Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  expand section
  collapse section
   
   
   
   
   
ལས་ཀྱི་ཧེ་རུ་ཀའི་སྙིང་བྱང་ཞལ་ཁྲིད་ཤིན་ཏུ་གསང་བ།
  expand section
   
  expand section


 
previousལས་ཀྱི་ཧེ་རུ་ཀའི་སྙིང་བྱང་ཞལ་ཁྲིད་ཤིན་ཏུ་གསང་བ།next

ལས་ཀྱི་ཧེ་རུ་ཀའི་སྙིང་བྱང་ཞལ་ཁྲིད་ཤིན་ཏུ་གསང་བ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ལས་ཀྱི་ཧེ་རུ་ཀའི་སྙིང་བྱང་ཞལ་ཁྲིད་ཤིན་ཏུ་གསང་བ་བཞུགས༔ ལས་མཛད་ཧེ་རུ་ཀཿལ་འདུད༔ མ་འོངས་ལྷ་ཆེན་རྣལ་འབྱོར་པས༔ ཆོས་ལ་སྤྱོད་པའི་ཆ་རྐྱེན་དང་༔ སངས་རྒྱས་བསྟན་པའི་དར་ནུབ་སོགས༔ བྱང་ཆུབ་ལམ་གྱི་གེགས་སེལ་དུ༔ དབང་གི་འཕྲིན་ལས་དངོས་གྲུབ་རྣམས༔ སྤྱོད་པར་འདོད་པའི་གང་ཟག་གིས༔ གདམས་པ་འདི་བཞིན་ཉམས་སུ་ལོངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྷ་ཆེན་པོ་དབང་ཕྱུག་ཡབ་ཡུམ་བསྒྲུབ་པའི་སྙིང་བྱང་ཞལ་ཁྲིད་ཀྱི་རིམ་པ་ནི་འདི་ལྟ་སྟེ༔ ཕོ་བརྒྱུད་མོ་བརྒྱུད་ལོངས་སྤྱོད་གསུམ་རྐྱང་འདེད་དུ་བསྒྲུབ་པ་ནི༔ ལས་སྦྱོར་སོ་སོར་གསལ་བ་ལྟར་ཡིན་ཞིང་༔ ཡོངས་རྫོགས་སུ་བསྒྲུབ་ན་རྟེན་གསུམ་སོ་སོར་རང་གཞུང་ལྟར་བཅའ་ཞིང་༔ དབང་སྡུད་ལས་ཀྱི་ཡང་ཁོལ་སྙིང་བྱང་གི་བླ་རྡོ་དབུས་སུ་འགོད༔ གཞན་གསུམ་པོ་ཕྱོགས་གསུམ་མམ་མདུན་དུ་འགོད༔ དར་དམར་པོའི་གུར་ཕུབ༔ མཐའ་སྐོར་རྣམས་སུ་རང་རང་གི་ཀ་ཅ༔ ཁྱད་པར་དུ་ཁ་ཊྭཱཾ་མེ་ལོང་མདའ་དར་ཅན༔ ལྕགས་ཀྱུ་ཞགས་པ་དམར་པོ་བ་དན་དམར་པོ་བྱང་སེམས་དཀར་པོས་བྲན་པའི་ཆང་ཕུད༔ དམར་པོས་བྲན་པའི་རཀྟ༔ འབྲུ་སྣ་སྨན་སྣ་ཚོགས་ལས་གྲུབ་པའི་དབང་གི་གཏོར་མ་ལ་འཁོར་བཤོས་ཕྲན་བརྒྱད་དང་ཨུག་སྐྱུ་ཤ་སྣ་ཚིལ་སྣ་མང་པོས་མཐའ་བསྐོར་བ༔ གཞན་ཡང་མེ་ཏོག་དམར་པོ་སྣ་ཚོགས༔ དྲི་བཟང་གི་དུད་པ་སྣ་ཚོགས༔ ཞལ་ཟས་ཀྱི་ཚོགས་འཁོར་ཡོ་བྱད་ཕུན་སུམ་ཚོགས་པ་ལ་སོགས་ཏེ་བཀོད་པས་ཁྱད་པར་འཕགས་པ༔ མཛེས་ཤིང་ཡིད་དུ་འོང་བར་བྱའོ༔ དེ་ནས་སྐྱབས་སེམས་སྔོན་དུ་བཏང་ཞིང་ལས་ཀྱི་གཞུང་བསྲང་༔ སྒྲུབ་པའི་བསྐྱེད་རིམ་ལ་འཇུག་ཅིང་སྔ་དྲོའི་ཆ་ལ་ཕོ་བརྒྱུད་དབང་དུ་བསྡུ་བའི་དམིགས་པ་གཙོ་བོར་འདོན༔ དགུང་ཐུན་ལ་ནོར་རྫས༔ དགོང་མོ་མོ་བརྒྱུད༔ ཡང་ན་ཐོར་ཁ་ལོངས་སྤྱོད༔ ནམ་ལངས་བླ་མ་སློབ་དཔོན༔ དྲོ་བར་དགེ་འདུན་ཕོ་མོ༔ ཉིན་དགུང་རྒྱལ་པོ༔ དགུང་ཡོལ་བློན་པོ༔ དགོང་ཀ་བཙུན་མོ༔ སྲོད་ལ་ལྷ་འདྲེ༔ ནམ་དགུང་སྐྱེ་འགྲོ་ཕལ་པ་དང་རིག་གནས་མཁན་ཚོང་པ་ལ་སོགས་ཏེ༔ སྐབས་སྐབས་སུ་དམིགས་པའི་ལས་སྦྱོར་གནད་དུ་བསྣུན་པ་ནི་ཡང་ཟབ་ཆིག་དྲིལ་གྱི་སྙིང་བྱང་འདི་ཁོ་ནའོ༔ འདི་དག་རྣམས་སུ་བཟླས་པའི་སྔགས་ནི་སྒྲུབ་གཞུང་ལྟར་རམ༔ ཡང་ན་འདི་བཞིན་བཟླ་བ་ནི་ཤིན་ཏུ་ཟབ་ཐིག་གོ༔ ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀར་ཤ་ཡ་ཧྲིང་ཧྲིང་ཛཿཛཿབཛྲ་རཏྣ་པདྨ་ཀརྨ་སིདྡྷི་ཧཱུྃ༔ ཨ་ཏྲི་ནྲི་སརྦ་ཛཿན་ན་ཁ་དྷེ་ཧཱུྃ༔ ཕོ་བརྒྱུད་མོ་བརྒྱུད་ཡུལ་ཁམས་མངའ་ཐང་ལོངས་སྤྱོད་དཔལ་འབྱོར་དང་བཅས་པ་ཐམས་ཅད་བདག་གི་དབང་དུ་དུང་དུང་འདུས་འདུས་སྡུས་སྡུས་འུབ་འུབ་འདུ་འདུ༔ སྐྱེ་འགྲོ་ཐམས་ཅད་ཀྱི་སེམས་དཀྲུག༔ སྙིང་འཕྱོ་རུ་ཆུག༔ རྐང་འགྲོ་རུ་ཆུག༔ མི་འགྲམ་ཆོག༔ མི་སེམས་དཀྲུགས༔ ཡིད་ཀྱི་རྣམ་པར་ཤེས་པ་རང་དབང་མེད་པར་ཁུག༔ ཅེས་བཟླ་བར་བྱའོ༔ འདི་ནི་སྔགས་ཀྱི་ཡང་སྙིང་ཙིཏྟ་དམར་ཕྱུང་གི་སྒྲོམ་ཞེས་བྱ་བ༔ ཆིག་བརྒྱུད་བུ་ལ་སྤེལ་ཀྱང་མནའ་རྒྱས་ལན་གསུམ་བཏབ་ནས་སྤེལ་ལོ༔ གདམས་པ་འདི་ལྡན་འཁོར་ལོས་བསྒྱུར་པའི་རྒྱལ་སྲིད་ལ་དབང་བ་དང་འདྲ་ཞིང་༔ འདི་མེད་ཆོས་ཀྱི་དྲོད་རྟགས་ཐོབ་ཀྱང་ཁམས་གསུམ་ཡོངས་སྒྲོལ་གྱི་འཕྲིན་ལས་མི་ནུས་སོ༔ དེས་ན་འདི་ནི་དྲོད་ཐོབ་པའི་སྐྱེས་བུའི་འཕྲིན་ལས་སོ༔ འཕུང་འཚེང་བྱེད་པས་ཤིན་ཏུ་གསང་བར་བྱའོ༔ སྒྲུབ་པའི་རྟགས་འགྱངས་ན་སྒྲུབ་རྫས་རྣམས་ཀླད་ལ་བསྐོར༔ ཞབས་འོག་ལ་དྲིལ༔ དགུག་གཞུག་དྲག་ཏུ་བྱ༔ ཐུན་གྱིས་བྲབ་ཅིང་བསྐྱེད་རིམ་གནད་དུ་གཟིར་བར་བྱའོ༔ འདི་ནི་ཤིན་ཏུ་འགྱངས་ན་མ་གཏོགས་མི་བྱའོ༔ ཡུལ་གཉན་ཞིང་བསོད་ནམས་རབ་ཏུ་ཆེ་བའི་རིགས་ལ་གོང་དུ་རྩ་བའི་སྒྲུབ་པ་བསྐྱལ་ཞིང་༔ དེ་ནས་རྐྱང་འདེད་དུ་བརྩོན་པས་ཐོགས་པ་མེད་དོ༔ གདམས་པ་འདིའི་མ་བུ་གབ་སྤྲད་ཚུལ་བཞིན་སྤྱད་ན༔ ཚངས་པ་དང་བརྒྱ་བྱིན་རྒྱལ་པོ་ཆེན་པོ་བཞི་དང་བཅས་པ་ཐམས་ཅད་ཀྱིས་བཀའ་ཉན་ལས་བྱེད་ན༔ ཕ་རོལ་གྱི་སྐྱེ་འགྲོ་ལྷ་འདྲེ་མི་གསུམ་སོགས་ལ་སྨོས་ཀྱང་ཅི་འཚལ་ཏེ༔ གང་དགོས་སུ་སྤྱད་པར་བྱའོ༔ ཉི་ཟླའི་ཟེར་འཕྲོག་པ་རྡོ་འགུལ་ན་ཕྲན་ཚེགས་ཀྱི་ནོར་སོགས་ནི་བསྒྲུབ་པ་འདི་ལ་ཞུགས་པ་ཙམ་གྱིས་དགོས་འདོད་ལ་ལོངས་སྤྱོད་པས་ཐེ་ཚོམ་སྤོངས་ཤིག༔ ཕོ་མོ་རྐྱང་འདེད་ཀྱི་འཁོར་ལོ་དམིགས་བྱའི་གཟུགས་སམ་ལིངྒ་བྲིས་པའི་ལག་པ་བཞི་ལ༔ ཆེ་གེའི་ལག་པ་གཡོས་ཅེས་འབྲི༔ རྐང་པ་བཞི་ལ་རྐང་པ་འགྲོ་རུ་ཆུག༔ བྱ་བ་འབྲི༔ རྐང་ཞབས་བཞི་ལ་ཡཾ་བཞི་འབྲི༔ དཔྲལ་བར་རུས་ཀྱི་མིང་འབྲི༔ ཚིགས་པ་བཞི་ལ་ཛཿཧཱུྃ་བཾ་ཧོཿབཞི་འབྲི༔ འདོམས་གཉིས་ལ་ཆགས་པའི་རྦ་ཀློང་གཡོས་བྱ་བ་འབྲི༔ བརླ་བཞི་ལ་བླ་རྟགས་ཀྱི་ས་བོན་ནམ་གཟུགས་འབྲི༔ སྤྱི་བོར་ཁོ་རང་གི་བླ་མ་སློབ་དཔོན་གྱི་མིང་འབྲི༔ ཕྲག་པ་གཡས་གཉིས་ལ་ཕོ་ལྷ༔ གཡོན་གཉིས་ལ་མོ་ལྷ༔ བརླ་གཡས་གཉིས་ལ་ཡུལ་ལྷ༔ གཡོན་གཉིས་ལ་ཞང་ལྷ༔ རྩིབས་ལོགས་གཡས་གཉིས་ལ་འགོ་བའི་ལྷ་སྲུང་ཿ གཡོན་གཉིས་ལ་སྐྱེས་སྨེ༔ རྐང་ལག་གི་མཐིལ་བཞི་དང་བུ་ག་རྣམས་སུ་རང་དབང་མེད་པར་ཁུག་བྱ་བ་འབྲི༔ གནས་ཡིག་དེ་ཐམས་ཅད་ཀྱི་མཇུག་ཏུ་བདག་གི་དབང་དུ་ཁུག་ཅེས་ཤམ་བུར་སྦྱར་ཏེ་འབྲི༔ འདི་ནི་རབ་ཏུ་གཅེས་པས་ཤིན་ཏུ་གསང་༔ གདམས་པ་འདི་ཡི་ཕྱི་ནང་གི༔ གབ་སྤྲད་ལག་ལེན་དང་ལྡན་ན༔ གོང་མི་ནོན་དང་ལོག་བརྡུགས་འཁྱམས༔ མེད་དོ་མི་སྲིད་ཡིད་ཆེས་བསྐྱེད༔ བསྙེན་སྒྲུབ་འདིར་ཞུགས་རྣལ་འབྱོར་ལ༔ སྡེ་བརྒྱད་ཕྱི་ནང་གསང་བ་དང་༔ ཁྱད་པར་གཟའ་ཀླུ་ལ་སོགས་ཀྱིས༔ རབ་ཏུ་འདུད་ཅིང་བྲན་བྱེད་པས༔ དེ་དག་དུག་རླངས་གནོད་པ་སོགས༔ བཟློག་དང་བསྲུང་ཐབས་ལྡན་པ་གཅེས༔ དེ་མེད་མཛེ་ཤུ་ཕོལ་མིག་དང་༔ འཕྲལ་རྐྱེན་སྣ་ཚོགས་ངེས་པར་འབྱུང་༔ མོ་བརྒྱུད་ཕྱི་ནང་ཤ་རུལ་ལ༔ སྦྲང་བུ་འཚུབ་པ་ལྟར་འོང་བས༔ དེ་སྟོབས་རང་གི་ཐིག་ལེ་འཕྲོག༔ བཀྲག་དང་དབང་པོའི་མདངས་ཉམས་པས༔ དེ་དུས་དེ་རྣམས་བསྲུང་བ་བརྩམ༔ སྒྲུབ་པ་ཐོན་ནས་བླ་རྡོ་རྣམས༔ མགོ་ནག་འགྲོ་བས་མི་མཐོང་བཅང་༔ རབ་ཏུ་གསང་བ་དངོས་གྲུབ་གནད༔ གསང་དམ་ཉམས་ན་དངོས་གྲུབ་ཡལ༔ འགོ་བའི་ལྷ་ཡང་རིང་དུ་འགྱུར༔ དེ་ཕྱིར་ཆོས་འདི་གསང་སྟེ་སྤྱོད༔ ཞག་དུས་བསྙེན་པ་ཐུན་རེ་བསྐྱང་༔ ཟླ་དུས་མཆོད་གཏོར་ཚར་རེ་འབུལ༔ ལོ་དུས་སྒྲུབ་པ་ལན་རེ་བསྐྱེལ༔ འདི་རྣམས་སྙིང་གི་ཁ་བྱང་སྟེ༔ འཇིག་རྟེན་ལྷ་སྟེ་འཇིག་རྟེན་མགོན༔ ལས་མཛད་སྲིད་གསུམ་གར་དབང་རྩལ༔ ཧེ་རུ་ཀཿདཔལ་རྩེ་གསུམ་པའི༔ རྒྱུད་ལུང་མན་ངག་བརྒྱ་རྩ་བརྒྱད༔ བདག་ཉིད་པདྨས་ཡོངས་རྫོགས་ཤེས༔ ཕྱི་ནང་བླ་མ་མང་དུ་བསྟེན༔ མན་ངག་དཔག་མེད་སེམས་ལ་གབ༔ ཐབས་དང་ཤེས་རབ་སྣ་ཚོགས་ལ༔ རབ་འབྱམས་འཕྲིན་ལས་མཐའ་ཡས་ཀྱིས༔ སྐྱེ་འགྲོ་མ་ལུས་ཆོས་ལ་བཀོད༔ ད་ལྟ་བོད་ཡུལ་སྐུ་ཡིས་བཏུལ༔ རྒྱལ་བློན་རྗེ་འབངས་དངོས་གྲུབ་ཐོབ༔ མཐའ་འཁོབ་གངས་ཀྱི་ར་བ་འདིར༔ མདོ་སྔགས་ཆོས་ཀྱི་ཉི་མ་ཤར༔ བདག་ནི་རྔ་ཡབ་ཀློང་དུ་འགྲོ༔ སྲིན་ཚོགས་ཆོས་ཀྱི་ཁ་ལོ་སྒྱུར༔ སངས་རྒྱས་སྟོང་གི་མཐུ་བརྡུགས་ཀྱང་༔ ཤ་ཟ་སྲིན་པོ་ང་ཡིས་འདུལ༔ མ་འོངས་བོད་ཡུལ་སྤྲུལ་པས་སྐྱོང་༔ དེ་དུས་བོད་ཀྱི་རྒྱལ་ཁམས་འདིར༔ བདུད་རྒྱལ་བདུད་སྤྲུལ་མང་དུ་འོང་༔ ཆོས་ལུགས་མི་གཅིག་གྲུབ་མཐའ་མང་༔ ངན་སེམས་དུག་ཆུ་ལྟ་བུར་ཁོལ༔ ཨོ་རྒྱན་ང་ལ་གཉིས་ཡོད་ཟེར༔ གསང་སྔགས་ཆོས་ཀྱི་ཚ་ཁང་འགྲིམ༔ བདུད་སྤྲུལ་རང་བཟོའི་གྲུབ་མཐའ་རྣམས༔ སོ་སོར་རྒྱས་ཤིང་ཕྲག་དོག་རྩོད༔ ལྟ་སྒོམ་སྤྱོད་གསུམ་དྲོད་རྟགས་ཡལ༔ སངས་རྒྱས་བཀའ་ཡི་བྱིན་རླབས་ཉམས༔ བསམ་ཡས་ཁྱི་རོ་བཞིན་དུ་རུལ༔ ཆོས་འཁོར་མཆིམས་ཕུར་དམེ་འཁྲུག་བྱེད༔ གཙང་འགྲམ་ལྷ་ཁང་ཞིག་རལ་ཚེ༔ བོད་ཁམས་སེམས་ཅན་བསོད་ནམས་ཟད༔ བདུད་སྤྲུལ་མི་མགོ་བྲན་གྱིས་བྱེད༔ ལྟ་ལོག་ཆོས་ཀྱི་སྒོམ་བསྒྲུབ་དར༔ མཁར་ཆུའི་ཕོ་བྲང་གནས་ཀྱི་རྩེར༔ དམ་ཉམས་བདུད་སྤྲུལ་ལྷ་ཁང་བརྩིག༔ བོད་ཡུལ་གནས་དགོན་ཐམས་ཅད་ཀྱི༔ རྟེན་འབྲེལ་བཟང་གསུམ་ཐམས་ཅད་ཉམས༔ དམ་སྲི་འགོང་པོ་ཁ་རྒྱས་འཕྱུར༔ མཐའ་དམག་འོང་ཞིང་བོད་ཡུལ་འཇོམས༔ དེ་དུས་ཆོས་རྒྱལ་ཚངས་པ་ཡི༔ སྤྲུལ་པས་བོད་སྐྱོང་བྱང་མི་འདུལ༔ རྒྱ་བོད་ཧོར་གསུམ་ནོར་སྣ་འཚོག༔ བོད་ཁམས་ལོངས་སྤྱོད་ཆེར་རྒྱས་པས༔ ཆོས་པ་རྣམས་ཀྱང་ཐུགས་འཁྲུལ་ཏེ༔ ནོར་ཕྱིར་འབྲེང་ནས་ཉམས་རྟོགས་མེད༔ དེ་དུས་དབང་ཕྱུག་སྤྲུལ་པ་ཡིས༔ ཧོར་དང་རྒྱ་ནག་སྦྲེལ་བ་འབྱུང་༔ བོད་ཡུལ་ལྷ་མི་ཟ་བར་བརྔམ༔ དུས་རྟགས་མི་རུང་སྣ་ཚོགས་འབྱུང་༔ དེ་དུས་རྒྱ་མཚོའི་མིང་ཅན་གྱིས༔ བོད་ཀྱི་མི་མགོ་བྱེད་པའི་ཚེ༔ ལྕགས་ཀྱིས་ལྕགས་རྣམས་འདུལ་བ་དང་༔ རྡོ་ཡིས་རྡོ་རྣམས་བཤགས་པ་ལྟར༔ དབང་ཕྱུག་ལས་ཀྱི་ཧེ་རུ་ཀའི༔ སྒྲུབ་པ་དབང་ཆེན་སྙིང་ཐིག་འདི༔ ཉམས་སུ་བླངས་ཤིང་ལས་སྦྱར་ན༔ མཐའ་མི་དབང་འདུ་བོད་ཁམས་བདེ༔ མི་ལོ་དྲུག་ཅུར་བསྟན་པ་རྒྱས༔ བདག་སྤྲང་བན་རིག་འཛིན་འགྲོ་འདུལ་བས་གངས་རིའི་རྒྱལ་བོ་ཏེ་སེ་ནས་གདན་དྲངས་པའོ། །སརྦ་མངྒ་ལཾ་ཛ་ཡནྟུ།


previousལས་ཀྱི་ཧེ་རུ་ཀའི་སྙིང་བྱང་ཞལ་ཁྲིད་ཤིན་ཏུ་གསང་བ།next