Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
ལྷ་ཆེན་པོའི་འཕྲིན་ལས་བདུད་རྩི་དཀར་པོའི་ལས་སྦྱོར་བཅུ་བདུན་པ།
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousལྷ་ཆེན་པོའི་འཕྲིན་ལས་བདུད་རྩི་དཀར་པོའི་ལས་སྦྱོར་བཅུ་བདུན་པ།next

ལྷ་ཆེན་པོའི་འཕྲིན་ལས་བདུད་རྩི་དཀར་པོའི་ལས་སྦྱོར་བཅུ་བདུན་པ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ལྷ་ཆེན་པོའི་འཕྲིན་ལས་བདུད་རྩི་དཀར་པོའི་ལས་སྦྱོར་བཅུ་བདུན་པ་བཞུགས༔ ལས་ཀྱི་ཧེ་རུ་ཀ༔ ལ་བསྟོད༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ བསགས་སྦྱངས་དཔག་ཏུ་མེད་པ་ཡིས༔ བསོད་ནམས་ཚོགས་ནི་རླབས་པོ་ཆེ༔ བྱང་ཆུབ་དམིགས་པས་མ་ཟིན་ཚེ༔ ལམ་ལས་གོལ་ཞིང་ཁམས་གསུམ་བདག༔ ཆེ་བཙན་ལས་ཀྱི་ཧེ་རུ་ཀ༔ རྩེ་གསུམ་ཕྱག་རྒྱ་འཆང་བར་སྐྱེས༔ རྣམ་དཀར་བདེན་འབྲས་བསོད་ནམས་མཐུས༔ རང་བྱུང་སྟོང་པའི་ནམ་མཁའ་ནས༔ བདུད་རྩིའི་རྒྱུན་ཆེན་བབས་པའི་ཚེ༔ ལྷ་ཆེན་མ་ཧཱ་དྷེ་ཝས་འཐུངས༔ ཁ་ཕྲུ་ཟག་པ་ས་ལ་ལྷུང་༔ སྟོང་གསུམ་འཇིག་རྟེན་ཀུན་ཏུ་སྐྱེས༔ ནད་བརྒྱ་གསོ་བའི་གཉེན་པོར་གྱུར༔ རང་བྱུང་བདུད་རྩི་ཞེས་ཀྱང་བྱ༔ ནད་བརྒྱ་སྨན་གཅིག་ཞེས་ཀྱང་བྱ༔ དཀར་པོ་ཀུན་ཐུབ་ཞེས་ཀྱང་བྱ༔ གཉན་ལྷོག་ཀུན་འཇོམས་ཞེས་ཀྱང་བྱ༔ ཡ་མ་སྲིན་འཇོམས་ཞེས་ཀྱང་བྱ༔ དཀར་པོ་ཞེས་ཀྱང་བྱ༔ ཡུལ་གྲུ་ལུང་པའི་ཕུ་ན་སྐྱེ༔ བསྟེན་པས་བར་ཆད་ཀུན་ལས་གྲོལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་གསང་བའི་བདུད་རྩི་དེ༔ དབང་ཆེན་ལས་སྦྱོར་བཅུ་བདུན་གྱིས༔ འགྲོ་དོན་བྱ་ཐབས་འདི་ལྟར་རོ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ གླ་རྩི་གུ་གུལ་ཤུ་དག་དང་༔ སྤང་སྤོས་ལྔ་སྟེ་གཙོ་བོ་བློན༔ ཆ་སྙོམས་བཏང་བས་གག་པ་དང་༔ ལྷོག་པ་འཇོམས་པར་ཐེ་ཚོམ་མེད༔ གག་ལྷོག་འཇོམས་པའི་ལས་སྦྱོར་རོ༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ བློན་པོ་ལང་ཐང་རྩེ་སྦྱར་ནས༔ ར་ཚིལ་ར་ཁྲག་རིལ་བུ་བྱ༔ ནད་ཚབས་ཆེ་ཆུང་ཐུན་ཚད་སྦྱར༔ མགོ་ནད་སྲིན་བུས་འཐོམ་པ་དང་༔ ཡ་མ་འཁྱུག་ཅིང་ན་བ་སེལ༔ ཡ་མ་འཇོམས་པའི་ལས་སྦྱོར་རོ༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ གུ་གུལ་ནག་པོ་བློན་པོར་སྦྱར༔ བྱིས་པའི་དྲི་ཆུས་རིལ་བུ་བྱ༔ ནད་ཚབས་དང་བསྟུན་རིལ་བུ་བཏང་༔ སོ་ནད་སྲིན་འབུའི་ནད་རིགས་འཇོམས༔ སོ་སྲིན་འཇོམས་པའི་ལས་སྦྱོར་རོ༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ བློན་པོ་ལོ་བརྒྱད་དྲི་ཆུ་སྦྱར༔ འདེག་གུའམ་ཐུན་ཚད་རིལ་བུར་སྒྲིལ༔ ནད་ཚབས་དང་བསྟུན་རིལ་བུ་བཏང་༔ ལོང་ཀའི་སྲིན་འབུ་འཁྱུག་ནས་སུ༔ ཕོ་ནད་དྲི་ཁོལ་བྱེད་པ་འཇོམས༔ ཕན་པར་དཀའ་ན་སྲིན་བཤལ་བཏང་༔ ཕོ་སྲིན་འཇོམས་པའི་ལས་སྦྱོར་རོ༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ བློན་པོ་གུ་གུལ་ནག་པོ་སྦྱར༔ ཁོང་དུ་བཏང་བས་ཀླད་པའི་ནད༔ མགོ་གཟེར་འཇོམས་པ་ཐེ་ཚོམ་མེད༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ བློན་པོ་ཤུ་དག་ར་ཁྲག་སྦྱར༔ ཕྱེ་མའམ་རིལ་བུ་གང་རུང་བྱ༔ གྲི་ནད་གག་སྲིན་ཨོག་འགག་དང་༔ ལྕེ་འབམ་སེལ་བར་ཐེ་ཚོམ་མེད༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ གླ་རྩི་ཤིང་ཀུན་ལང་ཐང་རྩེ༔ སྒོག་པ་བཞི་པོའི་འབངས་སྦྱར་བཏང་༔ སྲིན་གྱི་རིགས་དང་གླང་ཐབས་འཇོམས༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ གི་ཝཾ་ཤ་ཆེན་ཐར་ནུ་དང་༔ ཨ་རུ་ར་དང་ཨ་བྱག་གླ་རྩི་སྦྱར༔ རོ་སྟོད་ན་ཞིང་གཟེར་བ་འཇོམས༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ པི་པི་ལིང་དང་སེའུ་འབྲུ་སྡེབས༔ མ་ཞུ་ཕོ་བའི་ནད་རིགས་སེལ༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ དུང་མོ་ཉུང་དང་གཙོད་སྦྱར་བཏང་༔ ལོང་ཁ་ན་ཞིང་གཟེར་བ་སེལ༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ བྱི་ཏང་ཀ་དང་པི་པི་ལིང་༔ ཆང་ལ་རྟ་བྱས་ཁོང་དུ་གཏོང་༔ མཆིན་ག་གཟེར་ནས་ཕོ་བ་ན༔ སྐྱུག་ཅིང་འདྲེ་ལ་གཟེར་བ་འཇོམས༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ ལྕ་སྒ་ལུག་གི་རིལ་མ་ཙམ༔ པི་པི་ལིང་དང་རྒྱ་ཚྭ་སྦྱར༔ གྲང་བ་ཤིན་ཏུ་རྒྱས་པ་སེལ༔ ཨྠིྀརྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ ཁ་རུ་ཚ་དང་སྙིང་ཞོ་ཤ༔ ཤིང་ཀུན་སྒ་སྦྱར་བུ་རམ་གྱི༔ རྟ་བྱས་ཆང་གིས་ཕུལ་ཏེ་བཏང་༔ སྙིང་རླུང་འཇོམས་པར་ཐེ་ཚོམ་མེད༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ ཁ་ཆེ་གུར་གུམ་མ་གི་ཏ༔ སྦྱར་བཏང་དུག་རིགས་ནད་རྣམས་འཇོམས༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ གསེར་གྱི་མེ་ཏོག་པི་པི་ལིང་༔ ཀ་ར་བཙོད་དང་དུང་མོ་ཉུང་༔ སྦྱར་བས་མཁྲིས་པ་ཕོ་འགྲིལ་སེལ༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ བྱི་ཏང་ཀ་དང་ལང་ཐང་རྩེ༔ མེ་རུ་རྩེ་སྦྱར་བུ་རམ་གྱི༔ རིལ་བུ་སྒྲིལ་ཏེ་ཕག་གམ་ར༔ མགོ་ཡི་གཞོབ་ཁུས་ཕུལ་ཏེ་བཟའ༔ ཐང་ཕྲོམ་ནག་པོ་ལང་ཐང་རྩེ༔ གླ་རྩི་སྒོག་སྐྱ་ཤིང་ཀུན་རྣམས༔ མར་དང་སྦྱར་ཏེ་འོག་སྒོར་བཙངས༔ གཞང་གི་སྲིན་འབུ་མ་བཟོད་པ༔ ཟ་ཞིང་འཕྲུག་ལ་གཟེར་བ་སེལ༔ ཨྠིྀ་རྒྱ༔ གཙོ་བོ་བདུད་རྩི་དཀར་པོ་ལ༔ ཚ་ལ་དཀར་པོ་ཞད་ཙམ་ཞིག༔ གླ་རྩི་དག་ནི་གཙོ་འཁོར་གསུམ༔ སྦྱར་བཏང་དུག་རིགས་ཐམས་ཅད་ཀྱི༔ ཤ་ལྤགས་བྱེར་དང་སྣོད་གྲམ་སྡུད༔ གཙོ་བོ་སྦྱར་དུག་སྡུད་ཐབས་ཡིན༔ དངོས་གཞི་རང་གཞུང་ལྟ་བུར་སྤྱད༔ ཨྠིྀ་རྒྱ༔ ཨེ་མ་བདུད་རྩིའི་གསོ་དཔྱད་འདི༔ གཞན་ལ་ཕན་ཕྱིར་པདྨས་བཀོད༔ ལྷ་ཆེན་རྒྱུད་ལས་བསྡུས་པའི་དོན༔ གཏེར་ཁ་འགའ་ལ་སྦས་ཏེ་བཞག༔ ལན་ཅིག་འགྲོ་ལ་ཕན་ཐོགས་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བནྡྷེ་ཉི་མ་གྲགས་པས་གངས་རི་ནས་གདན་དྲངས་པའོ། །མངྒཱ་ལཾ།། །།


previousལྷ་ཆེན་པོའི་འཕྲིན་ལས་བདུད་རྩི་དཀར་པོའི་ལས་སྦྱོར་བཅུ་བདུན་པ།next