Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  expand section
  collapse section
   
   
བསྙེན་སྒྲུབ་ལས་གསུམ་གྱི་ཁ་སྐོང་མཆོད་བསྟོད་ཀྱི་ཆོ་ག
   
   
   
  expand section
   
  expand section


 
previousབསྙེན་སྒྲུབ་ལས་གསུམ་གྱི་ཁ་སྐོང་མཆོད་བསྟོད་ཀྱི་ཆོ་གnext

བསྙེན་སྒྲུབ་ལས་གསུམ་གྱི་ཁ་སྐོང་མཆོད་བསྟོད་ཀྱི་ཆོ་ག

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་བསྙེན་སྒྲུབ་ལས་གསུམ་གྱི་ཁ་སྐོང་མཆོད་བསྟོད་ཀྱི་ཆོ་ག་བཞུགས༔ ལས་མཛད་ཧེ་རུ་ཀཿལ་བསྟོད༔ དམ་ཚིག་ཆོས་ལྡན་སྐྱེས་བུ་ཡིས༔ ལོ་ཀ་ཆོས་ལ་དབང་བསྒྱུར་ཕྱིར༔ ཆགས་པས་རྗེས་ཆགས་དབང་མཛད་ལྷ༔ སྒྲུབ་པ་ལས་སྦྱོར་སྨིན་བྱེད་དབང་༔ ཀུན་གྱི་སྤྱི་ཆིངས་འདི་ལྟར་སྤྱོད༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལ་འཕྲིན་ལས་ཐམས་ཅད་ཀྱི་ཁ་སྐོང་བསྙེན་སྒྲུབ་ཀྱི་ལྡེ་མིག་མཆོད་བསྟོད་ཀྱི་ཆོ་ག་སྟོན་པ་འདི་ལ་དོན་གསུམ་སྟེ༔ སྔོན་དུ་འགྲོ་བ་དང་དངོས་གཞི་རྗེས་སོ༔ དང་པོ་སྔོན་དུ་འགྲོ་བ་ལ་ལྔ་སྟེ༔ བཀའ་བསྒོ་བ༔ མཚམས་གཅོད་པ༔ སྐྱབས་སུ་འགྲོ་བ༔ སེམས་བསྐྱེད་པ༔ མཆོད་རྫས་བྱིན་གྱིས་བརླབ་པའོ༔ ས་མ་ཡཱ༔ རྒྱ༔ དང་པོ་བཀའ་བསྒོ་བ་ནི༔ ཧཱུྃ༔ བདག་ཉིད་ལས་ཀྱི་ཧེ་རུ་ཀ༔ རྩ་གསུམ་དབང་གི་དཀྱིལ་འཁོར་འདིར༔ འདུ་བའི་རིགས་རྣམས་མ་གཏོགས་པ༔ དམ་མེད་ལོག་ལྟ་གདོན་གྱི་ཚོགས༔ ཆངས་བུའི་གཏོར་མ་འདི་ཁྱེར་ལ༔ སྐད་ཅིག་ཉིད་ལ་ཕྱིར་དེངས་ཤིག༔ ཧྲཱིཿབཛྲ་དྷཀྐི་ནི་མ་ཧཱ་དྷེ་ཝ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ ཨུ་ཙ་ཡ་བྷིདྱ་རཱ་ཛ་ཡ་ཕཊ༔ གཉིས་པ་མཚམས་གཅོད་པ་ནི༔ ཧཱུྃ༔ མ་ཧཱ་དྷེ་ཝ་དབང་ཆེན་ཐུགས་ཀ་ནས༔ འོད་ཟེར་འཕྲོ་འདུས་སྟེང་འོག་ཕྱོགས་མཚམས་ཁྱབ༔ བསྲུང་བའི་འཁོར་ལོས་བར་མཚམས་མེད་པར་བལྟམས༔ འབྱུང་པོ་གདོན་བགེགས་ནམ་ཡང་མ་འདའ་ཞིག༔ ཧྲཱིཿབཛྲ་དྷཀྐི་ནི་མ་ཧཱ་དྷེ་ཝ་ཤྲཱི་ཧེ་རུ་ཀཿཛྭ་ལ་རཾ་རཾ་རཀྵ་ཧཱུྃ༔ གསུམ་པ་སྐྱབས་སུ་འགྲོ་བ་ནི༔ ཧཱུྃ༔ བརྒྱུད་པ་ཀུན་འདུས་ཐོད་ཕྲེང་རྩལ༔ དཔལ་ཆེན་པདྨ་རྟ་མགྲིན་དབང་༔ རྡོ་རྗེ་ཕག་མོ་ཡུམ་དང་བཅས༔ མ་ཧཱ་དྷེ་ཝ་ཡབ་ཡུམ་ལ༔ དངོས་གྲུབ་དོན་དུ་སྐྱབས་སུ་མཆི༔ བཞི་པ་སེམས་བསྐྱེད་པ་ནི༔ ཧཱུྃ༔ སངས་རྒྱས་བསྟན་དང་འགྲོ་བའི་དོན༔ བྱང་ཆུབ་དམ་པར་སེམས་བསྐྱེད་དེ༔ དབང་མཛད་ལྷ་ཡི་ཏིང་འཛིན་གྱིས༔ འགྲོ་རྣམས་སྒྲོལ་བར་དམ་བཅའ་འོ༔ ལྔ་པ་མཆོད་པ་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ ལྷ་ཆེན་དབང་གི་ཐུགས་ཀ་ནས༔ འོད་ཟེར་འཕྲོས་པའི་ཆོ་འཕྲུལ་གྱིས༔ མཆོད་པའི་མ་དག་འབགས་ཚོགས་སྦྱངས༔ འདོད་ཡོད་སྤྲིན་ཕུང་བདུད་རྩིར་བསྒྱུར༔ ཨཱོཾ་ཨཱཿཧཱུྃ་སརྦ་ཛྙཱ་ན་པུཥྩ་ས་མ་ཡེ་སྭཱ་ཧཱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ལ་བདུན་ཏེ༔ གཞལ་ཡས་བསྐྱེད་པ༔ ལྷ་བསྐྱེད་པ༔ སྤྱན་འདྲེན་པ༔ བཞུགས་སུ་གསོལ་བ༔ ཕྱག་འཚལ་བ༔ མཆོད་པ་འབུལ་བ༔ བསྟོད་པ་བྱ་བའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་གཞལ་ཡས་ཁང་བསྐྱེད་པ་ནི༔ ཧཱུྃ༔ གཟུགས་སྣང་སྟོང་པའི་ངང་ཉིད་ལས༔ དབང་ཆེན་ཕོ་བྲང་མུ་ཁྱུད་རྩིབས༔ སྒོ་གྲུ་རྟ་བབས་གདུགས་ཏོག་མཛེས༔ སྣ་ཚོགས་རིན་ཆེན་གཞལ་ཡས་ཁང་༔ རྒྱན་བཀོད་ཡིད་འོང་ལྟ་ན་སྡུག༔ ཧྲཱིཿབྷྲཱུྃ་ཛྙཱ་ན་མཎྜལ་བྷྲཱུྃ༔ གཉིས་པ་ལྷ་བསྐྱེད་པ་ནི༔ ཧཱུྃ༔ ཕོ་བྲང་ཟླ་གམ་དབང་ཆེན་ཀློང་༔ ཐུགས་སྲོག་ཧྲཱིཿཡིག་འཕྲོ་འདུ་ལས༔ རྟ་བདུན་རླུང་གི་ད་ལའི་དཀྱིལ༔ ཐབས་ཤེས་གའུ་ཁ་སྦྱོར་སྟེང་༔ བདག་ཉིད་ལས་ཀྱི་ཧེ་རུ་ཀ༔ སྐུ་མདོག་དམར་པོ་གཟི་བརྗིད་འབར༔ ཞལ་གཅིག་ཕྱག་གཉིས་དོར་སྟབས་བཞུགས༔ ཕྱག་གཡས་རྩེ་གསུམ་ནམ་མཁར་འཕྱར༔ ཕྱག་གཡོན་ལྕགས་ཀྱུ་ཡུམ་ལ་འཁྱུད༔ རལ་བ་གྱེན་བརྫེས་རྩེ་བྲན་སྤྲས༔ ཞི་འཛུམ་གཅེར་བུ་སྒེག་ཉམས་ལྡན༔ ཡུམ་མཆོག་ལྷ་མོ་དམར་མོ་ནི༔ ཞལ་གཅིག་ཕྱག་གཉིས་ཡབ་ལ་འཁྱུད༔ འདོད་ཁམས་དབང་སྡུད་མེ་ལོང་གཡས༔ གཟུགས་ཁམས་དབང་སྡུད་ཉི་དཀྱིལ་གཡོན༔ ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་འཁྲིལ༔ དབུ་སྐྲ་ཐུར་འཕྱང་ལང་ཚོ་རྒྱས༔ བདེ་བའི་ཉམས་དང་ལྡན་པར་བསྐྱེད༔ སྤྱི་གཙུག་རིགས་བདག་ཐོད་ཕྲེང་རྩལ༔ སྨུག་ནག་ཞལ་གཅིག་སྤྱན་གསུམ་བགྲད༔ གཡས་པས་སེང་ལྡེང་ཌཱ་རུ་འཁྲོལ༔ གཡོན་པས་མི་རྐང་གླིང་བུ་འབུད༔ གཅེར་བུ་དབུ་སྐྲ་ཐོད་པས་བཅིངས༔ དཔའ་བོ་སྟག་གི་ཤམ་ཐབས་དཀྲིས༔ རུས་པའི་ཕྲེང་བས་སྐུ་ལ་བརྒྱན༔ གར་སྟབས་གཟི་མདངས་ལྡན་པར་བསྐྱེད༔ ལྷ་ཆེན་དབང་གི་ཐུགས་ཀ་རུ༔ དབང་མཛད་དམར་པོ་དབང་གི་ལྷ༔ པདྨ་དབང་ཆེན་སྨུག་ནག་ཁྲོ༔ ཞལ་གཅིག་སྤྱན་གསུམ་སྡང་མིག་བགྲད༔ ཆགས་པའི་ཉམས་ལྡན་མཆེ་བ་གཙིགས༔ ཞབས་གཉིས་དོར་སྟབས་འགྱིང་ཞིང་བརྗིད༔ ཕྱག་གཡས་རྡོ་རྗེ་ནམ་མཁར་འཕྱར༔ ཕྱག་གཡོན་དྲིལ་བུ་དཀུ་ལ་བརྟེན༔ གཅེར་བུ་རལ་ཁྲོད་རྟ་སྐད་འཚེར༔ བདེ་བ་རྒྱས་པའི་ཚུལ་དུ་བསྒོམ༔ ཡུམ་མཆོག་ལྷ་མོའི་ཐུགས་ཀ་རུ༔ རྡོ་རྗེ་ཕག་མོ་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ༔ གྲི་གུག་ཐོད་ཁྲག་ཕྱག་རྒྱ་ཅན༔ ཕག་ཞལ་མཐིང་ནག་ངུར་སྒྲ་སྒྲོགས༔ ཞབས་གཉིས་གར་སྟབས་ལིང་ལིང་དུ༔ ཆགས་པའི་ལང་ཚོ་རྒྱས་པ་ཡི༔ བདེ་བའི་ཆུ་རྒྱུན་འཁྲུག་པ་ལ༔ སྣང་སྟོང་ངང་ནས་ཟུང་འཇུག་བསྐྱེད༔ ཧཱུྃ༔ ཕྱི་རིམ་འཁོར་ལོ་རྩིབས་བཞིའི་སྟེང་༔ མུ་སྟེགས་ཕྲ་མེན་མཁའ་འགྲོ་བཞི༔ ཤར་ན་རྡོ་རྗེ་དྷཀྐི་མ༔ དཀར་ནག་ཏྲི་ཤུལ་བ་དན་བསྣམས༔ ལྷོ་རུ་རིན་ཆེན་དྷཀྐི་མ༔ སེར་ནག་ཏྲི་ཤུལ་བ་དན་བསྣམས༔ ནུབ་ཏུ་པདྨ་དྷཀྐི་མ༔ དམར་ནག་ཏྲི་ཤུལ་བ་དན་བསྣམས༔ བྱང་དུ་ཀརྨ་དྷཀྐི་མ༔ ལྗང་ནག་ཏྲི་ཤུལ་བ་དན་བསྣམས༔ ཀུན་ཀྱང་རུས་རྒྱན་བརྐྱང་བསྐུམ་འཁྲབ༔ རལ་པའི་ཐོར་ཚུགས་རུས་པས་བརྒྱན༔ བསྐལ་པའི་རླུང་གི་དཀྱིལ་འཁོར་གཡོ༔ རང་འདྲའི་སྤྲུལ་པ་འབུམ་བཅས་གསལ༔ རང་འོད་འབར་བའི་ཀློང་དུ་བསྐྱེད༔ དབང་གི་དཀྱིལ་འཁོར་སྒོ་བཞི་རུ༔ དབང་ཆེན་བཀའ་ཉན་རྒྱལ་ཆེན་བཞི༔ སྐུ་མདོག་དཀར་སྔོ་དམར་སེར་འབར༔ རང་རྟགས་ཕྱག་མཚན་ཕྱག་རྒྱ་ཅན༔ གོ་ཁྲབ་དར་དཔྱངས་རྒྱན་གྱིས་སྤྲས༔ གར་སྟབས་ལས་མཛད་འཕྲིན་ལས་བསྒྲུབ༔ གཞན་ཡང་སྟེང་འོག་ཕྱོགས་མཚམས་སུ༔ ཡེ་ཤེས་ལས་གྲུབ་དབང་གི་ལྷ༔ རྩ་གསུམ་ཆོས་སྐྱོང་སྤྲིན་ལྟར་འཁྲིགས༔ སྣང་སྟོང་དབྱིངས་སུ་ལམ་མེར་བསྒོམ༔ གསུམ་པ་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཁམས་གསུམ་སྲིད་པའི་རྩེ་མོ་དང་༔ སུམ་ཅུ་རྩ་གསུམ་ལྷ་ཡུལ་ནས༔ ལྷ་ཆེན་ཡབ་ཡུམ་གཤེགས་སུ་གསོལ༔ ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་ནས༔ རིགས་ཀྱི་བདག་པོ་གཤེགས་སུ་གསོལ༔ པདྨ་དབང་གི་གཞལ་ཡས་ནས༔ རྟ་མཆོག་རྒྱལ་པོ་གཤེགས་སུ་གསོལ༔ ནུབ་ཕྱོགས་ཨོ་རྒྱན་ཕོ་བྲང་ནས༔ རྡོ་རྗེ་ཕག་མོ་གཤེགས་སུ་གསོལ༔ མུ་སྟེགས་ཆགས་པའི་དུར་ཁྲོད་ནས༔ དྷཀྐིི་སྡེ་བཞི་གཤེགས་སུ་གསོལ༔ རི་རབ་ཆེན་པོའི་ཕྱོགས་བཞི་ནས༔ རྒྱལ་ཆེན་སྡེ་བཞི་གཤེགས་སུ་གསོལ༔ ཡེ་ཤེས་འཇིག་རྟེན་ཐམས་ཅད་ནས༔ དབང་གི་ལྷ་ཚོགས་གཤེགས་སུ་གསོལ༔ གདུང་བའི་ཡིད་ཀྱིས་སྤྱན་འདྲེན་ན༔ ཐུགས་རྗེའི་ཤུགས་ཀྱིས་གཤེགས་ནས་ཀྱང་༔ འདོད་པའི་དངོས་གྲུབ་སྩལ་དུ་གསོལ༔ ཧྲཱིཿབཛྲ་དྷཀྐི་ནི་མ་ཧཱ་དྷེ་ཝ་ཤྲཱི་ཧེ་རུ་ཀཿཧཱུྃ༔ བཛྲ་ས་མ་ཡ་ཛཿཛ༔ བཞི་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དབང་ཆེན་འབར་བའི་ཕོ་བྲང་འདིར༔ ཡེ་ཤེས་འཇིག་རྟེན་དབང་གི་ལྷ༔ འཁོར་འདས་ཀུན་ནས་བྱིན་ཕོབ་ལ༔ འདུ་འབྲལ་མེད་པར་བཞུགས་སུ་གསོལ༔ ཧྲཱིཿབཛྲ་དྷཀྐི་ནི་མ་ཧཱ་དྷེ་ཝ་ཤྲཱི་ཧེ་རུ་ཀཿཏིཥྛ་ལྷན༔ ལྔ་པ་ཕྱག་འཚལ་བ་ནི༔ ཧཱུྃ༔ ཡེ་ཤེས་ལྷ་སྟེ་ཡེ་ཤེས་སྐུ༔ དབང་གི་ལྷ་སྟེ་དབང་གི་དཔལ༔ གཉིས་མེད་ཟུང་འཇུག་དཀྱིལ་འཁོར་ལྷ༔ དབྱེར་མེད་ངང་ནས་ཕྱག་འཚལ་ལོ༔ ཧྲཱིཿབཛྲ་དྷཀྐི་ནི་མ་ཧཱ་དྷེ་ཝ་ཤྲཱི་ཧེ་རུ་ཀཿཨ་ལ་ལ་ཧོ༔ དྲུག་པ་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཡེ་ཤེས་འཇིག་རྟེན་དབང་གི་ལྷ༔ དབང་མཛད་དབང་གི་ལྷ་ཚོགས་ལ༔ ཕྱི་ནང་གསང་བའི་མཆོད་པའི་ཚོགས༔ གཉིས་སུ་མེད་པར་འབུལ་ལགས་ན༔ དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ༔ ཧྲཱིཿབཛྲ་དྷཀྐི་ནི་མ་ཧཱ་དྷེ་ཝ་ཤྲཱི་ཧེ་རུ་ཀཿསརྦ་པུཥྩ་ས་མ་ཡ་ཧོ༔ ཧཱུྃ༔ རིན་ཆེན་སྣོད་དུ་སྦྱར་བ་ཡི༔ བྷ་ལིང་རྒྱན་ལྡན་ཞལ་ཟས་བཤོས༔ དུམ་གཅིག་བྷན་དྷ་འབར་བ་རུ༔ བདུད་རྩི་སྨན་དང་རཀྟ་དམར༔ ཡབ་ཡུམ་གསང་བའི་མཁའ་ཀློང་དུ༔ ཐབས་ཤེས་དཀར་དམར་བྱང་ཆུབ་སེམས༔ དབང་གི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་དངོས་གྲུབ་སྩལ་དུ་གསོལ༔ ཧྲཱིཿབཛྲ་དྷཀྐི་ནི་མ་ཧཱ་དྷེ་ཝ་ཤྲཱི་ཧེ་རུ་ཀཿཔཉྩ་ཨ་མྲྀ་ཏ་བྷ་ལིངྟ་རཀྟ་བྷོ་དྷི་ཙིཏྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བདུན་པ་བསྟོད་པ་བྱ་བ་ནི༔ ཧཱུྃ༔ གདོད་ནས་དག་པའི་ཡེ་ཤེས་འཕྲུལ༔ སྲིད་གསུམ་ཀུན་བདག་ལྷ་ཆེན་པོ༔ སུམ་ཅུ་རྩ་གསུམ་ལྷ་ཡི་ལྷ༔ ཁམས་གསུམ་དབང་སྒྱུར་ཧེ་རུ་ཀ༔ དབང་མཛད་ལྷ་ལ་ཕྱག་འཚལ་བསྟོད༔ ཐབས་ཤེས་གཉིས་མེད་སྦྱོར་བའི་ཡུམ༔ ཆགས་པའི་རྦ་ཀློང་ལང་ཚོ་རྒྱས༔ སྲིད་གསུམ་ཁམས་གསུམ་མཁའ་ལ་རྫོགས༔ དབང་གི་རྒྱལ་མོ་དབང་གི་ཡུམ༔ ཨུ་མ་དྷེ་ཝར་ཕྱག་འཚལ་བསྟོད༔ རིགས་བདག་ཐུགས་རྗེའི་གཞལ་ཡས་ནས༔ སངས་རྒྱས་ཀུན་འདུས་རྒྱལ་བའི་སྐུ༔ རྨད་བྱུང་འཕྲིན་ལས་སྐུ་བཞིའི་དཔལ༔ ཐོད་པ་རྩལ་ལ་ཕྱག་འཚལ་བསྟོད༔ ཡབ་ཡུམ་ཙིཏྟའི་འཁོར་ལོ་ནས༔ འཁོར་འདས་མ་ལུས་ཡོངས་ཀྱི་བདག༔ དབང་གིས་དབང་སྡུད་དབང་གི་རྒྱལ༔ རྟ་ཕག་ཡབ་ཡུམ་ལ་ཕྱག་འཚལ༔ འཁོར་ལོ་འབར་བའི་རྩིབས་བཞི་ནས༔ ལས་བཞི་བསྒྲུབ་པའི་མཁའ་འགྲོ་བཞིས༔ འདོད་པའི་དངོས་གྲུབ་ཆར་ལྟར་འབེབས༔ མུ་སྟེགས་དྷཀྐི་བཞི་ལ་བསྟོད༔ དཀྱིལ་འཁོར་བར་འཁྱམས་ཁོར་ཡུག་ནས༔ ཡེ་ཤེས་འཇིག་རྟེན་དབང་གི་ལྷ༔ བཀའ་ཉན་ལས་བྱེད་རྒྱལ་ཆེན་བཞིར༔ གུས་པའི་ཚུལ་གྱིས་ཕྱག་འཚལ་བསྟོད༔ ས་མ་ཡཱ༔ རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ལ་དགུ་སྟེ༔ ཚོགས་འཁོར་བསང་བ༔ ཚོགས་ཕུད་འབུལ་བ༔ ལྷག་མ་བསྔོ་བ༔ ཐུགས་དམ་བསྐུལ་བ༔ དངོས་གྲུབ་ཞུ་བ༔ ཆད་མཐོ་གྱེར་བ༔ བསྟན་མ་སྐྱོང་བ༔ བཀྲ་ཤིས་བརྗོད་པ༔ བསྐྱེད་རིམ་བསྡུ་པ་དང་དགུའོ༔ ས་མ་ཡཱ༔ རྒྱ༔ དང་པོ་ཚོགས་འཁོར་བསང་བ་ནི༔ ཧཱུྃ༔ འདོད་ཡོན་ཚོགས་ཀྱི་ཞལ་ཟས་རྣམས༔ དབང་མཛད་ལྷ་ཡི་ཏིང་འཛིན་གྱིས༔ བསྲེགས་གཏོར་སྦྱངས་བཀྲུས་བདུད་རྩིར་བསྒྱུར༔ འདོད་ཡོན་མཆོད་སྤྲིན་རྒྱ་མཚོར་འཁྱིལ༔ ཧ་ཧོ་གྷ་ན་པུཥྩ་ཧཱུྃ༔ གཉིས་པ་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འདི༔ འཁོར་འདས་སྟོང་གི་བཅུད་བསྡུས་ཤིང་༔ འབྲུ་བཅུད་སྣ་ཚོགས་རོ་སྦྱར་ནས༔ མཆོད་སྤྲིན་རྒྱ་མཚོར་བསྒྱུར་ཞིང་འབུལ༔ བཞེས་ནས་དངོས་གྲུབ་སྩལ་དུ་གསོལ༔ ཧྲཱིཿབཛྲ་དྷཀྐི་ནི་མ་ཧཱ་དྷེ་ཝ་ཤྲཱི་ཧེ་རུ་ཀཿགྷ་ན་པུཥྩ་ས་མ་ཡ་ཁཱ་ཧི་ཁཱ་ཧི༔ གསུམ་པ་ལྷག་མ་བསྔོ་བ་ནི༔ ཧཱུྃ༔ ལས་མཛད་དབང་གི་འཕྲིན་ལས་བདག༔ ལྷ་མོ་ཀླུ་མོ་གནོད་སྦྱིན་མོ༔ དྷཀྐི་སྡེ་བཞི་བྲན་གཡོག་འབུམ༔ ལྷག་མའི་གཏོར་མ་འདི་ལོངས་ལ༔ དབང་གི་འཕྲིན་ལས་གྲུབ་པར་མཛོད༔ དྷཀྐི་སརྦ་ས་མ་ཡ་ཁཱ་ཧི་ཁཱ་ཧི༔ བཞི་པ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་ལྷ་ཆེན་པོ༔ ཨུ་མ་དྷེ་ཝ་ཡུམ་དང་བཅས༔ འོག་མིན་གནས་ནས་སྐུ་བསྐྱོད་ལ༔ ཁམས་གསུམ་ཐམས་ཅད་དབང་དུ་སྡུས༔ སྲིད་གསུམ་ཐམས་ཅད་ཟིལ་གྱི་གནོན༔ སྟོང་གསུམ་ཀུན་གྱི་བཅུད་སྡུས་ལ༔ རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ༔ འཛམ་གླིང་ལོ་ཀ་དབང་སྡུས་ལ༔ ཐམས་ཅད་བདག་གི་བྲན་དུ་བཀོལ༔ ཁྱེད་ནི་ཆགས་མཛད་དབང་གི་ལྷ༔ སྔོན་ཚེ་དབང་གི་དངོས་གྲུབ་བརྙེས༔ ད་ལྟ་དབང་གི་འཕྲིན་ལས་མཛད༔ དབང་མཛད་ཐུགས་རྗེའི་ལྕགས་ཀྱུ་ཡིས༔ དམིགས་བྱའི་དཀར་ནག་མཚམས་ནས་བཟུང་༔ རང་དབང་མེད་པར་བཀུག་ནས་ཀྱང་༔ བདག་གི་དབང་དུ་འདུ་བར་མཛོད༔ བརྒྱན་པའི་མཆོད་གཏོར་འདི་བཞེས་ལ༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ རིགས་བདག་དབང་གི་དཀྱིལ་འཁོར་ནས༔ ཐོད་ཕྲེང་རྩལ་གྱི་ཐུགས་དམ་བསྐུལ༔ སྐུ་གསུམ་ཀུན་གྱི་བྱིན་རླབས་སྡུས༔ སྒོ་གསུམ་རྣལ་འབྱོར་ལུས་ལ་བསྟིམ༔ སྐུ་བཞིའི་ཡེ་ཤེས་དངོས་གྲུབ་སྩོལ༔ བརྒྱན་པའི་མཆོད་གཏོར་འདི་བཞེས་ལ༔ ཐུགས་རྗེ་དབང་གི་འཕྲིན་ལས་མཛོད༔ ལྷ་ཆེན་ཡབ་ཡུམ་ཐུགས་ཀ་ནས༔ དབང་དྲག་དབང་ཆེན་འདུལ་བའི་ལྷ༔ རྟ་ཕག་ཡབ་ཡུམ་ཐུགས་དམ་བསྐུལ༔ བརྒྱན་པའི་མཆོད་གཏོར་འདི་བཞེས་ཤིག༔ འཁོར་འདས་ཐམས་ཅད་དབང་སྡུས་ལ༔ མཆོག་གི་དངོས་གྲུབ་བདག་ལ་སྩོལ༔ ཟླ་གམ་དབང་གི་ཁོར་ཡུག་ནས༔ ཡེ་ཤེས་འཇིག་རྟེན་དབང་གི་ལྷ༔ མཁའ་འགྲོ་ཆོས་སྐྱོང་སྲུང་མར་བཅས༔ སྐུ་ཡི་གར་སྒྱུར་སྟོང་གསུམ་ཁྱབ༔ གསུང་གི་ང་རོས་སྲིད་གསུམ་འགེངས༔ ཐུགས་ཀྱིས་འཁོར་འདས་དབང་དུ་སྡུད༔ ཁྱེད་རྣམས་ཡེ་ཤེས་རྩལ་འཆང་ཞིང་༔ ཁྱེད་རྣམས་ཐུགས་རྗེའི་ཤུགས་ཕྱུངས་ལ༔ ལྷ་མི་ཀུན་གྱི་སྙིང་ནས་དྲོངས༔ མགོ་ནག་མི་ཡི་འགྲམ་པ་ཆོག༔ ཕོ་བརྒྱུད་རྒྱལ་འབངས་སེམས་འཕྱོར་ཆུག༔ མོ་བརྒྱུད་ཆགས་པའི་རྦ་ཀློང་གཡོས༔ རྐང་བཞི་དུད་འགྲོ་དབང་མེད་སྡུས༔ རིན་ཆེན་འབྲུ་ནོར་ཆར་པ་ཕོབ༔ ཟས་གོས་དཔལ་འབྱོར་དངོས་གྲུབ་སྩོལ༔ བརྒྱན་པའི་མཆོད་གཏོར་འདི་བཞེས་ལ༔ འདོད་པའི་དངོས་གྲུབ་དུས་འདིར་སྩོལ༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ལྔ་པ་དངོས་གྲུབ་ཞུ་བ་ནི༔ སྒྲུབ་རྫས་གནས་གསུམ་དུ་རེག༔ ཡང་ན་ཡིད་ཀྱིས་དབང་བླངས༔ ཧཱུྃ༔ དབང་ཆེན་དབང་གི་ལྷ་ཚོགས་རྣམས༔ འགྱུར་མེད་སྐུ་ཡི་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ འགག་མེད་གསུང་གི་དཀྱིལ་འཁོར་ནས༔ ཚངས་དབྱངས་དྲུག་ཅུའི་དངོས་གྲུབ་སྩོལ༔ སྤྲོས་མེད་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཕྱག་རྒྱ་དགའ་བཞིའི་དངོས་གྲུབ་སྩོལ༔ ཡོན་ཏན་རེ་སྐོང་དཀྱིལ་འཁོར་ནས༔ ཁམས་གསུམ་དབང་སྡུད་དངོས་གྲུབ་སྩོལ༔ འཕྲིན་ལས་འགྲོ་འདུལ་དཀྱིལ་འཁོར་ནས༔ སྲིད་གསུམ་ཟིལ་གནོན་དངོས་གྲུབ་སྩོལ༔ དྲུག་པ་ཆད་མཐོ་གྱེར་བ་ནི༔ ཧཱུྃ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ འོག་མིན་དགའ་ལྡན་ཕོ་བྲང་དུ༔ བཅོམ་ལྡན་པདྨ་ཧེ་རུ་ཀས༔ དབང་ཆེན་རྟ་སྐད་འཚེར་ནས་ཀྱང་༔ མ་ཧཱ་དྷེ་ཝ་ཡུམ་དང་བཅས༔ ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད༔ གཟའ་ཆེན་བརྒྱད་དང་གནོད་སྦྱིན་བརྒྱད༔ འདོད་ཁམས་སྲིད་པའི་རྩེ་མོ་ནས༔ ན་རག་དམྱལ་བ་ཡན་ཆད་ཀྱི༔ འཁོར་འདས་ཐམས་ཅད་དབང་དུ་བསྡུས༔ དམ་ལ་བཏགས་ཚེ་ཐ་ཚིག་བོར༔ བཀའ་བསྒོས་རྡོ་རྗེ་སྤྱི་བོར་བཞག༔ ངག་ཏུ་དམ་རྫས་བདུད་རྩི་བླུད༔ གསང་མཚན་བཏགས་ཤིང་ལུང་བསྟན་མཛད༔ ཐ་ཚིག་བོར་བ་འདི་མིན་ནམ༔ བསྟན་པ་བསྲུང་ཞིང་རྣལ་འབྱོར་སྐྱོངས༔ འཕྲིན་ལས་བསྒྲུབ་ཅིང་དགྲ་བགེགས་སྒྲོལ༔ འདུ་བ་རྣམ་བཞིས་དམ་ལྡན་སྐྱོངས༔ སྔོན་གྱི་དམ་བཅས་རྗེས་དགོངས་ལ༔ དམ་ཚིག་དབང་གིས་གཏོར་མ་བཞེས༔ ཐུགས་དམ་དབང་གིས་འཕྲིན་ལས་མཛོད༔ ལོ་ཀ་སརྦ་དབང་དུ་སྡུས༔ དངོས་གྲུབ་མ་ལུས་ཆར་ལྟར་ཕོབ༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་མཛོད༔ བདུན་པ་བསྟན་མ་སྐྱོང་བ་ནི༔ ཧཱུྃ༔ ལྷ་མོ་ཀླུ་མོ་གནོད་སྦྱིན་མོ༔ བདུད་མོ་ལ་སོགས་སྨན་མོ་འབུམ༔ བཤལ་ཆུའི་གཏོར་མ་འདི་བཞེས་ལ༔ སྔོན་ཚེ་དབང་ཆེན་བཀའ་བཞིན་དུ༔ དམ་བཅས་དགོངས་ལ་འཕྲིན་ལས་མཛོད༔ དྷཀྐི་རཀྨོ་མ་མ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ༈ལྷ་ཆེན་གྱི་བྲོ་བརྡུང་ནི། ཧཱུྃ༔ ཟླ་གམ་དབང་གི་ཕོ་བྲང་འདིར། །ལྷ་ཆེན་ཡབ་ཡུམ་ཁྲོས་པའི་བྲོ། །སྒབ་འདྲེ་དམ་སྲིའི་སྟེང་དུ་བརྡུང་། །ལོག་འདྲེན་འབྱུང་པོ་རྡུལ་དུ་རློགས། ཧཱུྃ་ཧཱུྃ་ལཾ་ལཾ་སྟམ་བྷ་ཡ་ནན། ཉི་མ་གྲགས་པས་མཛད་པའོ།། །།བརྒྱད་པ་བཀྲ་ཤིས་བརྗོད་པ་ནི༔ ཧཱུྃ༔ ཟླ་གམ་འབར་བའི་ཕོ་བྲང་ནས༔ ལྷ་ཆེན་ཡབ་ཡུམ་བཀྲ་ཤིས་ཤོག༔ སྤྱི་གཙུག་རིགས་བདག་དཀྱིལ་འཁོར་ནས༔ རྩ་བརྒྱུད་བླ་མའི་བཀྲ་ཤིས་ཤོག༔ ཙིཏྟ་འབར་བའི་ཕོ་བྲང་ནས༔ དབང་ཆེན་ཡབ་ཡུམ་བཀྲ་ཤིས་ཤོག༔ བཀའ་ཉན་འཕྲིན་ལས་ད་ལ་ནས༔ མཁའ་འགྲོ་ཆོས་སྐྱོང་བཀྲ་ཤིས་ཤོག༔ དགོས་འདོད་འབྱུང་བའི་ཕོ་བྲང་ནས༔ མཆོག་ཐུན་དངོས་གྲུབ་བཀྲ་ཤིས་ཤོག༔ དགུ་པ་རྫོགས་རིམ་ནི༔ ཧཱུྃ༔ ལྷ་ཚོགས་སྣང་སྟོང་ཆོས་ཀྱི་སྐུ༔ མ་འགགས་རོལ་པ་རང་སར་གྲོལ༔ གཟུང་འཛིན་ཡོངས་གྲོལ་ཨ་ལ་ལ༔ གཤེགས་བཞུད་མེད་པར་དབྱིངས་སུ་མུ༔ ཞེས་བརྗོད་བསྔོ་སྨོན་སོགས་སྤྱི་ཁྱབ་ལྟར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་དབང་ཕྱུག་དབང་གི་བདག༔ མ་འོངས་སྐལ་ལྡན་རྒྱ་མཚོའི་མིང་༔ མཐའ་མི་ཐམས་ཅད་དབང་སྒྱུར་ནས༔ བོད་ཁམས་བདེ་བ་བསྐྲུན་པའི་ཕྱིར༔ ཡང་ཟབ་འདི་ལ་ཉམས་ལེན་གྱིས༔ དབང་གི་འཕྲིན་ལས་ལས་སྦྱོར་འབུངས༔ རྒྱལ་འབངས་ཀུན་གྱིས་བཀའ་ཉན་ཅིང་༔ བསྟན་དང་འགྲོ་དོན་དཔག་མེད་འབྱུང་༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བནྡྷེ་ཉི་མ་གྲགས་པས་གནས་མཆོག་གངས་དཀར་ཏེ་སེ་ནས་ཤིང་མོ་ཡོས་ཀྱི་ལོ་ལ་གདན་དྲངས་ཤིང་ལྕགས་ཕོ་སྤྲེལ་གྱི་ལོ་ལ་ཤོག་སེར་ལས་ཕབ་པའོ། །མངྒཱ་ལཾ།། །།


previousབསྙེན་སྒྲུབ་ལས་གསུམ་གྱི་ཁ་སྐོང་མཆོད་བསྟོད་ཀྱི་ཆོ་གnext