Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  expand section
  collapse section
   
   
   
   
ལྷ་ཆེན་དབང་ཕྱུག་ཆེན་པོའི་སྙིང་བྱང་བླ་རྡོ་རབ་ཏུ་གསང་བ།
   
  expand section
   
  expand section


 
previousལྷ་ཆེན་དབང་ཕྱུག་ཆེན་པོའི་སྙིང་བྱང་བླ་རྡོ་རབ་ཏུ་གསང་བ།next

ལྷ་ཆེན་དབང་ཕྱུག་ཆེན་པོའི་སྙིང་བྱང་བླ་རྡོ་རབ་ཏུ་གསང་བ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་སྙིང་བྱང་བླ་རྡོ་རབ་ཏུ་གསང་བ་བཞུགས༔

ལས་མཛད་ཧེ་རུ་ཀཿལ་འདུད༔ དབང་སྡུད་ལས་ཀྱི་ཡང་ཁོལ་གྱི་སྙིང་བྱང་བླ་རྡོ་འདི་བཞིན་བྲི་བར་བྱའོ༔ དར་དམར་པོ་ཤིན་ཏུ་ལེགས་པའམ་རྒྱ་ཤོག་ལ༔ འཁོར་ལོ་མུ་ཁྱུད་ལྔ་རུ་བསྐོར་ཏེ༔ ལྟེ་བ་ཆོས་འབྱུང་དུ་བཅད་པའི་དཀྱིལ་དུ་ཕོ་མཚན་བྲི༔ ཕོ་མཚན་གྱི་ནང་དུ་ཨེ་མཉྫུ་ཀུག་ཏ་ཧཱུྃ༔ ཅེས་འབྲི༔ ཆོས་འབྱུང་ནང་གི་ལོགས་གསུམ་དུ་ཧྲཱིཿཨུ་མ་དྷེ་ཝི་ཧཱུྃ༔ ཅེས་འབྲི༔ ཆོས་འབྱུང་ཕྱིའི་ཟླ་གམ་གསུམ་ལ༔ མ་ཧཱ་གྷུ་རུ་སིདྡྷི་ཧཱུྃ༔ ཨཱོཾ་ཧྱ་གྷྲི་ཝ་ཧཱུྃ༔ ཛྙཱ་ན་དྷཀྐི་ཧཱུྃ༔ ཅེས་འབྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ་རྩིབས་བརྒྱད་བཅད་ཅིང་༔ ཕྱོགས་བཞིའི་རྩིབས་བཞི་ལ་ཀ་བྷི་ར་ཀོ་བྷི་ར་འབྲུ་དྲུག་ཚང་མ་རེ་འབྲིའོ༔ མཚམས་བཞིར་བཛྲ་སིདྡྷི་ཧཱུྃ༔ རཏྣ་སིདྡྷི་ཧཱུྃ༔ པདྨ་སིདྡྷི་ཧཱུྃ༔ ཀརྨ་སིདྡྷི་ཧཱུྃ༔ ཅེས་འབྲིའོ༔ རྩིབས་མཆན་བརྒྱད་ལ༔ ཡེ་ཤེས་དང་འཇིག་རྟེན་གྱི་ལྷ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ བླ་མ་དང་སློབ་དཔོན་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ རྒྱལ་པོ་དང་དཔོན་ཆེན་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ བན་བཙུན་དང་དགེ་འདུན་ཕོ་མོ་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ བཙུན་མོ་དང་བུད་མེད་མོ་བརྒྱུད་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ བློན་འབངས་དང་རིག་གནས་མཁན་སོགས་སྐྱེས་པ་ཕོ་བརྒྱུད་ཐམས་ཅད་བདག་གི་དབང་ད་སྡུས་ཤིག༔ རྟ་གླང་ནོར་ཕྱུགས་སོགས་དུད་འགྲོ་ནོར་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ རིན་ཆེན་འབྲུ་ནོར་ལོངས་སྤྱོད་དར་ཟབ་གོས་ཕྲུག་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ཅེས་རྩིབས་བརྒྱད་ལ་འབྲིའོ༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀར་ཤ་ཡ་ཧྲིང་ཧྲིང་ཛཿཛ༔ བཛྲ་རཏྣ་པདྨ་ཀརྨ་སིདྡྷི་ཧཱུྃཿ རིན་ཆེན་འབྲུ་ནོར་ལོངས་སྤྱོད༔ ལྷབ་ལྷུབ་གོས༔ རྐང་བཞི་དུད་འགྲོ༔ རྨ་གཡང་ཟས༔ འཛམ་གླིང་གི་ནོར་དང་བཅུད་ཐམས་ཅད་སྒུལ་ཅིག་སྐྱོད་ཅིག༔ ཅེས་འབྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཧྲཱིཿམཉྫུ་ཀུག་ཏ་དྷེ་ཝ་ཧྲིང་ཛཿ ཀ་བྷི་ར་ཀོ་བྷི་ར་ཨ་ཏྲི་ནྲི་སརྦ་མགོ་ནག་ཕོ་བརྒྱུད་ཀྱི་སྐྱེ་འགྲོ་ལྷ་འདྲེ་མི་གསུམ་དང་བཅས་པ་ཐམས་ཅད་ཀྱི་སེམས་དཀྲུགས༔ སྙིང་འཕྱོ་རུ་ཆུག༔ ཡིད་ཀྱི་རྣམ་པར་ཤེས་པ་རང་དབང་མེད་པར་ཁུག༔ མི་སྙིང་སྒུལ་སྒུལ༔ མི་འགྲམ་ཆོག་ཆོག༔ མི་སེམས་དུང་དུང་འདུས་འདུས་སྡུས་སྡུས་ཅེས་འབྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཧྲཱིཿམཉྫུ་ཀུག་ཏ་དྷེ་ཝ་ཧྲིང་ཛཿཀ་ར་བྷི་ཀོ་ར་བྷི་མགོ་ནག་མོ་བརྒྱུད་མ་མོ་མཁའ་འགྲོ་ཀླུ་མོ་སྨན་མོ་གནོད་སྦྱིན་མོ་དང་ལྷ་མོ་ལ་སོགས་ཐམས་ཅད་ཀྱི་སེམས་དཀྲུགས་སྙིང་འཕྱོ་རུ་ཆུག༔ རྐང་པ་འགྲོ་རུ་ཆུག༔ ཡིད་ཀྱི་རྣམ་པར་ཤེས་པ་རང་དབང་མེད་པར་ཁུག༔ ཨ་ཀར་ཤ་ཡ་ཧྲི་དུང་དུང་འདུས་འདུས་སྡུས་སྡུས་འུབ་འུབ་འདུ་འདུ༔ ཅེས་འབྲི༔ ལྷག་ཆད་བྲིས་སུབ་སོགས་ཡང་དག་པར་སྤང་བར་བྱའོ༔ དེ་ལྟ་བུའི་འཁོར་ལོ་སྙིང་བྱང་ཆེན་མོ་འདི༔ དར་རམ་རྒྱ་ཤོག་ལ་རབ་གསེར་དངུལ་འབྲིང་མཚལ་ཐ་ནའང་རྒྱ་སྣག་གི་ཁུ་བར་བྱང་སེམས་དཀར་དམར་བཏབ་པས་མངོན་རྟོགས་ལྟར་ཡབ་ཡུམ་གྱི་སྐུ་གཉིས་སོ་སོར་ལེགས་པར་བྲིས་པའི་བར་དུ་འཁོར་ལོ་འདི་ལྟེམས་ཏེ༔ སྨན་ལྔ་སྤོས་ལྔ་དྲི་ལྔ་རིན་པོ་ཆེ་ལྔ་འབྲུ་ལྔ་སྙིང་པོ་ལྔ༔ ལས་སྦྱོར་གཉིས་ཀྱི་གཞུང་གི་རྫས་སོགས་འཁོར་ལོའི་ནང་དུ་བཏབ་ཅིང་༔ གུ་གུལ་གྱིས་བདུག་བགེགས་བསྐྲད་ལྟེ་བ་མ་ཉམས་པར་ལྟེབ་ཅིང་དར་མཚན་སྣ་ལྔས་དྲིལ་ཏེ༔ ཟངས་ཀྱི་ཕོ་མཚན་ཚུལ་དང་ལྡན་པའི་ནང་དུ་བཞུགས་ནས་དཀྱིལ་འཁོར་གྱི་དབུས་སུ་འགོད༔ སྒྲུབ་པ་ཚར་ནས་ལུས་ལ་བཅང་༔ དུས་ཆེན་རྣམས་སུ་མཆོད་བསྟོད་འབུལ་ཞིང་རབ་གནས་སྐྱོར༔ རྟེན་དེ་ལྷ་ཆེན་ཡེ་ཤེས་སེམས་དཔའ་རང་དམ་ཚིག་སེམས་དཔར་གསལ་ཏེ༔ དམ་ཚིག་ཡེ་ཤེས་གཉིས་མེད་ཟུང་འཇུག་ཏུ་དམིགས་ཤིང་དམ་ཚིག་རྣམས་བཟུང་བར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་གསང་བའི་ཡང་ཁོལ་འདི༔ མཚོ་རྒྱལ་ཀླུ་དབང་གཉིས་ལ་གདམས༔ མ་སྤེལ་རིན་ཆེན་གཏེར་དུ་སྦོས༔ ལན་གཅིག་དུས་ཀྱི་ཐ་མ་ལ༔ བོད་ཁམས་མཐའ་མིའི་དབང་དུ་འགྲོ༔ དེ་ཚེ་བསྟན་འཛིན་སྐྱེས་བུ་ཡིས༔ བསྟན་པའི་དོན་དུ་སེམས་བསྐྱེད་ནས༔ གདམས་པ་འདི་བཞིན་ཉམས་བླངས་ན༔ མཐའ་མི་བོད་ཀྱི་བྲན་དུ་ཁོལ༔ སངས་རྒྱས་བསྟན་པའི་མེལ་ཚེར་འགྱུར༔ ཅེས་གསུངས་པ་རྣམས་བདག་མཚོ་རྒྱལ་གྱིས་བརྡ་ཡིག་ཏུ་བཏབ་སྟེ་རིན་པོ་ཆེའི་གཏེར་དུ་སྦས་པའོ༔ གཏེར་རྒྱ༔ གསང་རྒྱ༔ དམ་རྒྱ༔ གཉན་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་གྱིས་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའོ། །མངྒཱ་ལཾ།། །།


previousལྷ་ཆེན་དབང་ཕྱུག་ཆེན་པོའི་སྙིང་བྱང་བླ་རྡོ་རབ་ཏུ་གསང་བ།next