Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
ལྷ་ཆེན་པོའི་ལས་ཚོགས་ཐོར་བུ།
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousལྷ་ཆེན་པོའི་ལས་ཚོགས་ཐོར་བུ།next

ལྷ་ཆེན་པོའི་ལས་ཚོགས་ཐོར་བུ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ལྷ་ཆེན་པོའི་ལས་ཚོགས་ཐོར་བུ་བཞུགས༔ ལས་མཛད་ཧེ་རུ་ཀ་ལ་བསྟོད༔ དབང་ཕྱུག་ཆེན་པོའི་རྣལ་འབྱོར་པས༔ དུས་ངན་བསྐལ་པའི་ཐ་མ་ལ༔ མཚོན་གྱི་འཇིགས་པ་བསྲུང་འདོད་ན༔ རྒྱ་ཤོག་རྒྱ་སྣག་ལྷད་མེད་ཀྱིས༔ འཁོར་ལོ་མུ་ཁྱུད་བཞི་རུ་བསྐོར༔ ལྟེ་བར་ཆེ་གེའི་ལུས་ངག་ཡིད་གསུམ་ལ་མཚོན་གྱིས་འཇིགས་པ་སྲུངས་ཤིག་རཀྵ་རཀྵ་བྱ་བ་བྲི༔ དེ་ཡི་ཕྱི་རིམ་རྩིབས་བཞིར་བཅད༔ ཨཱོཾ་ཐེ་ཐེ་བྷོ་ཤ་བུ་ན་ཤ་ཐེ་བྷོ་ཤ་ཕཊ༔ དུ་མ་ཤི་ཤི་ནི་རི་རི་ཀེ་ཕོ་ཕོ་ཤི་མི་སྭཱ་ཧཱ༔ ཚག་མེད་དབུ་ཅན་དག་ཏུ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཡེ་དྷརྨཱ་ཚང་བར་འབྲི༔ དེ་ཡི་ཕྱི་རིམ་རྡོ་རྗེའི་ར་བས་བསྐོར༔ དེ་ཡི་ཕྱི་རིམ་མེ་རི་འབར་བ་བྲི༔ རང་སྔགས་ཡེ་དྷརྨཱ་བརྒྱ་རྩ་བརྒྱད་ཀྱིས་རབ་ཏུ་གནས༔ དར་དཀར་པོ་དྲི་མ་མེད་པས་བཏུམས་ཏེ་བསྲུང་བྱའི་སྐེ་ལ་གདགས༔ རྒྱ་མགྲོན་ནང་དུ་བཙན་དུག་སིནྡྷུ་ར་དངུལ་ཆུ་གསུམ་བླུག༔ སྤྲ་ཚིལ་གྱིས་ཁ་བཅད༔ དེ་ཟངས་དམར་གྱིས་བཏུམས༔ དེ་དར་དམར་པོས་དྲིལ་ཞིང་བསྲུང་བྱའི་དཔུང་པ་གཡོན་ལ་གདགས༔ དམ་ཚིག་ཏུ་མཚོན་རྩེ་རང་ལ་མི་བསྟན༔ རེ་གདན་ནག་པོའི་སྟེང་དུ་མི་འདུག༔ སྐས་ཀྱི་འོག་ཏུ་མི་འཛུལ་ལོ༔ ས་མ་ཡཱ༔ རྒྱ༔ མ་འོངས་བསྐལ་པའི་ཐ་མ་ལ༔ དབང་ཕྱུག་ཆེན་པོའི་རྣལ་འབྱོར་པས༔ དགྲ་བོ་འཕུང་བའི་ལས་བྱེད་ན༔ གྲོ་གའམ་ནི་ཤོག་བུ་ལ༔ དགྲ་བོའི་མིང་རུས་ལིངྒར་འབྲི༔ ཟག་རྫས་བྱུག་ཅིང་ལྷ་དབྱེ་དགུག༔ གྲི་ཁྲག་མཛེས་ཁྲག་ནལ་གྱི་ཁྲག༔ མི་ཁའི་རྫས་ངན་སྣ་ཚོགས་བསྡུས༔ ལིངྒ་དང་བཅས་ཧོམ་དུ་གཞུག༔ སེང་ལྡེང་ཕུར་པ་སྙིང་གར་གདབ༔ དགུག་གཞུག་དྲག་བྱས་ཧོམ་ཁ་བསྡམས༔ རང་ཉིད་ཡི་དམ་ལྷ་རུ་བསྒོམ༔ མལ་འོག་གྲུ་གསུམ་བྲུས་ལ་མནན༔ ཨཱོཾ་མུག་ཐུཾ༔ སརྦ་མུག་ཐུམ༔ བྷ་ཏ་མུག་ཐུཾ༔ དགྲ་བོའི་ཁ་ཆིངས༔ རྩེ་མ་རེའུ་ཕཊ༔ ཞག་བདུན་མཚམས་བྱས་སྨྲ་བཅད་བཟླས༔ དགྲ་བོའི་ཟས་ནོར་ཕྱགས་མས་འདེད༔ ཁ་ཕུང་རྗེས་མེད་གཏོང་བར་ངེས༔ མུ་སྟེགས་ནག་པོའི་ངན་སྔགས་ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་འོངས་བསྐལ་པའི་ཐ་མ་ལ༔ དབང་ཕྱུག་ཆེན་པོའི་རྣལ་འབྱོར་པས༔ དགྲ་བོ་འཕུང་གསུམ་བསད་པའི་ཐབས༔ རྐྱལ་པ་ཕུས་འདེབས་འདི་ལྟར་བྱ༔ ནལ་ཕྲུག་སྤགས་པ་བྱུང་ན་རབ༔ ཡང་ན་རིལ་ཚེ་ཁུང་ཤི་བའི༔ ལྤགས་པར་དགྲ་བོའི་རྐང་རྗེས་ས༔ བླུགས་ཤིང་བུ་ག་ཐམས་ཅད་ནི༔ དར་ཚོན་སྣ་ལྔའི་སྐུད་པས་བསྡམས༔ སེ་ཤིང་མི་རྒྱུས་གཞུ་རུ་བཀུག༔ སྐྱེར་པའི་མདའ་ལ་འུག་སྒྲོ་དང་༔ ཕོ་རོག་སྒྲོ་སྟོད་སྔགས་འདི་བཟླ༔ ཨེ་ཀ་ཏི་ཏཾ༔ ཨ་ན་ཁ་ཚ༔ མའུ་ན་པི་ཚ༔ ཕའུ་ལ་ས་ཏི༔ རི་ཀ་ནི་ཙ༔ ཛྙི་སཾ༔ ཀྵི་ཡཾ༔ ཕུར་ཡོམ་གྷིས༔ མི་ཁྱིའི་སྐད་མི་ཐོས་པའི་སར༔ ཞག་བདུན་བརྩོན་འགྲུས་ལྡན་པས་བསྒྲུབ༔ ཐ་མར་མདའ་ཡིས་རྐྱལ་པར་བརྡེག༔ དགྲ་བོ་སྦོས་གྲི་གླང་ཐབས་འཆི༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་འོངས་དུས་ཀྱི་ཐ་མ་ལ༔ དབང་ཕྱུག་གྲུབ་པའི་རྣལ་འབྱོར་པས༔ དགྲ་བོ་མྱུར་དུ་བརླག་པའི་ཐབས༔ དགྲ་བོའི་ལིངྒ་རྐང་རྗེས་ས༔ མུ་ཟི་ཤུ་དག་ནག་པོ་གཉིས༔ ཆུ་བལ་སྔོན་པོ་རྫས་སུ་བཏབ༔ སྲེ་མོང་ལྤགས་པའི་ནང་དུ་འདེབས༔ རང་ཉིད་མ་ཧཱ་དེ་ཝར་བསྒོམ༔ གོང་ལྟར་མདའ་གཞུ་ལག་ཏུ་ཐོགས༔ དགྲ་བོ་འགུགས་བསྟིམ་དམིགས་པ་གཅུན༔ དར་དུ་དར་དུ་རྦད༔ ཛཿཏྲི་ཚིན་ན་རྦུད༔ ཀུ་རུ་ཤིང་༔ གྷ་ཧ་ཏི་ཤིག༔ ས་ཏི་ཀུ་ཏུ་ས་ཆེ་གེ་མོ་མཱ་ར་ཡ་ཛཿཛཿཐུན་ཐུན་སོད་སོད༔ གོང་བཞིན་བསྒྲུབས་པས་རྟགས་མྱུར་འཐོན༔ འདི་ནི་ཤིན་ཏུ་ཟབ་པའི་གནད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་འོངས་བསྐལ་པའི་ཐ་མ་ལ༔ མ་ཧཱ་དྷེ་ཝའི་རྣལ་འབྱོར་པར༔ བདུད་མོ་མ་རུངས་འདྲེ་མོ་ཡིས༔ ཆོས་བཞིན་སྤྱོད་ལ་བར་གཅོད་ན༔ དེ་ཉིད་མྱུར་དུ་འདི་ལྟར་བསྒྲལ༔ དུག་ཤོག་ངོས་ལ་དུག་ཁྲག་གིས༔ མོ་ཡི་ལིངྒ་བྲིས་ནས་ཀྱང་༔ སྙིང་གར་ནྲི་བྲིས་མིང་གི་མཐར༔ མྱུར་དུ་ཁུག་ཅིག་བྱ་བ་འབྲི༔ གནས་ཡིག་གཞན་མཐུན་བཞིན་དུ་འགོད༔ མཚན་མར་ཆེ་གེའི་མཚན་མ་ལ༔ ཛཿཛཿམཱ་ར་ཡ་ཕཊ༔ ཅེས་འབྲི་ལྟེ་བར་སྦྲུལ་མགོ་དང་༔ རྐང་གཡས་ཞབས་སུ་སྦལ་པ་འབྲི༔ རྐང་གཡོན་འོག་ཏུ་སྡིག་པའི་གཟུགས༔ ཐ་མར་དམོད་བཅོལ་སྣ་ཚོགས་འདྲི༔ ཆུ་ཤུལ་ས་ཡིས་འཁོར་ལོར་བྱུག༔ རྫས་ལ་སྦལ་ཤ་སྦྲུལ་གྱི་ཤ༔ སྡིག་པའི་ཤ་དང་ར་ཁྲག་རྣམས༔ བསྲེས་ནས་ལིངྒའི་ནང་དུ་བཏབ༔ ལྷ་དབྱེ་དགུག་གཞུག་དྲག་ཏུ་བྱ༔ ཧོམ་ཁུང་ནང་བཅུག་རང་མདུན་བཞག༔ སྔགས་འདིས་ཞག་གསུམ་བསྒྲུབ་ནས་ཀྱང་༔ ཡུངས་ཀར་ལ་གདབ་ཡང་ཡང་བྲབ༔ ཨཱོཾ་ན་ག་ར་ཙ་ཐུཾ་རིལ༔ ཆེ་གེ་མོའི་མཚན་མ་མཱ་ར་ཡ་ཛཿཛཿ སྒྲུབ་པ་ཐོན་ནས་ལིངྒ་དེ༔ ར་རུར་བཅུག་ཅིང་ཀླུ་ལ་གཏད༔ རོ་གཡམ་རྒྱ་གྲམ་བྲིས་པས་བཅད༔ མྱུར་དུ་མཚན་མ་སྦོས་ནས་འཆི༔ ཤིན་ཏུ་ཟབ་པའི་མན་ངག་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ཁ་ཐཾ་རྒྱ༔ བདག་སྤྲང་བནྡྷེ་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའོ། །མངྒཱ་ལཾ།། །།


previousལྷ་ཆེན་པོའི་ལས་ཚོགས་ཐོར་བུ།next