Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
ཡིད་བཞིན་ནོར་བུའི་ཙཀྲ་ལ་བརྟེན་ནས་ནོར་སྒྲུབ་པའི་ལས་སྦྱོར།
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousཡིད་བཞིན་ནོར་བུའི་ཙཀྲ་ལ་བརྟེན་ནས་ནོར་སྒྲུབ་པའི་ལས་སྦྱོར།next

ཡིད་བཞིན་ནོར་བུའི་ཙཀྲ་ལ་བརྟེན་ནས་ནོར་སྒྲུབ་པའི་ལས་སྦྱོར།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ལས་ཀྱི་ཧེ་རུ་ཀའི་ཡིད་བཞིན་ནོར་བུའི་ཙཀྲ་ལ་བརྟེན་ནས་ནོར་སྒྲུབ་པའི་ལས་སྦྱོར་བཞུགས༔ ལས་མཛད་ཧེ་རུ་ཀཿལ་འདུད༔ ལྷ་ཆེན་བསྒྲུབ་པའི་རྣལ་འབྱོར་པས༔ བདག་གཞན་དོན་གཉིས་བསྒྲུབ་པའི་ཕྱིར༔ ནོར་གྱི་དབུལ་བ་རྒྱུན་གཅོད་ཅིང་༔ ནོར་གྱི་དངོས་གྲུབ་སྤྱོད་འདོད་ན༔ གདམས་པ་འདི་བཞིན་ཉམས་སུ་ལོངས༔ ས་མ་ཡཱ༔ རྒྱ༔ དེ་ཡང་ཡིད་བཞིན་ནོར་བུའི་ཙཀྲ་ལ་བརྟེན་ནས་ནོར་བསྒྲུབ་པའི་གདམས་པ་འདི་ལ་དོན་གསུམ་སྟེ༔ སྔོན་འགྲོ་དང་དངོས་གཞི་རྗེས་སོ༔ ས་མ་ཡཱ༔ རྒྱ༔ དང་པོ་སྔོན་འགྲོ་ལ་གཉིས༔ འཁོར་ལོ་འབྲི་བ་དང་རྫས་བསག་པའོ༔ དང་པོ་འཁོར་ལོ་འབྲི་བ་ནི༔ དར་དམར་རམ་རྒྱ་ཤོག་བཟང་པོ་ལ༔ འགྲུབ་སྦྱོར་ཉི་ཁྱིམ་ཤིས་པའི་ཚེ༔ གསེར་དངུལ་མཚལ་ལམ་རྒྱ་སྣག་སོགས༔ རབ་འབྲིང་ཐ་མའི་སྣག་ཚ་ཡིས༔ འཁོར་ལོ་མུ་ཁྱུད་གསུམ་དུ་བསྐོར༔ ལྟེ་བར་སྙིང་ནོར་གང་འདོད་ཀྱི་གཟུགས་འབྲི༔ ནོར་སྒྲུབ་སྤྱི་ཁྱབ་ཏུ་འདོད་ན་ནོར་བུ་འབར་བ་འབྲི༔ དབང་གི་རྒྱལ་པོ་སིདྡྷི་སྭཱ་ཧཱ༔ བསམ་འཕེལ་རཏྣ་སིདྡྷི་སྭཱ་ཧཱ༔ འདོད་འབྱུང་རཏྣ་སིདྡྷི་སྭཱ་ཧཱ༔ ཞེས་ནོར་བུའི་གཟུགས་གསུམ་སོ་སོར་འགོད༔ དེའི་ཕྱི་རིམ་རྩིབས་བཞི་ལ༔ ཀ་ར་བྷི་ཀོ་ར་བྷི་ཞེས་སྙིང་པོ་འབྲུ་དྲུག་ཚང་མ་རེ་རྩིབས་རེ་ལ་འབྲི༔ རྩིབས་མཆན་བཞི་ལ༔ ཧྲཱི༔ མཉྫུ་ཀུག་ཏ་དྷེ་བ་ཧྲིང་ཛ༔ ཅེས་ཕྱོགས་བཞིར་འབྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཧྲཱིཿཧྲཱིཿམཉྫུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་ར་བྷི་ཀོ་ར་བྷི་ཨ་ཀཪྴ་ཡ་ཧྲིང་ཧྲིང་ཛཿཛཿ བཛྲ་རཏྣ་པདྨ་ཀརྨ་སིདྡྷི་ཧཱུྃཿ རིན་ཆེན་འབྲུ་ནོར་ལོངས་སྤྱོད༔ ལྷབ་ལྷུབ་གོས༔ རྐང་བཞི་དུད་འགྲོ༔ རྨ་གཡང་ཟས་སོགས་འཛམ་གླིང་གི་ནོར་དང་བཅུད་ཐམས་ཅད་སྐུལ་ཅིག་སྐྱོད་ཅིག་བདག་གི་དབང་དུ་སྡུས་ཤིག༔ ཅེས་བྲིའོ༔ ཡིག་མགོ་ཐམས་ཅད་ཕྱིར་བསྟན་མཛེས་པའི་ཚོན་གྱིས་བྱུག་པར་བྱའོ༔ གཉིས་པ་རྫས་བསག་པ་ནི༔ གསེར་ཀྱི་ས་ལེ་སྦྲམ༔ དངུལ་གྱི་ས་ལེ་སྦྲམ༔ གཞན་ཡང་རིན་པོ་ཆེའི་ནོར་རང་གི་གང་འདོད་པ་ཐམས་ཅད་དང་༔ དར་ཟབ་ལ་སོགས་འབྲུ་སྣ་སྨན་སྣ་ཚོགས་པར་བསགས༔ རྒྱལ་པོ་ཆེན་པོའི་ཟས་ནོར་ལོངས་སྤྱོད་ཀྱི་རྫས་དང་༔ ཁྱད་པར་དྲེའུ་མཛོ་རབས་ཆད་ཕོ་མོའི་ཟས་ནོར་སོགས་མ་ཡིན་པའི་ནོར་སྣ་ཅི་འཛོམ་དང་༔ དུད་འགྲོ་ཐམས་ཅད་ཀྱི་གཡངས་སྤུ་དང་ར་ཅོའི་ཚལ་པ་དོན་སྙིང་སོགས་ཅི་མང་དུ་བསགས༔ རྫས་དེ་རྣམས་འཁོར་ལོའི་ནང་དུ་བཏབ་ཅིང་༔ ཆགས་ལེགས་པར་བྱས་ཏེ་ཟ་འོག་གི་ཁུག་མར་བཅུག༔ དེ་ཟངས་ཀྱི་གའུ་ནོར་བུའི་དབྱིབས་ཅན་དུ་བསྡམས་ཤིང་དར་སྣ་ཚོགས་ཀྱིས་དྲིལ་བར་བྱའོ༔ ས་མ་ཡཱ༔ རྒྱ༔ གཉིས་པ་དངོས་གཞི་ལ་གཉིས་ཏེ༔ རྫས་འགོད་པ་དང་བསྒྲུབ་པའི་རིམ་པའོ༔ དང་པོ་རྫས་འགོད་པ་ནི༔ དཀྱིལ་འཁོར་ཀྱི་དབུས་སུ་ཁྲིའུ་ཁར་སྒྲུབ་རྫས་འགོད་ཅིང་དར་དམར་གྱིས་གུར་ཕུབ༔ གཡས་གཡོན་དང་མདུན་རྒྱབ་རྣམས་སུ་མཆོད་པའི་ཚོགས་བྷ་ལིངྟ་ཚོགས་ཀྱི་ཡོ་བྱད་ཕུན་སུམ་ཚོགས་པ་བཤམས་ཤིང་བྱིན་གྱིས་བརླབ་པར་བྱའོ༔ གཉིས་པ་སྒྲུབ་པ་དངོས་ནི་སྒྲུབ་གཞུང་ལྟ་བུ་ལ༔ ཁྱད་པར་དུ་རང་གིས་གང་འདོད་པའི་ནོར་གྱི་གཙོ་བྱས་འཛམ་གླིང་གི་ནོར་ཐམས་ཅད་འབྲུ་སྣ་ལོངས་སྤྱོད་མཁོ་དགུའི་ཡོ་བྱད་དཔལ་ཕུན་སུམ་ཚོགས་པར་གང་གྱུར་པ་ཐམས་ཅད༔ ལྷ་ཆེན་ཡབ་ཡུམ་མཁའ་འགྲོ་བཞི་བཀའ་ཉན་རྒྱལ་པོ་སྡེ་བཞི་དང་བཅས་པ་ཐམས་ཅད་ཀྱིས༔ འུབ་འུབ་ཡོམ་ཡོམ་ཁྲོལ་ཁྲོལ་དུ་བསྡུས་ནས་ལོངས་སྤྱོད་ནོར་གྱི་དངོས་གྲུབ་ཐོབ་པར་བསམ་ཞིང་༔ སྒྲུབ་གཞུང་གི་བསྙེན་པའི་ཐེམས་སུ་རང་གི་ནོར་གང་འདོད་པའི་མིང་ལྟེམ་ཞིང་དབང་དུ་སྡུས་ཞེས་ཤམ་བུར་སྦྱར་ཏེ་བསྒྲུབ་པར་བྱའོ༔ ས་མ་ཡཱ༔ རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ལ་གསུམ་སྟེ༔ དུས་བསྟན་པ་གྲངས་བསྟན་པ་ཕན་ཡོན་བསྟན་པའོ༔ དང་པོ་དུས་བསྟན་པ་ནི༔ བརྩོན་འགྲུས་རབ་ལ་བདུན་གཅིག༔ འབྲིང་ལ་བདུན་གཉིས༔ ཐ་མ་ལའང་བདུན་གསུམ་གྱིས་མི་འགྲུབ་མི་སྲིད་དོ༔ གཉིས་པ་གྲངས་བསྟན་པ་ནི༔ གང་ཟག་རབ་ལ་སྟོང་ཚོ་བཅོ་བརྒྱད༔ འབྲིང་ཁྲི་ཚོ་གསུམ༔ ཐ་མས་འབུམ་ཚོ་གཅིག་གིས་ངེས་པར་འགྲུབ་བོ༔ གང་ཟག་གི་རབ་འབྲིང་ནི་སྔ་མའི་བསགས་རྒྱབ་ཆེ་ཆུང་ངོ་༔ གསུམ་པ་ཕན་ཡོན་བསྟན་པ་ནི༔ སྒྲུབ་པ་འདིར་ཞུགས་པའི་གང་ཟག་ལ་འདུ་བ་རྣམ་པ་བཞི་ཆར་བཞིན་དུ་འབབ༔ ལོངས་སྤྱོད་མཁོ་དགུའི་ཚོགས་ནི་སྤྲིན་བཞིན་དུ་འདུ༔ རྒྱུ་བསོད་ནམས་ཀྱི་ཚོགས་ནི་བྱང་ཆུབ་ཤིང་གི་ཡལ་ག་འམ་དཔག་བསམ་གྱི་ཤིང་ལྟ་བུར་རྒྱས༔ འབྲས་བུ་ཡེ་ཤེས་ཀྱི་ཚོགས་ནི་འབྲས་དྲུག་ལྟ་བུར་སྨིན༔ མཆོག་ཐུན་གྱི་སིདྡྷི་གཉིས་ཚེ་འདི་ལ་མངོན་དུ་བྱེད༔ ཇི་ལྟར་བཀྲེས་པའི་འགྲོ་བས་ཀྱང་༔ གདམས་པ་འདིར་ཞུགས་ཉམས་བླངས་ན༔ ལོངས་སྤྱོད་འཁོར་ལོས་བསྒྱུར་རྒྱལ་འདྲ༔ བསོད་ནམས་ཚོགས་སྤེལ་མ་ནུས་ཤིང་༔ ཡེ་ཤེས་ཚོགས་ལ་མ་རག་ཀྱང་༔ སྐྱེ་བ་བདུན་ལ་འཁོར་ལོས་སྒྱུར༔ ལྷ་མིའི་དེད་དཔོན་ས་ལ་སྤྱོད༔ འདི་བཞིན་སྤྱོད་པའི་སྐལ་ལྡན་གྱིས༔ སྲོག་གི་དམ་ཚིག་གསང་བ་གནད༔ ལྷ་སྔགས་ཏིང་འཛིན་སྣ་རེ་རེ༔ ཕ་རོལ་འགྲོ་བས་མཐོང་ངམ་བསྒྲགས༔ དངོས་གྲུབ་སྣ་རེ་ངེས་པར་འཆད༔ དེ་ཕྱིར་སྲོག་གི་ཕྱིར་མ་སྟོན༔ མཚོ་རྒྱལ་ཁྱོད་ཀྱིས་ཡི་གེར་ཐོབ༔ ཀླུ་དབང་ཁྱོད་ཀྱི་སྙིང་ལ་ཆོངས༔ མ་འོངས་དོན་དུ་གཏེར་དུ་སྦོས༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ གསང་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བནྡྷེ་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་ཤིང་ཆགས་རུ་ཕུག་ནག་བདེ་བ་ཆེན་པོར་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། །།


previousཡིད་བཞིན་ནོར་བུའི་ཙཀྲ་ལ་བརྟེན་ནས་ནོར་སྒྲུབ་པའི་ལས་སྦྱོར།next