབ་ཐབས།next

ལྷ་ཆེན་ལས་ཀྱི་ཧེ་རུ་ཀའི་སྒྲུབ་ཐབས།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ལྷ་ཆེན་ལས་ཀྱི་ཧེ་རུ་ཀའི་སྒྲུབ་ཐབས་བཞུགས༔ ལས་ཀྱི་ཧེ་རུ་ཀཿལ་འདུད༔ ཆོས་ལ་སྤྱོད་པའི་སྐལ་ལྡན་རྣམས༔ མི་ནག་སྐྱེ་བོས་བྲན་བཀོལ་ཞིང་༔ ཁ་ཉན་ཉམས་ཆུང་དབང་རྒུད་ན༔ ལས་ཀྱི་བདག་སྟེ་ལས་ཀྱི་རྒྱལ༔ ཆེ་དྲེགས་ལས་ཀྱི་ཧེ་རུ་ཀ༔ སྲིད་གསུམ་མངའ་བདག་ལྷ་ཆེན་གྱི༔ སྒྲུབ་ཐབས་འདི་བཞིན་ཉམས་སུ་ལོངས༔ ས་མ་ཡཱ༔ རྒྱ༔ དེ་ཡང་ལས་མཛད་གར་གྱི་ཧེ་རུ་ཀཿ འདི་སྒྲུབ་པའི་ཐབས་བསྟན་པ་དོན་གསུམ་སྟེ༔ སྔོན་འགྲོ་དངོས་གཞི་རྗེས་སོ༔ དང་པོ་སྔོན་དུ་འགྲོ་བ་ལ་གསུམ་སྟེ༔ ཕྱི་གནས་ཀྱི་སྟ་གོན༔ ནང་ཡོ་བྱད་ཀྱི་སྟ་གོན༔ གསང་བ་སྒྲུབ་རྫས་སྟ་གོན་ནོ༔ ས་མ་ཡཱ༔ རྒྱ༔ དང་པོ་ཕྱི་གནས་ཀྱི་སྟ་གོན་ནི༔ སྐར་མ་རྒྱལ་ལ་བབས་པའི་ཉིན་པར༔ ཏེ་སེ་དང་ཙ་རི་ལྟ་བུ་ལྷ་ཆེན་ཡབ་ཡུམ་གྱི་གནས་སམ༔ ཡང་ན་ཁ་ནུབ་ཕྱོགས་ལ་བལྟ་བ༔ ས་མདོག་དམར་ཞིང་མེ་ཏོག་ཀྱང་དམར་པོ་སྐྱེ་བའི་གླིང་༔ ཆུ་བོ་དབང་གི་ཕྱོགས་ནས་འབབ་པ༔ གནམ་ས་ཡང་ཟླ་གམ་གྱི་ཚུལ་དུ་གྲུབ་པ༔ གངས་རི་བརྟན་ཆགས་ལ་མགུལ་ལྷ་དང་དགེ་བསྙེན་གང་རིགས་གནས་པ༔ ཐ་མ་ན་བྲག་རི་ལ་སྨན་མོ་མང་པོ་གནས་པ༔ རི་ལ་ཆུ་འབབ་མང་ཞིང་ཀླུ་ས་ཆེ་བ༔ ན་ཐང་དང་སྤ་མ་སོགས་ནགས་ཚལ་རྒྱས་པ༔ མཚོ་ལ་མཚོ་སྨན་གྱི་ཕོ་བྲང་ཡོད་ངེས་པ་དེ་ལྟ་བུ་ཞིག་གལ་ཆེའོ༔ གཉིས་པ་ནང་ཡོ་བྱད་གྱི་སྟ་གོན་ནི༔ ཁམས་ཀྱི་མཐུན་རྐྱེན་སོགས་དང་ཚོགས་ཀྱི་འཁོར་ལོའི་རྫས་སོགས་ཚོགས་པར་བསག་གོ༔ གསུམ་པ་གསང་བ་སྒྲུབ་རྫས་ཀྱི་སྟ་གོན་ནི༔ ཡིག་ཆུང་ལྟར་བླ་རྡོ་ལ་གང་དགོས་དང་༔ ལས་སྦྱོར་ལྟར་སྐབས་སུ་གང་ལ་དམིགས་པའི་རྫས་རྣམས་མ་ཚང་བ་མེད་པར་བསྒྲུབ་པར་བྱའོ༔ ས་མ་ཡཱ༔ རྒྱ༔ གཉིས་པ་དངོས་གཞི་སྒྲུབ་པའི་རིམ་པ་ལ་གཉིས་ཏེ༔ ལྷ་བསྐྱེད་པ་དང་བསྙེན་སྒྲུབ་ཀྱི་རིམ་པའོ༔ ས་མ་ཡཱ༔ རྒྱ༔ དང་པོ་ལྷ་བསྐྱེད་པ་ནི༔ འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞིག་ཏུ་བསྒོམ༔ སྟོང་པའི་ངང་ལས་ཡི་གེ་ཧྲཱིཿཞིག་རང་བྱུང་དུ་ཤར༔ ཧྲཱིཿདེ་ལས་སྒྲ་རང་བྱུང་གི་ཧྲཱིཿཧྲཱིཿ ཞེས་ཡོངས་སུ་འབྲུག་སྟོང་ལྡིར་བ་ཙམ་དུ་གྲགས་པས༔ སྲིད་པའི་རྩེ་མོ་དང་མནར་མེད་ཀྱི་ཁམས་ཐམས་ཅད་ཡོངས་སུ་ཁྱབ༔ དེའི་སྟོབས་ཀྱིས་འཁོར་འདས་ཐམས་ཅད་འཁྱོམ་རབ་ཏུ་འཁྱོམཿ འུར་རབ་ཏུ་འུརཿ ལྡེག་རབ་ཏུ་ལྡེག༔ འབར་རབ་ཏུ་འབར༔ འཚེག་རབ་ཏུ་འཚེགས༔ འཁྲུག་རབ་ཏུ་འཁྲུགས་པས་ལས༔ ཧྲཱིཿཡིག་དེ་ལས་འོད་ལྔ་ལྡན་ཚ་ལ་མྱུར་བ་མང་པོ་ཕྱོགས་བཅུར་འཕྲོས༔ འཁོར་འདས་ཐམས་ཅད་ཀྱི་ནུས་སྟོབས་དང་ཡོན་ཏན་ཐམས་ཅད་སྐད་ཅིག་གི་དབང་དུ་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་འུབས་ཀྱིས་བསྡུས༔ ས་བོན་ལ་གཉིས་སུ་མེད་པར་ཐིམ༔ གཟི་བརྗིད་དང་འོད་ཟེར་རབ་ཏུ་འཁྲུག་ཅིང་སྐད་ཅིག་གིས་གནས་གྱུར་ཏེ༔ ཟླ་གམ་དམར་པོ་དབང་གི་ཕོ་བྲང་གི་དབུས་སུ་རྟ་བདུན་རླུང་གི་ད་ལ་རབ་ཏུ་འཁྲུག་པའི་ཀློང་དཀྱིལ་དུ༔ ཐབས་ཤེས་ཉི་ཟླ་གའུ་ཁ་སྦྱོར་གྱི་གདན་སྟེང་དུ༔ རང་རིག་སྣང་བའི་ངོ་བོ་ལས་ཀྱི་ཧེ་རུ་ཀ༔ ལྷ་ཆེན་པོ་སྐུ་མདོག་བྱི་རུའི་སྡོང་པོ་ལ་ཏིལ་གྱི་མར་ཁུས་བྱུགས་པ་ལྟར་རབ་ཏུ་དམར་བའི་མདངས་དང་ལྡན་པའི་ཞལ་གཅིག་ཅུང་ཟད་ཁྲོས་པ་ལ་འཛུམ་པའི་ཉམས་ཅན༔ རལ་པ་སྨུག་ནག་གྱེན་དུ་འབར་ཞིང་རིན་པོ་ཆེའི་རྩེ་བྲན་གྱིས་བརྒྱན་པ༔ ཕྱག་གཡས་ཁ་ཊྲཱཾ་ནམ་མཁའ་ལ་འཕྱར་ཞིང་གཡོན་ལྕགས་ཀྱུ་བསྣམས་པས་ཡུམ་ལ་འཁྱུད་པ༔ ཞབས་གཉིས་དོར་སྟབས་སུ་འགྱིང་བ༔ གཅེར་བུ་རབ་ཏུ་སྒེག་པའི་ཉམས་དང་ལྡན་པའི་པང་དུ༔ སྟོང་པའི་རང་རྩལ་ཡུམ་མཆོག་ཨུ་མ་དྷེ་ཝ་དམར་མོ་ཞལ་གཅིག་ཕྱག་གཉིས་གཡས་སྣང་སྲིད་གསལ་བའི་མེ་ལོང་འཛིན་ཞིང་ཡབ་ལ་འཁྱུད་པ༔ གཡོན་ཉི་མའི་དཀྱིལ་འཁོར་འོད་ཟེར་སྟོང་ལྡན་འབར་བ་བསྣམས་པ༔ ཞབས་གཉིས་གཡས་བརྐྱང་ཞིང་གཡོན་ཡབ་ལ་འཁྲིལ་བ༔ བདེ་བའི་ཉམས་དང་ལྡན་པ་དབུ་སྐྲ་སིལ་མ་སྐུ་རྒྱབ་ཏུ་འཕྱང་བ༔ ནུ་མ་བྷ་ག་ལང་ཚོ་རབ་ཏུ་རྒྱས་པ་ཟུང་འཇུག་ཏུ་འཁྲིལ་བའི་སྤྱི་བོར་རིགས་ཀྱི་བདག་པོ་བདག་ཉིད་ཐོད་པ་རྩལ་སྨུག་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་སྡང་མིག་ཏུ་བལྟ་བ༔ སྙན་ལ་དུང་གི་ཝལ་མིག་གིས་བརྒྱན་པ༔ གཡས་སེང་ལྡིང་གི་ཌཱ་མ་རུ་ནམ་མཁའ་ལ་འཁྲོལ་བ༔ གཡོན་མི་རྐང་གི་གླིང་བུ་འབུད་པ༔ རལ་པའི་ཐོད་བཅིངས་པ༔ རུས་པའི་རྒྱན་བཏགས་པ༔ དཔའ་བོ་སྟག་གི་ཤམ་ཐབས་གསོལ་བ༔ ཞབས་གཉིས་གར་སྟབས་སུ་འཁྲབ་པ༔ གཟི་བརྗིད་དང་ལྡན་པ་ཞིག་ཏུ་བསྒོམ༔ ལྷ་ཆེན་པོའི་ཐུགས་ཀར་པདྨ་དབང་གི་རྒྱལ་པོ་ཞལ་གཅིག་ཁྲོས་པའི་ཉམས་ལྡན་སྤྱན་གསུམ་བགྲད་པ༔ ཕྱག་གཡས་རྡོ་རྗེ་གཡོན་དྲིལ་བུ་བསྣམས་པ༔ ཞབས་གཉིས་དོར་སྟབས་སུ་འགྱིང་བ༔ དམར་ལ་སྨུག་པའི་མདངས་ཅན་རལ་པའི་ཁྲོད་ནས་དབང་ཆེན་རྟ་དབུ་ལྗང་ཞུར་འཚེར་བ་ཞིག་ཏུ་བསྒོམ༔ ཡུམ་གྱི་ཐུགས་ཀར་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཅན་སྤྱན་གསུམ་བགྲད་ཅིང་མཆེ་བ་གཙིགས་པ༔ ལང་ཚོ་རབ་ཏུ་རྒྱས་པས་བདེ་བའི་ཆུ་རྒྱུན་འཕྲུག་པ༔ གཅེར་བུ་སྤྱི་བོ་ནས་ཕག་ཞལ་མཐིང་ནག་ངུར་སྒྲ་འབྱིན་པ༔ ཡབ་ཡུམ་གཉིས་མེད་རང་སྣང་གི་དབྱིངས་སུ་འདུ་འབྲལ་མེད་པར་འཁྲིལ་བ༔ གཅེར་བུ་མདངས་དང་ལྡན་པར་བསྒོམ༔ དེ་ལྟར་ཟླ་གམ་ཕོ་བྲང་དབང་གི་གཞལ་ཡས་ཀྱི་དབུས་སུ་འོད་ཟེར་དམར་པོ་འཁྱིལ་བའི་ཀློང་དུ༔ ལྷ་ཆེན་པོ་ཡབ་ཡུམ་ཟུང་འཇུག་ཏུ་བཞུགས་པའི་ཕྱི་རོལ་ཕྱོགས་བཞིར་འཁོར་ལོ་རྩིབས་བཞིའི་སྟེང་དུ་མུ་སྟེགས་ཀྱི་དྷཀྐི་སྡེ་བཞི་དཀར་སེར་དམར་ལྗང་བཞིའིི་མདོག་ཅན་གཡས་ཐམས་ཅད་ན་ཁ་ཊྲཱཾ་འཕྱར་བ༔ གཡོན་ཐམས་ཅད་ན་ཞགས་པ་ཐོགས་པ༔ ཞབས་ཐམས་ཅད་བརྐྱང་བསྐུམ་གར་སྟབས་ཅན༔ གཅེར་བུ་ལང་ཚོ་རྒྱས་ཤིང་སྐྲ་སིལ་བུར་འཕྱོ་བ༔ རང་རང་ལ་འོད་ཟེར་དཔག་མེད་འབར་བའི་ཀློང་དུ་བཞུགས་པར་བསྐྱེད༔ ཟླ་གམ་དབང་གི་ཕོ་བྲང་གི་ཕྱི་རོལ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་དང་ལྡན་པའི་ཤར་སྒོར་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་༔ ལྷོ་སྒོར་འཕགས་སྐྱེས་པོ༔ ནུབ་སྒོར་མིག་མི་བཟང་༔ བྱང་སྒོར་རྣམ་ཐོས་སྲས་བཞི་པོ་ཡང་སྐུ་མདོག་དཀར་སྔོ་དམར་སེར་དུ་འབར་བ༔ རང་རྟགས་ཀྱི་ཕྱག་རྒྱ་ཅན༔ གོ་ཁྲབ་དང་བཅས་ཞབས་སྟངས་སྟབས་སུ་བསྒྱུར་ཞིང་བཀའ་ཉན་འཕྲིན་ལས་བཞི་ཐོགས་མེད་དུ་བསྒྲུབ་པའི་ཚུལ་དུ་གསལ་ཞིང་༔ སྤྱན་འདྲེན་བཞུགས་གསོལ་མཆོད་བསྟོད་ལ་སོགས་བྱའོ༔ གཉིས་པ་བསྙེན་སྒྲུབ་ཀྱི་རིམ་པ་ནི༔ བདག་བསྐྱེད་སྒྲུབ་པའི་བླ་རྡོ་དང་བཅས་པ་ཐམས་ཅད་སྣང་སྟོང་འགག་མེད་ཀྱི་རོལ་པ་ལས༔ བསྐྱེད་རིམ་ལྷ་ཡི་ཏིང་འཛིན་དེ་ལྟར་གསལ་བའི་པདྨ་དབང་ཆེན་གྱི་ཐུགས་ཀར་ཉི་དཀྱིལ་གྱི་སྟེང་དུ༔ ཡེ་ཤེས་རང་བྱུང་གི་ངོ་བོ་རྡོ་རྗེེ་ལྔ་པ་ནས་འབྲས་ཙམ་གྱེན་དུ་ལངས་པའི་ཁོང་གསེང་དུ་ལྷ་ཆེན་པོའི་ཐུགས་སྲོག་ཧྲཱིཿདམར་པོ་ཚེག་དྲག་དང་ལྡན་པ་ཞིག་གསལ༔ ཡེ་ཤེས་ཀྱི་རྡོ་རྗེ་ལས་འོད་དམར་པོ་སྟེང་གི་ཕྱོགས་སུ་འཕྲོས་པས་རིགས་བདག་གི་ཐུགས་ཀར་ཕོག༔ ཐུགས་དམ་གྱི་རྒྱུད་བསྐུལ༔ དེའི་ཐུགས་ཀའི་ས་བོན་ཧྲཱིཿཡིག་ལས་འོད་ཟེར་སྐར་མདའ་ཆད་པ་ལྟར་སྲིད་པའི་རྩེ་མོར་འཕྲོས་པས༔ ལྷ་ཆེན་པོ་ཡབ་ཡུམ་གྱིས་གནས་གསུམ་ལ་ཕོག༔ འོད་ཟེར་གྱི་གཟི་བརྗིད་མ་བཟོད་ནས་ལྷུང་ཐབས་ཀྱི་ངང་ནས་ལམ་གྱིས་བྱོན༔ བསྐྱེད་པ་རྣམས་ལ་ཐིམ༔ སླར་ཡང་རིགས་བདག་གི་གནས་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས༔ སྐུ་གསུམ་གྱི་སངས་རྒྱས༔ དུས་གསུམ་གྱི་བླ་མ་ཡེ་ཤེས་ལྔའི་ནུས་སྟོབས་ཐམས་ཅད་བསྡུས་ནས༔ བདག་བསྐྱེད་དང་སྒྲུབ་རྫས་རྣམས་ལྷར་གསལ་བ་ལ་ཐིམ༔ ཐུགས་རྗེ་དང་ཡེ་ཤེས་ཀྱི་གཟི་འོད་འབར༔ བླ་མ་དང་སློབ་དཔོན་ཐམས་ཅད་རང་གི་དབང་དུ་གྱུར༔ ཡི་དམ་དབང་ཆེན་ཡབ་ཡུམ་གྱི་གནས་གསུམ་ལས་འོད་ཟེར་འཕྲོས་ཤིང་རྟ་སྐད་དང་ཕག་སྐད་ལྡིར་བས༔ ཡེ་ཤེས་ཀྱི་ལྷ་ཚོགས་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་རང་དབང་མེད་པར་དབང་དུ་བསྡུས༔ གཉིས་སུ་མེད་པར་ཐིམ་པས་མཆོག་གི་དངོས་གྲུབ་རྣམས་མངོན་དུ་གྱུར༔ སླར་ལྷ་ཆེན་པོ་ཡབ་ཡུམ་གཉིས་ཀྱི་ཐུགས་ཀའི་ས་བོན་སྔགས་འབྲུ་འཁོར་བཀའ་སྡོད་དང་བཅས་པ་ཐམས་ཅད་ལས་འོད་ཟེར་སྟོང་གསུམ་གྱི་སྟོང་ཆེན་པོ་ཡོངས་སུ་ཁྱབ་པར་འཕྲོས༔ ལྕགས་ཀྱུའི་རྣམ་པའི་འོད་ཟེར་གྱིས་གསེར་དངུལ་ཟངས་ལྕགས་མུ་ཏིག་བྱི་རུ་སྤོས་ཤེལ་མེན་ཤེལ་ཆུ་ཤེལ་སོགས་ཀྱི་ནོར་གྱི་དངོས་པོ་འབྲུ་སྣ་སྣ་ཚོགས༔ དར་ཟབ་མཁོ་དགུའི་ཡོ་བྱད་རྣམས་བསྡུས༔ ཞགས་པའི་རྣམ་པ་དཔག་ཏུ་མེད་པས་འགྲོ་བ་ལྷ་མི་གཟུགས་ཅན་གཟུགས་མེད་ཐམས་ཅད་ཤིང་ལོ་སྐམ་པོ་རླུང་གིས་དེད་པ་ལྟར་རང་དབང་མེད་པར་སྐད་ཅིག་གིས་བཀུག༔ ལྕགས་སྒྲོག་གི་རྣམ་པའི་འོད་ཟེར་དཔག་ཏུ་མེད་པས༔ ལྷ་འདྲེ་མི་གསུམ་གྱི་ཆེ་བཙན་དྲེགས་པ་ཅན་དེ་ཐམས་ཅད་བཀའ་ཉན་གསུང་སྡོད་བྲན་དང་ཕོ་ཉར་བཀོལ་ཕྱིར་རང་དབང་དུ་འདུས་པར་བཅིངས༔ དྲིལ་བུའི་རྣམ་པའི་འོད་ཟེར་དཔག་ཏུ་མེད་པས་དེ་རྣམས་ཀྱི་ཚོར་བ་དང་ང་རྒྱལ་གྱི་ཕུང་པོ་རབ་ཏུ་མྱོས་སུ་བཅུག་ནས༔ རང་གིས་ཅི་བཅོལ་བའི་བྲན་དང་ཡང་བྲན་དུ་བསྒོམ་ཞིང་༔ ཡེ་ཤེས་ཀྱི་ལྷ་དབང་ཆེན་ཡབ་ཡུམ༔ འཇིག་རྟེན་གྱི་ལྷ་ལས་ཀྱི་ཧེ་རུ་ཀཿཡབ་ཡུམ༔ སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་བདག་ཉིད་ཐོད་པ་རྩལ༔ ཡོན་ཏན་འགགས་མེད་ཀྱི་རང་མདངས་མཁའ་འགྲོ་སྡེ་བཞི༔ འཕྲིན་ལས་རབ་འབྱམས་ཀྱི་སྣང་ཚུལ་རྒྱལ་པོ་བཞི་བཀའ་ཉན་དང་བཅས་པ་ཐམས་ཅད་ཀྱི་ཞལ་ནས༔ གསང་བའི་ཡང་སྙིང་བསྙེན་སྒྲུབ་ཆིག་དྲིལ་དུ་བསྟན་པའི་སྔགས་སྒྲ་བུང་བ་ཚང་ཞིག་པའི་སྒྲ་ལྟར་ཟིང་ལྷོང་ལྷོང་དུ་ཡོད་པར་བསམས་ཤིང་ཡང་སྙིང་འདི་མི་ཚིག་གིས་བར་མ་ཆོད་པར་ཞག་བདུན་བཟླ་བར་བྱའོ༔ ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀར་ཤ་ཡ་ཧྲིང་ཧྲིང་ཛཿཛཿ འདི་བསྙེན་སྒྲུབ་ཀྱི་རྩ་བསྙེན་ཡིན༔ བཛྲ་རཏྣ་པདྨ་ཀརྨ་སིདྡྷི་ཧཱུྃ༔ ཨ་ཏྲི་ནྲི་སརྦ་ཛཿཁམས་གསུམ་ཀུན་གྱི་སྙིང་བསྒུལ༔ འགྲམ་ཆོག༔ སེམས་དཀྲུགས༔ ན་ན་ཁ་དྷེ་པུཥྟིཾ་ཀུ་རུ་ཡེ་སྭཱ་ཧཱཿ འདི་རྣམས་ལས་སྦྱོར་ཡོངས་རྫོགས་སོ༔ འདི་ལྟར་ཞག་བདུན་བསྒྲུབས་པ་ཡིས༔ སྲིད་པ་འཁྲུག་ཅིང་ས་རྡོ་འཕར༔ ཉི་ཟླའི་ཟེར་འཕྲོ་འབྱུང་བཞི་གཡོ༔ གྲགས་པས་འཇིག་རྟེན་ས་སྟེང་ཁྱབ༔ ལྷ་འདྲེ་མ་ལུས་བཀའ་ཉན་བྱེད༔ མགོ་ནག་འགྲོ་བ་བྲན་དུ་ཁོལ༔ ལྷ་རྣམས་ཐམས་ཅད་གྲོགས་སུ་འགྱུར༔ འདྲེ་ངན་ཐམས་ཅད་སྐད་ངན་འབྱིན༔ རྟགས་ནི་རབ་དངོས་འབྲིང་ཉམས་དང་༔ ཐ་ན་རྨི་ལམ་ལ་སོགས་སུ༔ བསྐྱེད་རིམ་དམིགས་པ་དང་མཚུངས་ལྟར༔ ཉི་ཟླར་ཞོན་དང་གླིང་བཞི་བསྐོར༔ རྒྱ་མཚོ་རྔུབ་དང་རི་རབ་འདེགས༔ དབང་བསྡུས་ཟིལ་མནན་བཀའ་བསྒོས་ཉན༔ ལྕགས་ཀྱུ་ཁ་ཊྭཱཾ་ཞགས་པ་རྙེད༔ དེ་ལ་སོགས་པའི་རྟགས་རྣམས་འབྱུང་༔ བསྙེན་སྒྲུབ་ཞག་གྲངས་རྫོགས་ན་ཡང་༔ རྟགས་ཀྱི་རིམ་པ་མ་གསལ་ན༔ ཐེངས་གསུམ་ལྔ་བདུན་དགུ་ལ་སོགས༔ ཡང་ཡང་བསྐྱར་ཞིང་རྟགས་རྫོགས་ཚེ༔ གང་འདོད་ལས་སྦྱོར་སྔགས་དམིགས་རྣམས༔ ཤེས་རབ་རིག་པས་ཟུར་གསལ་བལྟ༔ བརྩམས་པའི་འཕྲིན་ལས་མ་གྲུབ་ན༔ པདྨ་འབྱུང་གནས་མ་ཤེས་འཁྲུལ༔ དེ་ཕྱིར་ཐེ་ཚོམ་ཡིད་གཉིས་སྤོངས༔ བརྩོན་འགྲུས་ལྡན་པས་ཉམས་སུ་ལོངས༔ ས་མ་ཡཱ༔ རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་དམ་ཚིག་བསྟན་པ་ལ་དྲུག་སྟེ༔ ལྷ་ཆེན་གྱི་སྐུ་ཡི་དམ་ཚིག་ཏུ་ཉིན་ཞག་ཕྲུགས་རེ་ལ་བསྐྱེད་རིམ་ཐུན་རེ་གསལ་ཞིང་༔ བསྙེན་པ་བརྒྱ་སྟོང་གང་བྱུང་རེ་མ་ཆགས་པར་བྱའོ༔ གསུང་གི་དམ་ཚིག་ཏུ་སྒྲུབ་ཡིག་བཅང་ཞིང་ཕ་རོལ་ལ་གསང་རྒྱ་རབ་ཏུ་བསྡམ་མོ༔ ཐུགས་ཀྱི་དམ་ཚིག་ཏུ་བླ་རྡོ་དང་མ་བྲལ་བར་བྱའོ༔ ཡོན་ཏན་གྱི་དམ་ཚིག་ཏུ་ཕྱག་མཚན་འཆང་༔ འཕྲིན་ལས་ཀྱི་དམ་ཚིག་ཏུ་ཚོགས་གཏོར་ནར་མའམ་ཉ་ཆེན་ལ་གསོལ་མཆོད་འབུངས༔ ཡོངས་རྫོགས་ཀྱི་དམ་ཚིག་ཏུ་ལོངས་སྤྱོད་ཐམས་ཅད་ཆ་གཅིག་བླ་མ་ལ༔ ཆ་གཅིག་སྦྱིན་པ༔ ཆ་གཅིག་རང་གིས་ལོངས་སྤྱོད་དོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ དམ་རྒྱ༔ གཏད་རྒྱ༔ གཉན་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་ཁམས་པ་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་གངས་རིའི་རྒྱལ་པོ་ཏེ་སེ་ནས་ཤིང་མོ་ཡོས་ལོ་ལ་གདན་དྲངས་ཤིང་ལྕགས་ཕོ་སྤྲེལ་གྱི་ལོ་ལ་ཤོག་སེར་ལས་ཕབ་པའོ། །མངྒཱ་ལཾ།། །།


previousལྷ་ཆེན་ལས་ཀྱི་ཧེ་རུ་ཀའི་སྒྲུབ་ཐབས།next