Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
ལྷ་ཆེན་སྒྲུབ་པའི་རྣལ་འབྱོར་ལ་མཁོ་བའི་ཡིག་ཆུང་རང་འདོད་དུ་བྲིས་པ།
   
   
  collapse section
   
   
   
   
   
   
   
   
   
   
   
   


 
previousལྷ་ཆེན་སྒྲུབ་པའི་རྣལ་འབྱོར་ལ་མཁོ་བའི་ཡིག་ཆུང་རང་འདོད་དུ་བྲིས་པ།next

ལྷ་ཆེན་སྒྲུབ་པའི་རྣལ་འབྱོར་ལ་མཁོ་བའི་ཡིག་ཆུང་རང་འདོད་དུ་བྲིས་པ།

ལྷ་ཆེན་སྒྲུབ་པའི་རྣལ་འབྱོར་ལ་མཁོ་བའི་ཡིག་ཆུང་རང་འདོད་དུ་བྲིས་པ་ཡོད། འཕགས་མཆོག་རྒྱལ་བ་གང་འདུལ་སྐུར་སྣང་བ། །རྩ་གསུམ་དབང་མཛད་དབང་གི་ལྷ་ཚོགས་དང་། །དབྱེར་མེད་བླ་མ་དཔག་བསམ་ནོར་བུ་ལྟར། །ཡིད་བཞིན་རེ་སྐོང་མཛད་དེར་གུས་པས་འདུད། །འདིར་བླ་མ་བདེ་མཆོག་འཁོར་ལོའི་ཆོས་སྡེ་ལས་བྱུང་བ་ལྷ་ཆེན་དང་རྩ་གསུམ་དབྱེར་མེད་དུ་ཉམས་སུ་ལེན་པ་ལ། དཀྱིལ་འཁོར་སྒོ་རྫོགས་སྤྱི་འགྲོའི་དབུས་སུ་སྔོན་གྱི་དཔེ་རིས་དང་བཀའ་བརྒྱད་སོགས་ལ་ཟླ་གམ་སྒོ་གཅིག་ཤར་བསྟན་ཅན་སྣང་བ་ལྟར་བྱ་བ་ལས་འོས་པ་མེད་པ་འདྲ་ཡང་གཞན་དུ་ནུབ་བསྟན་སོགས་འདུག་པ་དཔྱོད་འཚལ་ཞིང་བཤམས་བསྐོར་ལ་བ་དན་ཟེར་བ་སྐབས་འདིར་འཕན་དམར་གསུམ་སྒྲིགས་ཕྱར་སྟབས་ཅན་དེ་དགོས་པ་འདྲའོ། །མཆོད་རྫས་རྣམས་མཐོང་བརྒྱུད་ལྟར་འབྲི་མོག་སོགས་མདོག་བསྒྱུར་ནས་དམར་ཞིང་མཛེས་པར་བྱ་ཞིང་རྡོར་དྲིལ་སོགས་མཁོ་བའི་ཡོ་བྱད་མ་ཚང་བ་མེད་པར་འདུ་བྱས་ཏེ། ཆོ་ག་ལས་བྱང་སྤྱི་དང་མཚུངས་པར་གཞུང་བསྲང་ཞིང་ལྷ་བསྐྱེད་སྐབས་བདག་ལུས་ཀྱི་སྣང་ཆ་བདག་བསྐྱེད་སྒྲུབ་རྫས་དང་ཕྱི་སྣོད་ཀྱི་ཆ་ལྟ་བུ་མདུན་བསྐྱེད་གཉིས་འདྲ་བར་མངོན་རྟོགས་ཅི་ལྟ་བ་བཞིན་བསྐྱེད་པ་ལས་ལོགས་སུ་མེད་ཀྱང་ཆོག་པས། མངོན་རྟོགས་གཅིག་གི་དུས་གཅིག་སྒོམ་པ་རྙིང་ལུགས་སྤྱི་དང་འདྲ་ཞིང་སྒྲུབ་ཐབས་ཚིག་ལྷུག་དེ་སྒོམ་དོན་རྣམས་བློ་ལ་ངེས་པ་ལས་ངག་འདོན་བྱེད་སྲོལ་མེད་པས་ལས་བྱང་རང་གིས་ཆོག་ཤེས་པར་བྱའོ། །དེ་ཡང་ཟླ་གམ་དབུས་རྩིབས་བཞིའི་ལྟེ་བར་རླུང་དཀྱིལ་ཉི་ཟླའི་སྟེང་དུ་ལྷ་ཆེན་ཁྲོ་འཛུམ་ཞབས་གཡས་བསྐུམ་གཡོན་བརྐྱང་གིས་དོར་སྟབས་སུ་བཞུགས་པ་དབུ་སྐྲ་སྨུག་ནག་གྱེན་དུ་བརྫེས་པ་ལ་རིན་ཆེན་དབང་རྒྱལ་སོགས་ནོར་བུའི་རྩེ་ཕྲན་གྱིས་བརྒྱན་པ། ཡུམ་ཞབས་གཡོན་བསྐུམ་གཡས་རྐྱང་གིས་ཡབ་ལ་འཁྲིལ་བ་ཡབ་ཡུམ་གཉིས་རིན་པོ་ཆེ་དང་དར་དམར་གྱིས་བརྒྱན་པ། རྩིབས་བཞིར་རླུང་གི་འཁོར་ལོའི་སྟེང་དུ་ཕྲ་མེན་ཕྱེད་གཟུགས་ལྟ་བུ་མ་ཡིན་པའི་མཁའ་འགྲོ་དཀར་ནག་སེར་ནག་དམར་ནག་ལྗང་ནག་བཞི་ཞབས་གར་སྟབས་སུ་འཁྲབས་པ་ཕྱག་གཡས་ཁ་ཊྭྂ་ལ་རླུང་གི་བ་དན་བཏགས་པ་གཡབ་ཅིང་གཡོན་མྱུར་མགྱོགས་རླུང་གི་ཞགས་པ་དམར་པོ་སྤྱི་འགྲོས་ཞགས་པ་ལྷུ་རེ་འཛིན་པ། སྐྲ་ཕྱེད་ཐོར་ཅོག་ཕྱེད་སྐུ་རྒྱབ་ཏུ་སིལ་བུར་འཕྱང་པ་རུས་རྒྱན་དང་དར་དཔྱངས་དམར་པོ་གསོལ་བ། རྒྱལ་ཆེན་བཞི་སྤྱི་འགྲོས་བཞེངས་སྟབས་ཅན། དེ་ཐམས་ཅད་སྤྱན་གཉིས་པ་ལུགས་འདིར་འཐད་པ་འདྲའོ། །ལྷ་ཆེན་ཡབ་ཡུམ་གྱི་ཐུགས་ཀའི་རྟ་ཕག་ཡབ་ཡུམ་གཅེར་བུ་རྒྱན་མེད་ཁྲོས་པ་སྤྱན་གསུམ་རེ་བསྒྲད་པ་ཡབ་ཞབས་གཡས་བསྐུམ་གཡོན་དོར་སྟབས་རལ་པ་གྱེན་བརྫེེས་གསེབ་ནས་རྟ་དབུ་ལྗང་ཁུ་འཚེར་བ། ཡུམ་ཞབས་གཡོན་བསྐུམ་གྱི་གར་སྟབས་ཅན་དབུ་སྐྲ་སིལ་བུ་སྤྱི་བོར་ཕག་ཞལ་ནག་མོ་ངུར་བ། རིགས་བདག་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ་དབུ་སྐྲ་ཐོར་ཅོག་ཐོད་སྐམ་དབུ་རྒྱན་དང་སྟག་ཤམ་རུས་རྒྱན་དར་དཔྱངས་དམར་པོ་ཅན་ཞབས་གར་སྟབས་ལྷ་ཆེན་གྱི་སྤྱི་གཙུག་སྐྲ་གསེབ་དུ་འཁྲབ་ཅིང་བཞུགས་སོ། །ཡང་ན་འདི་དང་ཆོས་སྡེ་གཅིག་པ་བདུད་འདུལ་མའི་ཟིན་བྲིས་གཏེར་སྟོན་གྱིས་མཛད་པ་ལྟར་བདག་བསྐྱེད་ལུས་དཀྱིལ་བསྒོམ་ནའང་དམ་ལ་མི་འགལ་ཞིང་གནད་གཅིག་གོ། གཙོ་བོའི་ཕྱག་མཚན་ཁ་ཊྭྂ་དང་ལྕགས་ཀྱུ་གཉིས་ལ་དར་དཔྱངས་དམར་པོས་མཛེས་པར་བརྒྱན་པའང་རིགས་མཐུན་ནས་སོ། །སྤྱན་འདྲེན་བཞུགས་ཕྱག་མཆོད་བསྟོད་རྣམས་འདོན་བསྒོམ་བྱས་རྗེས། འཛབ་བཟླས་པར་བློས་བཀོད་པ་ཅན་ནི་བདག་བསྐྱེད་སྒྲུབ་པའི་བླ་རྡོ་དང་བཅས་པ་ཐམས་ཅད་སྣང་སྟོང་འགགས་མེད་ཀྱི་རོལ་པ་ལས། བསྐྱེད་རིམ་ལྷའི་ཏིང་ངེ་འཛིན་དེ་ལྟར་དུ་གསལ་བའི། པདྨ་དབང་ཆེན་པོའི་ཐུགས་ཀར་ཉི་དཀྱིལ་གྱི་སྟེང་དུ་ཡེ་ཤེས་རང་བྱུང་གི་ངོ་བོ་རྡོ་རྗེ་རྩེ་ལྔ་དམར་པོ་ལི་ཁྲིའི་མདོག་ཅན་འབྲས་ཙམ་གྱེན་དུ་ལངས་པའི་ཁོང་གསེང་དུ་ལྷ་ཆེན་པོའི་ཐུགས་སྲོག་ཧྲཱིཿཡིག་དམར་པོ་ཚེག་དྲག་དང་ལྡན་པ་གཅིག་གི་མཐར་སྔགས་ཀྱི་འཕྲེང་བས་བསྐོར་བར་གསལ༔ ཡེ་ཤེས་ཀྱི་རྡོ་རྗེ་ལས་འོད་དམར་པོ་སྟེང་གི་ཕྱོགས་སུ་འཕྲོས་པས༔ རིགས་བདག་གི་ཐུགས་ཀར་ཕོག༔ ཐུགས་དམ་གྱི་བརྒྱུད་བསྐུལ༔ དེ་ཡི་ཐུགས་ཀའི་ས་བོན་ཧྲཱིཿཡིག་ལས་འོད་ཟེར་སྐར་མདའ་ཆད་པ་ལྟར་སྲིད་པའི་རྩེ་མོར་འཕྲོས་པས༔ ལྷ་ཆེན་ཡབ་ཡུམ་གྱི་གནས་ལ་ཕོག༔ འོད་ཟེར་གྱི་གཟི་བརྗིད་མ་བཟོད་ནས་ལྷུང་ཐབས་ཀྱི་ངང་ནས་ལམ་གྱིས་བྱོན་བདག་མདུན་དུ་བསྐྱེད་པ་རྣམས་ལ་ཐིམ༔ སླར་ཡང་རིགས་བདག་གི་གནས་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས༔ སྐུ་གསུམ་གྱི་སངས་རྒྱས༔ དུས་གསུམ་བླ་མ་ཡེ་ཤེས་ལྔའི་ནུས་སྟོབས་ཐམས་ཅད་བསྡུས་ནས༔ བདག་བསྐྱེད་དང་བསྒྲུབ་རྫས་རྣམས་ལྷར་གསལ་བ་ལ་ཐིམ༔ ཐུགས་རྗེ་དང་ཡེ་ཤེས་ཀྱི་གཟི་འོད་འབར༔ བླ་མ་སློབ་དཔོན་ཐམས་ཅད་རང་གི་དབང་དུ་གྱུར༔ ཡི་དམ་དབང་ཆེན་ཡབ་ཡུམ་གྱི་གནས་གསུམ་ལས་འོད་ཟེརའཕྲོས་ཤིང་རྟ་སྐད་ཕག་སྐད་ལྡིར་བས༔ ཡེ་ཤེས་ཀྱི་ལྷ་ཚོགས་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་རང་དབང་མེད་པར་དབང་དུ་བསྡུས༔ གཉིས་སུ་མེད་པར་ཐིམ་པས་མཆོག་གི་དངོས་གྲུབ་མངོན་དུ་གྱུར༔ བདག་མདུན་གྱི་ཐུགས་ཀའི་ཧྲཱིཿམཐར་སྔགས་ཕྲེང་གཡས་དང་འོད་ཀྱི་ཕྲེང་ཐག་གཡོན་དུ་འགལ་མེ་ལྟར་འཁོར་བ་ལས་སྔགས་འཕྲེང་འོད་དམར་ཁ་དོག་ལྔའི་ཟེར་མདངས་ཅན་བདག་བསྐྱེད་ཀྱི་ཐུགས་ཀ་ནས་ཞལ་དུ་ཐོན་པ་མདུན་བསྐྱེད་ཀྱི་ཞལ་དུ་ཞུགས་ནས་ཐུགས་ཀར་ཐིམ་པས་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ༔ དེ་ལས་འོད་དམར་མདོག་ལྔའི་ཟེར་མདངས་ཅན་ཕྱོགས་བཅུའི་ཞིང་རབ་འབྱམས་གཞལ་དུ་མེད་པར་འཕྲོས་ཤིང་ཁྱབ་པས༔ འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་འཁོར་འདས་ལམ་གསུམ་གྱི་བྱིན་རླབས་དངོས་གྲུབ༔ འབྱུང་བའི་དྭངས་བཅུད་འགྲོ་བའི་ཚེ་བསོད་ཐམས་ཅད་སྐུ་ཡིག་ཕྱག་མཚན་བཀྲ་ཤིིས་རྫས་རྟགས་སོགས་འོད་དང་འོད་ཟེར་གྱི་རྣམ་པར་བསྡུས་ཏ་ེབདག་མདུན་ལ་ཐིམ་པས༔ གཟི་འོད་ནུས་སྟོབས་མཆོག་ཏུ་འབར་ཞིང་རྒྱས་ནས་ཕྱི་སྣོད་ནང་བཅུད་འཁོར་འདས་ཐམས་ཅད་དག་པ་རབ་འབྱམས་རྩ་གསུམ་དབང་གི་ཞིང་ཁམས་དང་ལྷ་ཚོགས་ཀྱི་རང་བཞིན་དུ་གྱུར་ཏེ༔ ཡེ་ཤེས་ཀྱི་ལྷ་དབང་ཆེན་ཡབ་ཡུམ༔ འཇིག་རྟེན་གྱི་ལྷ་ལས་ཀྱི་ཧེ་རུ་ཀཿཡབ་ཡུམ༔ སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་བདག་ཉིད་ཐོད་པ་རྩལ༔ ཡོན་ཏན་འགགས་མེད་ཀྱི་རང་མདངས་མཁའ་འགྲོ་སྡེ་བཞི༔ ཕྲིན་ལས་རབ་འབྱམས་ཀྱི་སྣང་ཚུལ་རྒྱལ་པོ་བཞི་བཀའ་ཉན་དང་བཅས་པ་ཐམས་ཅད་ཀྱི་ཞལ་དང་ཕོ་བྲང་ཞིང་ཁམས་ནམ་མཁའི་མཐའ་ཀླས་ཐམས་ཅད་ནས༔ གསང་བའི་ཡང་སྙིང་བསྙེན་སྒྲུབ་གཅིག་དྲིལ་དུ་བསྟན་པའི་སྔགས་སྒྲ་བུང་བ་ཚང་ཞིག་པའི་སྒྲ་ལྟར༔ ཟི་ལྷོང་ལྷོང་དུ་ཡོད་པར་བསམ་ཞིང་༔ ཡང་སྙིང་འདི་མི་ཚིག་གིས་བར་མ་ཆོད་པར་ཞག་བདུན་བཟླས་པར་བྱའོ༔ ཧྲཱིཿཧྲཱིཿམན་ཛུ་ཀུག་ཏ་མ་ཧ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨཱ་ཀར་ཤ་ཡ་ཧྲིང་ཧྲིང་ཛཿཛཿ དེ་ལྟར་བསྙེན་བསྒྲུབ་སོང་ནས༔ ལས་སྦྱོར་གྱི་རིམ་པ་ནི༔ སླར་བདག་མདུན་གྱི་ལྷ་ཆེན་པོ་ཡབ་ཡུམ་གཉིས་ཀྱི་ཐུགས་ཀའི་ས་བོན་སྔགས་འབྲུ་འཁོར་བཀའ་སྡོད་དང་བཅས་པ་ཐམས་ཅད་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་རྣམ་པ་ཅན་དཔག་ཏུ་མེད་པ་སྟོང་གསུམ་གྱི་སྟོང་ཆེན་པོར་ཡོངས་སུ་ཁྱབ་པར་འཕྲོས་ཞིང་ཕོག༔ ཌཱཀྐི་བཞིའི་ཕྱག་གི་ཁ་ཊྲྂ་བ་དན་གཡབ་པས་བསྐལ་པའི་རླུང་གི་དཀྱིལ་འཁོར་གཡོས་ནས་འཛམ་གླིང་སྟོང་ཁམས་ཐམས་ཅད་མེར་ཞིང་འཁྱམས༔ དམིགས་བྱ་རྣམས་གཅེར་བུར་སྐྲ་འབལ་རླུང་གི་དཀྱིལ་འཁོར་ཀྱི་སྟེང་དུ་བཞག་སྟེ་གཟིང་ཞིང་འཕར་ནས་གཡེང་བར་བྱས༔ ལྕགས་ཀྱུའི་རྣམ་པའི་འོད་ཟེར་གྱིས་ལྷ་འདྲེ་མི་གསུམ་གསེར་དངུལ་ཟངས་ལྕགས་མུ་ཏིག་བྱེ་རུ་སྤོས་ཤེལ་ཆུ་ཤེལ་སོགས་ནོར་གྱི་དངོས་པོ་འབྲུ་སྣ་ཚོགས༔ དར་ཟབ་མཁོ་དགུའི་ཡོ་བྱད་རྣམས་བསྡུས༔ ཞགས་པའི་རྣམ་པ་དཔག་ཏུ་མེད་པས་འགྲོ་བ་ལྷ་མི་གཟུགས་ཅན་གཟུགས་མེད་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་ཤིང་ལོ་སྐམ་པོ་རླུང་གིས་དེད་པ་ལྟར་རང་དབང་མེད་པར་སྐད་ཅིག་ལ་རང་མདུན་དུ་བཀུག༔ ལྕགས་སྒྲོག་གི་རྣམ་པའི་འོད་ཟེར་དཔག་ཏུ་མེད་པས༔ ལྷ་འདྲེ་མི་གསུམ་གྱི་ཆེ་བཙན་གྲགས་པ་ཅན་དེ་ཐམས་ཅད་བཀའ་ཉན་ཟས་ནོར་ལོངས་སྤྱོད་ཆར་ལྟར་བབ་པས་རང་གི་སྤྱོད་ཡུལ་རྣམས་གང་ཞིང་རྒྱས་པར་བསམ༔ གསུང་སྡོད་བྲན་དང་ཕོ་ཉར་བཀོལ་ཕྱིར་རང་དབང་དུ་དམ་དུ་འདུས་པར་བཅིངས༔ དྲིལ་བུའི་རྣམ་པའི་འོད་ཟེར་དཔག་ཏུ་མེད་པས་དེ་རྣམས་ཀྱི་ཚོར་བ་དང་༔ ང་རྒྱལ་གྱི་ཕུང་པོ་རབ་ཏུ་མྱོས་སུ་བཅུག་ནས༔ སླར་ཡང་བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་རྣམ་པར་འཕྲོས་པས་བསྒྲུབ་བྱའི་སྙིང་གི་པདྨོའི་མདངས་རོ་བཅུད་ཟོ་བཀྲག་གཟི་མདངས་སྔོན་བསགས་བསོད་ནམས་སྟོབས་འབྱོར༔ སྲོག་ཡིག་ཨ་ཏྲི་ནྲི་རྣམས་འཕྲོག་སྟེ་ཚུར་འདུས་འོད་དུ་འཁྱིལ་ནས་རང་གི་སྙིང་ཁའི་ས་བོན་ཨ་ལ་ཐིམ་པས་རང་ཉིད་གཟི་བཀྲག་ཚེ་བསོད་ནུས་སྟོབས་མཆོག་ཏུ་འབར༔ བསྒྲུབ་བྱ་རྣམས་བཀྲག་མདངས་དང་བྲལ་ནས་རིད་པའི་ཚུལ་གྱིས་དད་མོས་གུས་པ་ཚད་མེད་པས་ཐལ་མོ་སྦྱར་ཞིང་ཡིད་ཆགས་མྱོས་ཤིང་བརྒྱལ་ནས༔ རང་གི་ཅི་བཅོལ་བའི་བྲན་དང་ཡང་བྲན་དུ་བསྒོམ་ཞིང་༔ སྣང་སྲིད་ཐམས་ཅད་ཀྱང་སྔགས་སྒྲ་འུ་རུ་རུ་རོལ་པ་ཆེན་པོའི་དམར་འོད་ལྡེམ་ལྡེམ་འཇའ་འོད་དམར་ལམ་ལམ་དུ་གྱུར་ནས་དབང་དུ་འདུས་པར་བསམ་ཞིང་བསྐྱེད་རྫོགས་ཀྱི་ངང་ནས་སྔགས་བཟླའོ། །དེ་ཡང་ཧྲཱིཿཧྲཱིཿམནྫུ་ཀུག་ཏ་མ་ཧཱ་དྷཱེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀར་ཤ་ཡ་ཧྲིང་ཧྲིང་ཛཿཛཿ བཛྲ་རཏྣ་པདྨ་ཀརྨ་སིདྡྷི་ཧཱུྃ༔ ཨ་ཏྲི་ནྲི་སརྦ་ཛ༔ ཁམས་གསུམ་ཀུན་གྱི་སྙིང་བསྒུལ༔ འགྲམ་ཆོག༔ སེམས་དཀྲུག༔ ན་ན་ཁ་དྷེ་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་ཞག་བདུན་བཟླ་ཞིང་། དེ་ནས་ཕོ་མོ་དབང་སྡུད་ནོར་བསྒྲུབ་གསུམ་རྐྱང་དེད་དུ་བསྒྲུབ་པའོ། །ཡང་ན་ཡོངས་རྫོགས་ལྟར་ཅི་འདོད་དུ་བསྒྲུབ། དེ་དག་གི་ཐུན་མཐར་སྣང་སྲིད་ཐམས་ཅད་དང་ཁོ་ཡི་ལུས་ངག་ཡིད་གསུམ་ནོར་རྫས་སོགས་དམིགས་ཡུལ་ཐམས་ཅད་འོད་དམར་པོར་ཞུ་ནས་བདག་གི་ཐུགས་ཀར་ཐིམ་པས་རང་སེམས་དང་དབྱེར་མེད་དུ་གྱུར་པར་མོས་ལ། དེ་ཡི་ངང་བློ་བྲལ་དུ་མཉམ་པར་བཞག་ཅིང་སྔགས་བཟླ། ཐུན་མཚམས་སུ་མཆོད་བསྟོོད་དབང་ཡིད་ལེན་སོགས་ལས་བྱང་སྒྲིགས་མ་ལྟར་བྱ། དེ་ནས་བཀའ་གཏེར་སྲུང་མ་དང་ཚོགས་བསྐང་སོགས་སྤྱི་ལྟར་བཏང་ལུགས་འདྲའོ། །གཞུང་གི་ལས་སྦྱོར་ནི། ཧྲཱིཿཧྲཱིཿ མན་ཛུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀར་ཤ་ཡ་ཧྲིང་ཧྲིང་ཛཿཛཿ བཛྲ་རཏྣ་པདྨ་ཀརྨ་སིདྡྷི་ཧཱུྃ༔ ཨ་ཏྲི་རྣ྄ི་སརྦ་ཛཿ ཁམས་གསུམ་ཀུན་གྱི་སྙིང་བསྒུལ༔ འགྲམ་ཆོག༔ སེམས་དཀྲུགས༔ ན་ན་ཁ་དྷེ་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཤིན་ཏུ་ཟབ་པའི་ལས་སྦྱོར་ནི༔ ཧྲཱིཿཧྲཱིཿ མན་ཛུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀར་ཤ་ཡ་ཧྲིང་ཧྲིང་ཛཿཛཿ བཛྲ་རཏྣ་པདྨ་ཀརྨ་སིདྡྷ་ིཧཱུྃ༔ ཨ་ཏྲི་རྣ྄ི་སརྦ་ཛ༔ ན་ན་ཁ་དྷེ་ཧཱུྃ༔ ཕོ་རྒྱུད་མོ་རྒྱུད་ཡུལ་ཁམས་མངའ་ཐང་ལོངས་སྤྱོད་དཔལ་འབྱོར་དང་བཅས་པ་ཐམས་ཅད༔ བདག་གི་དབང་དུ་དུང་དུང་འདུས་འདུས་བསྡུས་བསྡུས་འུབ་འུབ་འདུ་འདུ༔ སྐྱེ་འགྲོ་ཐམས་ཅད་སེམས་དཀྲུགས༔ སྙིང་འཕྱོ་རུ་ཆུག༔ རྐང་འགྲོ་རུ་ཆུག༔ མི་འགྲམ་ཆོག༔ མི་སེམས་ཅན་དཀྲུགས༔ ཡིད་ཀྱི་རྣམ་པར་ཤེས་པ་རང་དབང་མེད་པར་ཁུག༔ ལས་སྦྱོར་ཡོངས་རྫོགས་སྙིང་བྱང་ཟབ་མཁོ། ཕོ་རྒྱུད་དབང་བྱེད་ནི༔ ཧྲཱིཿཧྲཱིཿ མན་ཛུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀར་ཤ་ཡ་ཧྲིང་ཧྲིང་ཛཿཛཿ བཛྲ་རཏྣ་པདྨ་ཀརྨ་སིདྡྷི་ཧཱུྃ༔ ཨ་ཏྲི་རྣ྄ི་སརྦ་ཛཿ དུང་དུང་འདུས་འདུས་བསྡུས་བསྡུས་འབུ་འབུ་འདུ་འདུ༔ ཆེ་གེའི་སེམས་དཀྲུགས༔ སྙིང་འཕྱོ་རུ་ཆུག༔ རྐང་འགྲོ་རུ་ཆུག༔ ཡིད་ཀྱི་རྣམ་པར་ཤེས་པ་རང་དབང་མེད་པར་ཁུག༔ མོ་རྒྱུད་དབང་བྱེད་ནི༔ ཧྲཱིཿཧྲཱིཿ མན་ཛུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀར་ཤ་ཡ་ཧྲིང་ཧྲིང་ཛཿཛཿ བཛྲ་རཏྣ་པདྨ་ཀརྨ་སིདྡྷི་ཧཱུྃ༔ ཨ་ཏྲི་རྣ྄ི་སརྦ་ཛཿ ཨ་ཀ་ཤ་ཡ་དུང་དུང་འདུས་འདུས་བསྡུས་བསྡུས་འབུ་འབུ་འདུ་འདུ༔ ཆེ་གེ་མོའི་སེམས་དཀྲུགས༔ སྙིང་འཕྱོ་རུ་ཆུག༔ རྐང་འགྲོ་རུ་ཆུག༔ ཡིད་ཀྱི་རྣམ་པར་ཤེས་པ་རང་དབང་མེད་པར་ཁུག༔ ནོར་སྒྲུབ་ནི༔ ཧྲཱིཿཧྲཱིཿ མན་ཛུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀར་ཤ་ཡ་ཧྲིང་ཧྲིང་ཛཿཛཿ བཛྲ་རརྞ་པདྨ་ཀརྨ་སིདྡྷི་ཧཱུྃ༔ ཨ་ཏྲི་རྣ྄ི་སརྦ་ཛཿ ན་ན་ཁ་དྷེ་ཧཱུྃ༔ རིན་ཆེན་འབྲུ་ནོར་ལོངས་སྤྱོད་ལྷབ་ལྷུབ་གོས༔ རྐང་བཞི་དུད་འགྲོ༔ ཚེ་དཔལ་བསོད་ནམས༔ རྨ་གཡང་ཟས་སོགས་ནོར་དང་བཅུད་ཐམས་ཅད་བདག་གི་དབང་དུ་བསྡུས་ཤིག༔ རྗེ་བླ་མ་བློ་གྲོས་རྒྱ་མཚོའི་ཞལ་སྔ་ནས་བྱུང་བའི་བསྙན་རྒྱུད་ཟབ་མོ་ལས་རང་བཟོ་བབ་འཆོལ་ཁོ་ན་མིན་པས་ཡིད་ཆེས་ཀྱི་གནས་སོ། །མངྒ་ལམ། །ནོར་སྒྲུབ་གྱི་ནང་ནན་ཁ་དྷེ་ཧཱུྃ་སོགས་རང་བློས་བྱས་ཤིང་དེ་མིན་སརྦ་ཛ༔ ཡན་ཀུན་ལ་དགོས་བླ་མའི་གསུང་དངོས་སོ། །རྟགས་འཚུབས་ཤིང་མི་ནོན་པ་སོགས་ལ་རྩ་གསུམ་སྔགས་ཤམ་དུ་བཏགས་ནས་བཟླས་ན་དངོས་གྲུབ་མྱུར་རོ༔ སྒྲུབ་པ་ཐེམས་ཀྱང་རྟགས་མ་བྱུང་ན་སྔར་གྱི་སྒྲུབ་པ་རྣམས་ལྷན་དུ་བསྐྱར་ཞིང་ཉིན་རེ་བཞིན་མེ་མཆོད་ཀྱི་ལས་དང་སྦྱར་ནས་བསྒྲུབ་ན་འགྲུབ་པར་འགྱུར་རོ། །དེས་ཀྱང་རྟགས་འགྱངས་ནས་མ་བྱང་ན་སྒྲུབ་རྫས་རྣམས་ཀླད་ལ་བསྐོར༔ ཞབས་འོག་ཏུ་དྲིལ་བཀུག་གཞུག་དྲག་ཏུ་བྱས་རང་ཉིད་རྟ་མགྲིན་རྩ་གསུམ་ཀུན་འདུས་སུ་བསྒོམ་པའི་ཞབས་འོག་ཏུ་ལྷ་ཆེན་མནན་པར་བསམ་ལ་གུ་གུལ་དང་མུ་ཟི་ཤ་ཆེན་བཙན་དུག་རྣམས་བསྲེས་པའི་དུད་པས་རྟེན་ལ་བདུག་ཅིང་ཡུངས་དཀར་གྱིས་བྲབ་གིང་གནོན་གྱི་སྔགས་ཀྱི་མཐར་ཧྲཱིཿཧྲཱིཿ མན་ཛུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ར་ཨ་ཀར་ཤ་ཡ་ཧྲིང་ཧྲིང་ཛཿཛཿ ཏྲིག་ནན་ཨེ་ཧུར་ཐུམ་ཛ༔ ཞེས་གཟིར་ཞིང་བཅུན་པས་མ་བཟོད་པར་འཇིག་རྟེན་ཁམས་ཀྱི་མི་ནོར་ལོངས་སྤྱོད་ཐམས་ཅད་དབང་དུ་བསྡུས་ནས་རང་ལ་ཕུལ་ནས་བདག་གི་དབང་དུ་གྱུར་པར་བསམ་ཞིང་སྔགས་བཟླའོ། །རྨི་ལམ་དུ་སྐྱེས་བུ་རིད་ཅིང་ཉམས་ངན་པ་དང་བཙོན་བཅུག་པ་དང་མི་མང་པོས་ཕྱག་དང་ཞུ་གསོལ་བྱེད་པ་བྱུང་ན་ལས་བཤོལ། རྟེན་ལ་སྤོས་ཀྱིས་བདུག་ཅིང་དྲི་བཟང་གིས་བཀྲུ་གཤེགས་གསོལ་བཟོད་གསོལ་བྱས་ལ་བསྒྲུབས་པས་སྔར་གྱི་རྟགས་ཚོ་འབྱུང་། དེ་ནས་དངོས་གྲུབ་བླང་བར་བྱའོ། །དེས་ནི་ལས་འབྲས་མྱུར་དུ་འབྱིན་པར་ཐེ་ཚོམ་མེད་དོ། །ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཡང་ན་སྔགས་སྡེབ་སྙིང་གཟེར་བསྒྲུབས་ཀྱང་རྟགས་མེད་ན། ཧྲཱིཿཧྲཱིཿ མན་ཛུ་དྷེ་ཀུག་ཝ་ཏ་ཀ་མ་བྷི་ཧཱ་ར་ཀོ་བྷི་ར་ཨ་ཀར་ཤ་ཡ་ཧྲིང་ཧྲིང་ཛཿཛཿ ཞེས་བཟླ་བསྐུལ་ཡང་ལས་མི་བྱེད་ན༔ ཧྲཱིཿཧྲཱིཿ མན་ཛུ་ཀུག་ཏ་མ་ཧཱ་དྷེ་ཝ་ཀ་བྷི་ར་ཀོ་བྷི་ཡ་ར་ཧྲིང་ཨ་ཧྲིང་ཀར་ཛཿ ཤ་ཛཿ ཞེས་བཟླས༔ གྲངས་བརྒྱ་རྩ་སོགས་ཚོད་ལ་བལྟ་ཞིང་བཟླ་བར་བྱའོ། །ཡང་ཟས་ནོར་དང་སྐམ་ནོར་ཕྱིར་ཟ་འདྲེ་འབྲང་ན་རང་གི་ཡི་དམ་གང་བྱེད་ཀྱི་སྔགས་ཤམ་ལ་དྲང་ལ་བཟླའོ༔ ཟས་ནོར་དབང་བསྡུད་གང་བསྒྲུབས་ཀྱང་ཡི་དྭགས་སྒབ་འདྲེ་ཁ་བཅིང་བ་ནི༔ ཟས་ནོར་བསྒྲུབ་པ་དེའི་སྔགས་ཤམ་ལ་བཏགས་ལ་བཟླའོ༔ ཏྲི་མཱ་ར་ཡ༔ ཐུམ་རིལ་རྦད་ཡ༔ རུ་ལུ་རུ་ལུ་མ་མ་ནི་ཐུམ་རྦད༔ བཛྲ་ཡཀྴ་ཏྲི་ཐུམ་རིལ་རྦད༔ གུ་ལིང་བཛྲ་ནཱ་ག་རཱ་ཙ་ནཱ་ག་ཕུ་ཏྲི་ཐུམ་རིལ་གནོད་བྱེད་ཁ་ཐམ་ཁ་ཐམ་མཆུ་ཆིངས་མཆུ་ཆིངས་རྦད་སོད༔ ཅེས་བཟླས་པས་ཟ་འདྲེ་རྣམས་གནོད་མི་ནུས་སོ། །མི་འགྱུར་ཡང་གསང་གནད་ཀྱི་རྟགས་བསྟན་པ༔ ནང་ནས་ཞེན་པ་གཏིང་ནས་ལོག་པ་དང་༔ སྒྱུ་མའི་ནོར་ལ་ཞེན་ཆགས་མེད་པ་འབྱུང་༔ རིག་པ་གཏད་མེད་ཁྱབ་བརྡལ་ངང་དུ་གནས༔ གང་ལ་ཆགས་སེམས་ཐོགས་རྡུག་མེད་པ་འབྱུང་༔ བློ་གྲོས་ཤེས་རབ་མཁའ་ཀློང་ཡངས་པ་ལྟར༔ གང་ལ་འབད་རྩོལ་མེད་པར་ཀློང་རྡོལ་འབྱུང་༔ འགྲོ་བ་ལྷ་མི་ཀུན་གྱི་ཡིད་དུ་འོང་༔ འདི་དུས་བསྒྲུབ་པ་རྩོལ་བྲལ་བཞག་པས་ཆོག༔ རྟེན་རྣམས་ལུས་དང་མི་འབྲལ་བཅངས་པ་གནད༔ ངག་ཏུ་མན་ཛུ་ཀུག་ཏ་ཅི་འགྲུབ་བཟླ༔ མདོར་ན་དགོས་འབྱུང་ནོར་བུ་བསམ་འཕེལ་བཞིན༔ ཇི་འདོད་དངོས་གྲུབ་འབྱུང་བར་ཐེ་ཚོམ་མེད༔ འདྲེ་བདུད་མ་ལུས་འདུལ་བར་ཐོགས་པ་མེད༔ བླ་མ་མཆོད་ཅིང་དབང་ཕྱུག་ཡབ་ཡུམ་ལ༔ ཚོགས་མཆོད་གསོལ་ཀ་སྦྱིན་སྲེག་རྒྱུན་མི་བཅད༔ དཀར་གསུམ་མངར་གསུམ་ཤ་མར་ཤིང་ཏོག་སོགས༔ དར་ཟབ་རཏྣ་སྟག་རས་གཟིག་རས་དང་༔ འབྲུ་སྣ་སྨན་སྣ་ལོངས་སྤྱོད་སྣ་ཚོགས་སྤུངས༔ རྟག་ཏུ་མཆོད་གཏོར་བསྟོད་བསྐུལ་འདོད་གསོལ་བརྩོན༔ ཕྱྭ་གཡང་རིགས་རྒྱུད་ཆོས་རྒྱུད་འཕེལ་ལ་སོགས༔ མདོར་ན་བསམ་དགུ་མ་ལུས་ལེགས་བདེར་འགྲུབ༔ འདི་ཉིད་སྙིང་བྱང་གནད་ཀྱི་དྲོ་ཚད་དེ༔ དབང་པོའི་དོན་སྙིང་ལྔ་དང་དངོས་སུ་མཚུངས༔ འདི་མེད་མན་ངག་རྣམ་པ་གྲངས་མང་ཡང་༔ མི་མེད་རྐུན་བུའི་ཁང་སྟོང་འགྲིམ་དང་མཚུངས༔ དེ་ཕྱིར་སྙིང་བྱང་འདི་ཉིད་དམ་དུ་ཆོངས༔ བཛྲ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བརྡ་ཡིག་ཡོད༔ ཡང་གསང་གནད་ཀྱི་སྒྲུབ་ལ་འཇུག་པའི་ཚེ༔ བར་དུ་གཅོད་པའི་བགེགས་ཀྱིས་མི་ཚུགས་པའི༔ སྙིང་དུམ་དམ་པ་གནད་ཀྱི་མན་ངག་བསྟན༔ བསྒྲུབ་པར་འཇུག་དུས་སྙིང་མི་དགའ་བ་ན༔ དམ་སྲི་པེ་དཀར་རྒྱལ་པོའི་གེགས་ཡིན་པས༔ དེ་ཉིད་མནན་པའི་ཐབས་ཟབ་འདི་ལྟར་བསྟན༔ འདྲེ་ཤོ་ཕ་ཝང་ལོང་བུའི་ངོས་བཞི་ལ༔ ཛཿ ཏྲི་ཛཿཏྲི་ཏྲི༔ བཞི་བྲིས་བྱས་ལ༔ དེ་ལ་འགུགས་བསྟིམ་བྱ་ཞིང་སྔགས་བཟླས་ནི༔ ཨེ་མན་ཛུ་ཀུག་ཏ་རྒྱལ་འགོང་འབྱུང་པོ་མཱ་ར་ཡ་ཛ་རྦད་ཏྲི་ནན༔ རང་ཉིད་རྟ་མགྲིན་ང་རྒྱལ་བརྟེན་བྱས་བཟླས༔ བྱི་ལའི་ཐོད་བཅུག་རང་གི་མལ་འོག་མནན༔ དེ་ཡི་རང་ལ་གནོད་མི་འགྱུར༔ བཛྲ་ས་མ་ཡཱ་རྒྱ་རྒྱ་རྒྱ༔ དེ་ཚེ་བགེགས་ཀྱི་ཐིག་ལེ་འཛག་གྱུར་ན༔ བལ་ཚོན་སྣ་ལྔའི་སྐུད་པར་མདུད་དགུ་བོར༔ སྒྲོ་ཁུག་མེ་མདའི་སྒྲོམས་སུ་ཡོད་པར་བྱས༔ སྔགས་རྒོད་ཐོག་མདའ་ལྟ་བུ་བརྒྱ་རྩ་བཟླས༔ རྡོ་རྗེ་མགར་གྱི་སོལ་མེ་ནས་དབྱུང་ལྟར༔ དམར་ཕྱུར་འབར་བས་གདོན་ཚོགས་གཞོབ་བསྲེག་བསམ༔ ཨེ་མན་ཛུ་ཀུག་ཏ་ཧཱུྃ༔ རག་མོ་ནག་མོ༔ ནག་མོ་ཧུག་ཧུག་སོད༔ ཞོ་འཐུང་སོད་སོད༔ དེ་ཡིས་རང་ལ་གནོད་མི་འགྱུར༔ བཛྲ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྨི་ལམ་དག་ཏུ་འོག་གདོན་ཆོ་འཕྲུལ་བྱུང་ན་ནི༔ དེ་ཉིད་བསྲུང་བའི་ཟབ་གནད་ཐབས་བསྟན་པ༔ དྲེད་ཀྱི་མགོ་ལྤགས་མགོ་ཞབས་མ་ལོག་པའི༔ གསེར་གྱིས༔ ཁྲོཾ་ཀྵེ་ཧཱུྃ་ཧྲི་ཨ་དག་བྲི༔ དེ་ཡང་དབུས་ཁྲོཾ་སྟེང་ཧྲཱིཿ གཡས་ཧཱུྃ་དང་༔ གཡོན་དུ་ཨ་དག་འོག་ཏུ་ཀྵེ་དང་བྲི༔ དེ་འོག་གནོད་བྱེད་ཀླུ་གཉན་ས་བདག་ཕོ་མོ་ནན་ནན༔ ཅེས་བྲི༔ དེ་ཉིད་རབ་གནས་ནས་ལ་སྔགས་བཏབ་ཅིང་༔ སྔགས་ནི་བརྒྱ་རྩ་བཟླས་ཤིང་འོག་ཏུ་མནན༔ ཨེ་མན་ཛུ་ཀུག་ཏ་ཧྲཱིཿ ཧྲཱིཿཧཱུྃ་ཧཱུྃ་འཆང་བ་པོ་ལ་སྲུངས་ཤིག༔ དེ་ཡང་རང་ལུས་རྡོ་རྗེའི་རྫོང་དང་མཚུངས༔ བཛྲ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་གཟའ་རིགས་དབང་དུ་མ་འདུས་ན༔ དེ་ལ་བསྲུང་བའི་ཟབ་གནད་ཐབས་བསྟན་པ༔ མཐིང་ཤོག་དག་ལ་གསེར་གྱི་སྔགས་དགོད་པ༔ ཨེ་མན་ཛུ་ཀུག་ཏ་ཏྲེ་ཀྵེ་ཏ་བམ་ཧཱུྃ༔ དུར་རྡོ་ལ་ཡུག་སའི་ཁྲག་གིས་ཁྲམ་བྲིས་པ་དང་༔ སྦྲུལ་མགོ་ལ་རྒྱ་ཡིག་ཧཱུྃ་བྲིས་པ་དང་༔ བྱི་དུར་གྱི་སྒྲོ་དང་༔ ནོར་ཏུ་སྐྱ་ག་མིག་དང་སྦྲགས་ཏེ་བཅངས་ན་གཟའ་ཀླུ་སྡེ་བརྒྱད་ཐུབ་པར་ངེས་སོ༔ དེ་སྟེང་རྨ་བྱའི་མདོངས༔ ཕག་གི་སྣ༔ གསེར་གཡུ་ལ་སོགས་རུས་སྦལ་ཁོག་པར་བཅུག་ལ་མགུལ་དུ་བཅང་ངོ་༔ དྲང་སྲོང་གནོད་པའི་ཡ་ང་བྱ་མི་དགོས༔ གསང་བའི་བདག་པོ་སྟོབས་པོ་ཆེ་དང་མཚུངས༔ གསང་སྔགས་བརྒྱ་རྩས་རབ་ཏུ་གནས་པ་གཅེས༔ བཛྲ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྙིང་བྱང་ནས་ཁ་འཕང་བ་རིགས་མཐུན་གཏེར་ཁ་གཞན་ནས་བླངས་པ་ཡིན། རྗེས་ཀྱི་རིམ་པ་རྣམས་གསང་སྔགས་སྤྱི་ལྟར་གཅེས་སོ། །ཅེས་བཙུན་རྒན་ངག་དབང་བློ་གྲོས་ཀྱིས་བཀོད་པ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །


previousལྷ་ཆེན་སྒྲུབ་པའི་རྣལ་འབྱོར་ལ་མཁོ་བའི་ཡིག་ཆུང་རང་འདོད་དུ་བྲིས་པ།next