Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
ལྷ་ཆེན་དབང་གི་སྨིན་བྱེད་ཁྲིགས་སུ་བགྱིས་པ་བློ་གསལ་ཀུན་དགའི་དགའ་སྟོན།
  collapse section
   
   
   
   
   
   
   
   
   
   
   
   


 
previousལྷ་ཆེན་དབང་གི་སྨིན་བྱེད་ཁྲིགས་སུ་བགྱིས་པ་བློ་གསལ་ཀུན་དགའི་དགའ་སྟོན།next

ལྷ་ཆེན་དབང་གི་སྨིན་བྱེད་ཁྲིགས་སུ་བགྱིས་པ་བློ་གསལ་ཀུན་དགའི་དགའ་སྟོན།

ལྷ་ཆེན་དབང་གི་སྨིན་བྱེད་ཁྲིགས་སུ་བགྱིས་པ་བློ་གསལ་ཀུན་ནས་དགའ་བའི་དགའ་སྟོན་ཞེས་བྱ་བ་བཞུགས། རྗེས་ཆགས་དབང་གི་ལྕགས་ཀྱུ་རྣོན་པོ་ཡིས། །ཁམས་གསུམ་སྲིད་པ་མ་ལུས་ཅིག་ཆར་དུ། །དབང་མཛད་ལྷ་ཆེན་ལས་ཀྱི་ཧེ་རུ་ཀར། །འདུད་དོ་རབ་འབྱམས་དབང་གི་ཕྲིན་ལས་སྩོལ། །གང་ཞིག་སྲིད་ཞིའི་ལེགས་ཚོགས་མཐའ་དག་ཀུན། །དབང་དུ་བྱེད་ལ་དཀའ་བ་མེད་པའི་ཕུལ། །ལམ་འདིར་འཇུག་པའི་སྐལ་བཟང་དགའ་བའི་སྐྱེས། །དབང་ཆོག་ཁམས་གསུམ་འགུགས་པའི་གནད་ཡིག་བྲི། འདིར་དབང་མཛད་ལས་ཀྱི་ཧེ་རུ་ཀཿལྷ་ཆེན་དབང་ཕྱུག་ཆེན་པོའི་སྒོ་ནས་སློབ་བུ་རྗེས་སུ་འཛིན་པའི་དབང་ཆོག་ཁྲིགས་སུ་བསྒྲིག་པར་བྱ་བ་ལ། དེ་ཡང་གཞུང་ལས། བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ལྷ་ཆེན་པོའི་སྒོ་ནས་སློབ་བུ་རྗེས་འཛིན་གྲོལ་བྱེད་དབང་གི་རིམ་པ་བཞུགས༔ ༁ྃཿ ལས་མཛད་དབང་གི་ལྷ་ལ་འདུད༔ ལྷ་ཆེན་མ་ཧཱ་དྷེ་ཝ་ཡིས༔ སློབ་མ་རྗེས་འཛིན་གྲོལ་བྱེད་དབང་༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་དུ༔ དབྱེ་སྟེ་པདྨ་བདག་གིས་བཀོད༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྔོན་དུ་འགྲོ་བ་ལ༔ ཐུན་མོང་དང་ནི་ཁྱད་པར་རོ༔ ཐུན་མོང་དཀྱིལ་འཁོར་སྟ་གོན་ལ༔ ལུང་དང་མཐུན་པའི་གནས་དང་ནི༔ ཤིང་གཅིག་དྲུང་ངམ་དུར་ཁྲོད་དུ༔ དམར་པོའི་ས་ལ་སྟེགས་བུ་བཟོ༔ ཆེ་ཆུང་ཁྲུ་གང་མདའ་གང་སོགས༔ གནས་ཁང་རང་གི་འདོད་ལྟར་བྱ༔ རྒྱལ་པོའི་ཕོ་བྲང་གནས་གཞི་དང་༔ ཚོང་འདུས་གྲོང་བརྡལ་དགོན་ཆེན་སོགས༔ ས་སྣ་བླངས་ཤིང་སྟེགས་བུར་བསྲེ༔ སྨད་འཚོང་ཆུ་ཡིས་ཆག་ཆག་གདབ༔ ཐིག་གིས་བཅད་ཅིང་ལྟེ་བ་ལ༔ ཟླ་གཾ་སྒོ་ཅན་མུ་ཁྱུད་ཅན༔ ཕྱི་རིམ་འཁོར་ལོ་རྩིབས་བཞིར་བཅད༔ སྒོ་གྲུ་རྟ་བབས་སྤྱི་མཐུན་བྱ༔ ལྟེ་བ་ལྷ་ཡི་སྐུ་མདོག་ལྟར༔ དུར་ཁྲོད་རྡོ་ཚོན་དག་གིས་བསྒྱུར༔ ས་མ་ཡཱ༔ རྒྱ༔ གཉིས་པ་ཁྱད་པར་སྔོན་འགྲོ་ནི༔ སྒྲུབ་པ་ལས་སྦྱོར་སོ་སོ་ལྟར༔ རྫས་རྣམས་འགོད་དགྲམ་རང་གཞུང་གཙོ༔ དབང་རྫས་དབུས་སུ་ཟངས་བུམ་དམར༔ ཁ་རྒྱན་མགུལ་ཆིངས་དྲི་བཟང་ཅན༔ མདུན་དུ་རྩ་བའི་བླ་རྡོ་དང་༔ གཡས་གཡོན་རྒྱབ་མདུན་སྨན་གཏོར་རག༔ ཁ་ཊྭཱཾ་ལྕགས་ཀྱུ་མེ་ལོང་བཤམས༔ མཆོད་རྫས་གྷ་ནའི་ལོངས་སྤྱོད་དགྲམ༔ གཞུང་སྲང་བརྒྱ་སྟོང་བསྙེན་ཁ་གསོ༔ ས་མ་ཡཱ༔ རྒྱ༔ ཞེས་གསུངས་པ་ལྟར་ལ། མེ་ཏོག་སོགས་མཆོད་རྫས་རྣམས་རྒྱ་སྐྱེགས་སམ་འབྲི་མོག་གིས་ཁ་བསྒྱུར་བ་ཕྱག་བཞེས་སོ། །གཞན་ཡང་། སློབ་དཔོན་མདུན་དུ་། ལས་བུམ། ནས་བཟེད། སྤོས་བཟེད། ཌཱ་དྲིལ། བགེགས་གཏོར་སོགས་ཐམས་ཅད་ཚོགས་པར་བྱས་ལ། གཞུང་སྲང་བརྒྱ་སྟོང་བསྙེན་ཁ་གསོ༔ ཞེས་པའི་དོན། ལས་གཞུང་སྲང་ཞིང་འཛབ་བསྙེན་ནུས་ལྡན་དུ་བྱས་ལ་བདག་འཇུག་གི་དབང་བཞི་ཏིང་ངེ་འཛིན་གསལ་བས་ལེན། བཀའ་གཏེར་མཆོད་པ་ཚོགས་བསྐང་བསྒྲལ་སྟབས་བཅས་ལེགས་པར་གྲུབ་ནས། ལས་བུམ་བསངས་སྦྱངས། པད་ཟླར་བྷྲཱུྃ་ལས་བུམ་པ་བཅུད་ལྡན་དབུས། །རྟ་མགྲིན་དམར་པོ་རྡོ་རྗེ་དྲིལ་བུ་འཛིན། །ཕག་མོ་ཡུམ་འཁྱུད་དཔལ་གྱི་ཆས་དགུ་རྫོགས། །རྟ་སྐད་འཚེར་ཞིང་གྱད་ཀྱི་དོར་སྟབས་བཞུགས། །སྐུ་ལས་རང་འདྲའི་ཁྲོ་བོ་དཔག་མེད་འཕྲོས། །གདོན་བགེགས་ཚར་བཅད་བུམ་པའི་ཆུ་དང་འདྲེས། །ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ གང་མང་བཟླས་རྗེས། ཁྲོ་བོ་ཞུ་ནས་བུམ་པའི་ཆུ་དང་འདྲེས། །བུམ་ཆུ་ལས་ཀུན་བསྒྲུབ་པའི་བདུད་རྩིར་གྱུར། གཉིས་པ་དངོས་གཞིའི་རིམ་པ་ནི༔ སློབ་བུ་འཇུག་དང་དབང་བསྐུར་གཉིས༔ དང་པོ་སློབ་བུ་འཇུག་པ་ནི༔ སྣོད་ལྡན་བུ་ཡིས་རིན་ཆེན་ནོར༔ ཁྱད་པར་འཕགས་པའི་མཎྜལ་བཅས༔ གསོལ་བ་འདེབས་པ་འདི་སྐད་དོ༔ ཧཱུྃ༔ དབང་མཛད་བླ་མ་དགོངས་སུ་གསོལ༔ བདག་ནི་དབང་གི་ཕོ་བྲང་དུ༔ དབང་གི་འཕྲིན་ལས་འདོད་པའི་བུ༔ དབང་ཆེན་འབར་བའི་དབང་བསྐུར་སྩོལ༔ གསུམ། ཅེས་ཞུ་གསེར་དངུལ་མཎྜལ་དབུལ༔ ཁྲུས་བྱས་བགེགས་བསྐྲད་བསྲུང་འཁོར་བསྒོམ༔ དབང་གི་མཚམས་སྦྱར་ལོ་རྒྱུས་བཤད༔ དམིགས་པ་གཏད་ཅིང་བྱིན་དབབ་བསྟིམ༔ ས་མ་ཡཱ༔ རྒྱ༔ ཞེས་གསུངས་པ་ལྟར་སློབ་བུ་རྣམས་ཁྲུས་བྱས་གྲལ་ལ་འཁོད་བགེགས་བསྐྲད་བསྲུང་བའི་འཁོར་ལོ་བསྒོམ༔ ཇི་ལྟར་རིགས་པའི་ལོ་རྒྱུས་སྤྲོ་སྟེ། དེ་ཡང་། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྒྱལ་བ་སྐུ་བཞིའི་དབང་ཕྱུག་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་རིན་པོ་ཆེ་མངོན་དུ་བྱེད་པར་བྱ། དེ་ཡི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་སྨིན་བྱེད་ཀྱི་དབང་ཟབ་མོ་ཚུལ་བཞིན་དུ་གསན་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཟབ་མོ་ཐོབ་པར་བྱའོ་སྙམ་པའི་ཐུགས་བསྐྱེད་དང་ལྡན་པས་ལེགས་པར་གསན་འཚལ། དེ་ཡང་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱའི་བསམ་པ་དང་དབང་པོ་དང་སྐལ་བའི་ཁྱད་པར་དང་རྗེས་སུ་མཐུན་པར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་གསུངས་པ་ཐམས་ཅད་ཀྱི་སྙིང་པོའི་མཐར་ཐུག་གི་དོན་ནི་གསང་སྔགས་རྡོ་རྗེ་ཐེག་པ་ཁོ་ན་ལ་ཐུག་ཅིང་། དེ་ལ་ཡང་རྒྱུད་སྡེའི་དབྱེ་བསྡུ་དང་གསར་རྙིང་གི་ཁྱད་པར་སོགས་མང་དུ་ཡོད་ཀྱང་འདི་ནི་གསང་སྔགས་སྔ་འགྱུར་རྙིང་མ་ཡིན་ལ། དེ་ལ་ཡང་བཀའ་གཏེར་དག་སྣང་གི་རྒྱུད་སྲོལ་གསུམ་དུ་ཡོད་པ་ལས་གཏེར་མ་ཡིན། གཏེར་མ་ལ་ཡང་མཆོག་གཉིས་གླིང་པ་བཅུ་གཅིག་སོགས་གཏེར་ཆེན་བརྒྱ་དང་རྩ་བརྒྱད་གཏེར་ཕྲན་སྟོང་རྩ་སོགས་གྲངས་མེད་དུ་བྱོན་པ་ལས། །ད་ལམ་གྱི་ཟབ་ཆོས་འདི་ཉིད་གཏེར་ནས་བཞེས་པ་པོ་ནི་ཨོ་རྒྱན་སངས་རྒྱས་གཉིས་པས་རྡོ་རྗེའི་ལུང་གིས། པདྨ་བཀའ་ཡི་ཐང་ཡིག་ཏུ། མི་ལ་ལུས་ཆས་ཡ་མ་ཟུང་དུ་འགྲོ༔ བསྟན་པའི་ཆོས་ཀྱང་ཡ་མ་ཟུང་དུ་འགྲོ༔ དགེ་རྒྱས་བྲིས་པའི་རི་མོ་ཤུལ་རྗེས་འབྱུང་༔ ཁམས་ཀྱི་སྲིང་མོ་རྫོང་གསུམ་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཁམས་པ་ཉི་མ་གྲགས་ཀྱི་མིང་ཅན་འབྱུང་༔ ཞེས་དང་། པདྨ་གླིང་པའི་གཏེར་ལུང་ལས། ཉི་མ་གྲགས་པ་ཞེས་བྱ་བ༔ སྟག་སྤྲེལ་ཕག་སྤྲུལ་ལོ་པ་ཅིག༔ ཁམས་ནས་འབྱུང་ཞིང་ཕྱོགས་སུ་འཁྱམས༔ ཞེས་འབྱུང་ཞིང་། ཁམས་ཀྱི་སྲིང་མོ་རྫོང་ཡང་གཏེར་ལུང་དུ་མ་ནས་གསུངས་ཤིང་ཁྱད་པར་དུ། བསྟན་གཉིས་གླིང་པའི་ལྟ་བ་སངས་རྒྱས་དགོངས་འདུས་ལས། ནགས་ཤོད་རི་བོ་སྲིན་མོ་རྫོང་གི་སྤོར༔ ཞེས་གནས་དང་གང་ཟག་གཉིས་ཀ་ཟབ་མོའི་གཏེར་ལུང་གིས་ཟིན་པའི། སྤྲུལ་པའི་གཏེར་ཆེན་དམ་པ་དེ་ཉིད་ཀྱིས་སྤྱིར་ཟབ་མོའི་གཏེར་ཁ་མང་དུ་སྤྱན་དྲངས་པ་ལས། ད་ལམ་འདི་ནི་འཛམ་བུ་གླིང་སའི་ལྟེ་བ་གངས་རིའི་རྒྱལ་པོ་ཏེ་སེ་བདེ་ཆེན་གསང་བ་ཕུག་ནས་གདན་དྲངས་པའི་བླ་མ་བདེ་མཆོག་འཁོར་ལོའི་ཆ་ལག་ལས་བྱུང་བའི་ལྷ་ཆེན་དབང་ཕྱུག་ཆེན་པོའི་དབང་བསྐུར་བ་ཡིན། དེ་ལ་སྤྱིར་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་ལས་བཞི་དང་འབྲེལ་བའི་ལྷག་པའི་ལྷའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་དཔག་ཏུ་མེད་པ་ཞིག་འབྱུང་ཞིང་། ཁྱད་པར་དབང་གི་ལྷའི་སྒྲུབ་ཐབས་ཐམས་ཅད་ཀྱི་ནང་ནས་གཞན་ལས་ཁྱད་པར་དུ་འཕགས་ཤིང་ཀུན་གྱི་གཙོ་བོ་ལྟ་བུ་ནི་ལྷ་དབང་ཕྱུག་ཆེན་པོ་ཉིད་ཡིན་ལ། དེའི་སྒྲུབ་ཐབས་ཀྱི་བཀའ་སྲོལ་དུ་མ་གསང་སྔགས་གསར་རྙིང་གཉིས་ཀ་ནས་འབྱུང་ཞིང་། འདི་ལ་པདྨ་ཧེ་རུ་ཀའི་རྒྱུད་ཅེས་བྱ་བ་རྒྱས་བ་ཞིག་རྒྱ་གར་ན་ཡོད་ཀྱང་བོད་འདིར་མ་འགྱུར་ཞེས་སྔགས་གསར་མའི་ལོ་རྒྱུས་སྨྲ་བ་རྣམས་ཀྱི་ངག་ལས་འབྱུང་ལ་སྒྲུབ་ཐབས་དང་མན་ངག་མང་པོ་ནི་ས་སྐྱ་པའི་གཏེར་ཆོས་སུ་འང་ཡོད་མོད། འདི་ལ་ནང་གསེས་སུ་འཇིག་རྟེན་རང་རྒྱུད་པ་དང་། སྤྲུལ་པའི་ལྷ་ཆེན་པོ་གཉིས་སུ་ཡོད་ལ། དེ་ལ་འཇིག་རྟེན་རང་རྒྱུད་པ་ནི། སྔོན་འཇིག་རྟེན་ཐོག་མར་ཆགས་པའི་དུས་སུ། རི་རབ་ལྷུན་པོའི་སྟེང་ན་དཔག་བསམ་གྱི་ཤིང་གི་ཚལ་ཆེན་པོ་བཞི་ཡོད་པ་ལས། ལོངས་སྤྱོད་གླ་ཤའི་ཚལ་ཞེས་བྱ་བར། ཡབ་དྲང་སྲོང་ཤིང་རྟ་ཆེན་པོ་དང་། ཡུལ་ལྷ་མོ་ཡིད་འཕྲོག་མའི་སྲས་སུ་འཁྲུངས་ཏེ། དེ་ཡང་འཇིག་རྟེན་འདི་ན་ཁོ་ལས་དབང་ཆེ་བ་སུ་ཡང་མེད་པས་དབང་ཕྱུག་ཆེན་པོར་གྲགས་སོ། །འདོད་ཁམས་གནས་རིས་དྲུག་ལ་དབང་བྱེད་པས། འདོད་པའི་བདག་པོ་ཡང་ཟེར་རོ། །འཛམ་བུ་གླིང་གི་གནས་ཆེན་པོ་བརྒྱད་དང་དུར་ཁྲོད་བསིལ་བའི་ཚལ་གྱི་སྲུང་མ་ཡང་བྱེད་དོ། །སྤྲུལ་པའི་ལྷ་ཆེན་པོ་ནི་འཇིག་རྟེན་རང་རྒྱུད་པའི་ལྷ་དེ་ཉིད་འདུལ་བའི་ཆེད་དུ་སངས་རྒྱས་འོད་དཔག་མེད་ཀྱིས། ཚོགས་བདག་གྷ་ན་པ་ཏི་དང་། ལྷ་མོ་དཔལ་མོའི་སྲས་སུ་དབང་ཕྱུག་མ་ཧཱ་དྷེ་ཝ་དང་། ལྷ་མོ་ཨུ་མ་སོགས་རང་རྒྱུད་པ་དང་ཚུལ་མཐུན་པར་སྐུ་སྤྲུལ་ནས། འདོད་ཁམས་ཐམས་ཅད་དབང་དུ་བསྡུས་ནས་ལྷའི་རྒྱལ་པོ་མཛད་ཅིང་། བཞུགས་པའི་གནས་ཀྱང་འོག་མིན་གྱི་ཡང་གོང་ན་དབང་ཕྱུག་ཆེན་པོའི་གནས་ཞེས་བྱ་བ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་ཡོད་དེ། གནས་དེར་བཞུགས་པས་མཚན་ཡང་དབང་ཕྱུག་ཆེན་པོར་གྲགས་སོ། །དེས་ན་གཏེར་ཁ་འདིའི་ནོར་བདག་ཡིད་བཞིན་ནོར་བུ་དང་འདིའི་རང་གཞུང་དུ་འོག་མིན་སྲིད་རྩེ་སོགས་གསུངས་པའང་དོན་འདི་ལ་དགོངས་སོ། །འོན་ཀྱང་འདོད་ཁམས་གནས་རིས་དྲུག་དང་ཁྱད་པར་སུམ་ཅུ་རྩ་གསུམ་དུའང་འཇིག་རྟེན་རང་རྒྱུད་པ་དང་མཐུན་པར་སྤྲུལ་པ་སྟེ་བཞུགས་པས་འདོད་པའི་རྒྱལ་པོར་གྲགས་ཤིང་འཇིག་རྟེན་གྱི་ལྷ་ཆེན་པོ་དེའི་གཉེན་པོ་མཛད་དོ། །དེ་ཡང་སྤྲུལ་པའི་ལྷ་དབང་ཕྱུག་ཆེན་པོ་ནི། སྒྲུབ་ན་ལས་མྱུར། ཐུགས་རྗེ་དང་བྱིན་རླབས་ཆེ། འཇིག་རྟེན་པ་ནི་སྒྲུབ་སླ་རྣོ་མྱུར་ཆེ། གཉིས་ཀའང་འཇིག་རྟེན་གྱི་བདག་པོ་ཡིན་པས་སྟོབས་ཆེ། སངས་རྒྱས་ཐུབ་པ་ཆེན་པོའི་དྲུང་དུ་ཆོས་ཉན་ཅིང་རྡོ་རྗེ་འཆང་གིས་དཀྱིལ་འཁོར་དུ་མར་བཅུག་ནས་དབང་བསྐུར་ཞིང་། ཁྱད་པར་སློབ་དཔོན་ཆེན་པོས་དམ་ལ་བཏགས་ཤིང་བསྟན་པའི་གཉེར་གཏད་ནས་བཀའི་སྲུང་མར་བཀའ་བསྒོས་པས་སྒྲུབ་པ་པོ་ལ་སྙིང་ཐག་ཉེ། སློབ་དཔོན་གྱིས་སྒྲུབ་ཐབས་ཀྱང་མི་འདྲ་བ་མང་དུ་མཛད་ནས་གཏེར་ཁ་སོ་སོར་གཏེར་དུ་སྦས་སོ། །དེ་ལྟར་རྣམ་པ་སོ་སོར་བསྟན་ཀྱང་ངོ་བོ་གཅིག་ལས་མ་འདས་ཏེ། འཇིག་རྟེན་རང་རྒྱུད་པ་དེ་ཡང་ཡེ་ཤེས་ཀྱི་སྤྲུལ་པས་དབང་དུ་མཛད་ཅིང་བྱིན་གྱིས་བརླབས་པའི་ཕྱིར་དང་། སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པར་མདོ་ཟ་མ་ཏོག་སོགས་ལས་ཀྱང་གསུངས་པས་སོ། །འོན་ཀྱང་འདི་ནི་སྤྲུལ་པ་ཡེ་ཤེས་པ་ལྟར་སྒྲུབ་པའི་ལུགས་ཏེ། དོན་དུ་ཁྲོ་བཅུ་ལས་ཁྲོ་བོ་འདོད་པའི་རྒྱལ་པོ་ཊཀྐི་རཱ་ཛ་ཞེས་བྱ་བ་ཉིད་ཡིན་ཏེ་འཁོར་འདས་ཐམས་ཅད་དབང་དུ་བསྡུ་བའི་མཐུ་སྟོབས་དང་ནུས་པ་མངའ་བ་ཉིད་དོ། དབང་མཛད་ཀྱི་ལྷ་འདི་ལྟ་བུ་སྒྲུབ་པའི་དགོས་པ་ཡང་སྙིགས་མའི་འགྲོ་བ་ལོག་པར་ལྟ་བ་ཅན་རྣམས་དང་། འཇིག་རྟེན་གྱི་རྒྱལ་བློན་སྟོབས་ལྡན་ཁེངས་དྲེགས་ཅན་སོགས་བསྟན་པ་དང་སེམས་ཅན་ལ་གནོད་པའི་རིགས་དེ་དག་དབང་དུ་བྱས་ནས་ཡང་དག་པའི་ལམ་ལ་འགོད་པའི་ཕྱིར་དུ། དབང་སྡུད་ཀྱི་རིགས་མི་འདྲ་བ་དུ་མ་ཟབ་མོའི་རྒྱུད་སྡེ་རྣམས་ལས་གསུངས་པ་གསང་སྔགས་ཐབས་ཀྱི་ཆེ་བ་ཡིན་ལ། དེས་ན་བྱང་ཆུབ་ཀྱི་སེམས་དང་ལྷག་པའི་བསམ་པ་རྣམ་པར་དག་པས་བསྟན་པ་དང་སེམས་ཅན་གྱི་དོན་དུ་བསྒྲུབ་པར་བྱ་བ་ལས་རང་འདོད་ཉི་ཚེས་སྒྲུབ་ཀྱང་མི་འགྲུབ་ཅིང་ཕན་གནོད་གོ་ལོག་ཏུ་འགྱུར་བས་དེ་ཕྱིར་ཉེས་པ་ལྕིའོ། །བྱང་ཆུབ་སེམས་ཀྱིས་རྩིས་ཟིན་པ་ནི་ཉེས་པ་མེད་པའི་ཁར་རང་གཞན་ཡང་དག་གི་ལམ་ལ་སྦྱོར་ཕྱིར་མདོ་ལས་ཀྱང་བསྡུ་བ་བཞིས་སེམས་ཅན་གྱི་དོན་བྱེད་པར་གསུངས་པ་དང་ཚུལ་མཐུན་པར་འགྱུར་རོ། །དེས་ན་བྱང་ཆུབ་ཀྱི་སེམས་དང་ལྷག་པའི་བསམ་པ་རྣམ་པར་དག་པས་བསྟན་འགྲོའི་དོན་རྒྱ་ཆེན་པོ་སྒྲུབ་པའི་སླད་དུ། ལྷག་པའི་ལྷ་མཆོག་ཁྱད་པར་ཅན་འདིའི་དབང་མཆོག་ཟབ་མོ་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་ཤིང་གཏེར་བྱོན་མཁའ་འགྲོའི་ཞལ་རླངས་མ་ཡལ་བ་ཟབ་ཁྱད་དུ་མ་དང་ལྡན་པ་འདིའི་དབང་བསྐུར་བ་སྐབས་སུ་བབ་པ་སྟེ། དེ་ལ་ཡང་སློབ་དཔོན་གྱི་བགྱི་འོས་དང་སློབ་མའི་བགྱི་འོས་གཉིས་ལས། སློབ་དཔོན་གྱིས་བགྱི་བར་འོས་པ་དག་ལེགས་པར་གྲུབ་ཟིན་པས། ད་ཁྱེད་རྡོ་རྗེའི་སློབ་མ་རྣམས་ཀྱིས་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཅེས་བརྗོད། མཎྜལ་འབུལ་བ་སོང་ནས། དེ་ནས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་རིམ་པ་འདིའི་རྗེས་བཟློས་མཛོད༔ ཧཱུྃ༔ བརྒྱུད་པ་ཀུན་འདུས་ཐོད་ཕྲེང་རྩལ༔ དཔལ་ཆེན་པདྨ་རྟ་མགྲིན་དབང་༔ རྡོ་རྗེ་ཕག་མོ་ཡུམ་དང་བཅས༔ མ་ཧཱ་དྷེ་ཝ་ཡབ་ཡུམ་ལ༔ དངོས་གྲུབ་དོན་དུ་སྐྱབས་སུ་མཆི༔ ལན་གསུམ། ཧཱུྃ༔ སངས་རྒྱས་བསྟན་དང་འགྲོ་བའི་དོན༔ བྱང་ཆུབ་དམ་པར་སེམས་བསྐྱེད་དེ༔ དབང་མཛད་ལྷ་ཡི་ཏིང་འཛིན་གྱིས༔ འགྲོ་རྣམས་སྒྲོལ་བར་དམ་བཅའ་འོ༔ གསུམ། དེ་ལྟར་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱངས་ནས༔ ཐུན་མོང་མ་ཡིན་པའི་རྒྱུད་སྦྱོང་བ་དབང་གི་སྣོད་དུ་རུང་བར་བྱ་བའི་ཕྱིར་ཡེ་ཤེས་པ་དབབ་པའི་ཕྱིར་དུ་དམིགས་པ་འདི་བཞིན་དུ་གྱིས་ཤིག༔ ཨཱོཾ་མ་ཧཱ་ཤུ་ནྱ་ཏ་སོགས་ལས་བུམ་ཁ་རྒྱན་གྱིས་ཆུ་འཐོར་ཞིང་། འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞིག་ཏུ་བསྒོམ༔ སྟོང་པའི་ངང་ལས་ཡི་གེ་ཧྲཱིཿཞིག་རང་བྱུང་དུ་ཤར༔ དེ་ཡོངས་སུ་གནས་གྱུར་ཏེ་ཟླ་གམ་དམར་པོ་དབང་གི་ཕོ་བྲང་གི་དབུས་སུ་རྟ་བདུན་རླུང་གི་ད་ལ་རབ་ཏུ་འཁྲུག་པའི་ཀློང་དཀྱིལ་དུ༔ ཐབས་ཤེས་ཉི་ཟླ་གའུ་ཁ་སྦྱོར་གྱི་གདན་སྟེང་དུ༔ རང་རིག་སྣང་བའི་ངོ་བོ་ལས་ཀྱི་ཧེ་རུ་ཀ༔ ལྷ་ཆེན་པོ་སྐུ་མདོག་བྱི་རུའི་སྡོང་པོ་ལ་ཏིལ་གྱི་མར་ཁུས་བྱུགས་པ་ལྟར་རབ་ཏུ་དམར་བའི་མདངས་དང་ལྡན་པའི་ཞལ་གཅིག་ཅུང་ཟད་ཁྲོས་པ་ལ་འཛུམ་པའི་ཉམས་ཅན༔ རལ་པ་སྨུག་ནག་གྱེན་དུ་འབར་ཞིང་རིན་པོ་ཆེའི་རྩེ་བྲན་གྱིས་བརྒྱན་པ༔ ཕྱག་གཡས་ཁ་ཊྭཱཾ་ནམ་མཁའ་ལ་འཕྱར་ཞིང་གཡོན་ལྕགས་ཀྱུ་བསྣམས་པས་ཡུམ་ལ་འཁྱུད་པ༔ ཞབས་གཉིས་དོར་སྟབས་སུ་འགྱིང་བ༔ གཅེར་བུ་རབ་ཏུ་སྒེག་པའི་ཉམས་དང་ལྡན་པའི་པང་དུ༔ སྟོང་པའི་རང་རྩལ་ཡུམ་མཆོག་ཨུ་མ་དྷེ་ཝི་དམར་མོ་ཞལ་གཅིག་ཕྱག་གཉིས་གཡས་སྣང་སྲིད་གསལ་བའི་མེ་ལོང་འཛིན་ཞིང་ཡབ་ལ་འཁྱུད་པ༔ གཡོན་ཉི་མའི་དཀྱིལ་འཁོར་འོད་ཟེར་སྟོང་ལྡན་འབར་བ་བསྣམས་པ༔ ཞབས་གཉིས་གཡས་བརྐྱང་ཞིང་གཡོན་ཡབ་ལ་འཁྲིལ་བ༔ བདེ་བའི་ཉམས་དང་ལྡན་པ་དབུ་སྐྲ་སིལ་མ་སྐུ་རྒྱབ་ཏུ་འཕྱང་བ༔ ནུ་མ་བྷ་ག་ལང་ཚོ་རབ་ཏུ་རྒྱས་པ་ཟུང་འཇུག་ཏུ་འཁྲིལ་བའི་སྤྱི་བོར་རིགས་ཀྱི་བདག་པོ་བདག་ཉིད་ཐོད་པ་རྩལ་སྨུག་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་སྡང་མིག་ཏུ་ལྟ་བ༔ སྙན་ལ་དུང་གི་ཝལ་མིག་གིས་བརྒྱན་པ༔ གཡས་སེང་སྡེང་གི་ཌཱ་མ་རུ་ནམ་མཁའ་ལ་འཁྲོལ་བ༔ གཡོན་མི་རྐང་གི་གླིང་བུ་འབུད་པ༔ རལ་པའི་ཐོད་བཅིངས་པ༔ རུས་པའི་རྒྱན་བཏགས་པ༔ དཔའ་བོ་སྟག་གི་ཤམ་ཐབ་གསོལ་བ༔ ཞབས་གཉིས་གར་སྟབས་སུ་འཁྲབ་པ༔ གཟི་བརྗིད་དང་ལྡན་པ་ཞིག་ཏུ་བསྒོམ༔ ལྷ་ཆེན་པོའི་ཐུགས་ཀར་པདྨ་དབང་གི་རྒྱལ་པོ་ཞལ་གཅིག་ཁྲོས་པའི་ཉམས་ལྡན་སྤྱན་གསུམ་བགྲད་པ༔ ཕྱག་གཡས་རྡོ་རྗེ་དང་དྲིལ་བུ་བསྣམས་པ༔ ཞབས་གཉིས་དོར་སྟབས་སུ་འགྱིང་བ༔ དམར་ལ་སྨུག་པའི་མདངས་ཅན་རལ་པའི་ཁྲོད་ནས་དབང་ཆེན་རྟ་དབུ་ལྗང་ཞུར་འཚེར་བ་ཞིག་ཏུ་བསྒོམ༔ ཡུམ་གྱི་ཐུགས་ཀར་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཅན་སྤྱན་གསུམ་བགྲད་ཅིང་མཆེ་བ་གཙིགས་པ༔ ལང་ཚོ་རབ་ཏུ་རྒྱས་པས་བདེ་བའི་ཆུ་རྒྱུན་འཁྲུག་པ༔ གཅེར་བུ་སྤྱི་བོ་ནས་ཕག་ཞལ་མཐིང་ནག་ངུར་སྒྲ་འབྱིན་པ༔ ཡབ་ཡུམ་གཉིས་མེད་རང་སྣང་དབྱིངས་སུ་འདུ་འབྲལ་མེད་པར་འཁྲིལ་བ༔ གཅེར་བུ་མདངས་དང་ལྡན་པར་བསྒོམ༔ དེ་ལྟར་ཟླ་གམ་ཕོ་བྲང་དབང་གི་གཞལ་ཡས་ཀྱི་དབུས་འོད་ཟེར་དམར་པོ་འཁྱིལ་བའི་ཀློང་དུ༔ ལྷ་ཆེན་ཡབ་ཡུམ་ཟུང་འཇུག་ཏུ་བཞུགས་པའི་ཕྱི་རོལ་ཕྱོགས་བཞིར་འཁོར་ལོ་རྩིབས་བཞིའི་མུ་སྟེགས་ཀྱི་དྷཱཀྐི་སྡེ་བཞི་དཀར་སེར་དམར་ལྗང་བཞིའི་མདོག་ཅན་གཡས་ཐམས་ཅད་ཁ་ཊྭཱཾ་འཕྱར་བ༔ གཡོན་ཐམས་ཅད་ན་ཞགས་པ་ཐོགས་པ༔ ཞབས་ཐམས་ཅད་བརྐྱང་བསྐུམ་གར་སྟབས་ཅན༔ གཅེར་བུ་ལང་ཚོ་རྒྱས་ཤིང་སྐྲ་སིལ་བུར་འཕྱོ་བ༔ རང་རང་ལ་འོད་ཟེར་དཔག་མེད་འབར་བའི་ཀློང་དུ་བཞུགས་པར་བསྐྱེད༔ ཟླ་གམ་དབང་གི་ཕོ་བྲང་ཕྱི་རོལ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་དང་ལྡན་པའི་ཤར་སྒོར་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་༔ ལྷོ་སྒོར་འཕགས་སྐྱེས་པོ༔ ནུབ་སྒོར་མིག་མི་བཟང་༔ བྱང་སྒོར་རྣམ་ཐོས་སྲས་བཞི་པོ་ཡང་སྐུ་མདོག་དཀར་སྔོ་དམར་སེར་དུ་འབར་བ༔ རང་རྟགས་ཀྱི་ཕྱག་རྒྱ་ཅན༔ གོ་ཁྲབ་དང་བཅས་ཞབས་སྟངས་སྟབས་སུ་བསྒྱུར་ཞིང་བཀའ་ཉན་ཕྲིན་ལས་བཞི་ཐོགས་མེད་དུ་བསྒྲུབ་པའི་ཚུལ་དུ་གསལ་ཞིང་༔ ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་། ཁྱད་པར་ཐུགས་སྲོག་དང་བླ་མ་མདུན་བསྐྱེད་དང་བཅས་པའི་སྐུ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་དཔག་ཏུ་མེད་པ་འཕྲོས་པས་འོག་མིན་སྲིད་པའི་རྩེ་མོ་ནས་ལྷ་ཆེན་པོ་འཁོར་དང་བཅས་པ་སྐད་ཅིག་གིས་ལྷུང་ཐབས་སུ་བྱོན་ནས་ཁྱེད་རང་ལ་གཉིས་མེད་དུ་སིབ་སིབ་ཐིམ་བྱུང་སྙམས་པའི་དམིགས་པ་བརྟན་པོ་མཛོད། སྤྱན་འདྲེན་ནི་ཌཱ་དྲིལ་འཁྲོལ་ཞིང་། ཧཱུྃ༔ ཁམས་གསུམ་སྲིད་པའི་རྩེ་མོ་དང་༔ སུམ་ཅུ་རྩ་གསུམ་ལྷ་ཡུལ་ནས༔ ལྷ་ཆེན་ཡབ་ཡུམ་གཤེགས་སུ་གསོལ༔ ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་ནས༔ རིགས་ཀྱི་བདག་པོ་གཤེགས་སུ་གསོལ༔ པདྨ་དབང་གི་གཞལ་ཡས་ནས༔ རྟ་མཆོག་རྒྱལ་པོ་གཤེགས་སུ་གསོལ༔ ནུབ་ཕྱོགས་ཨོ་རྒྱན་ཕོ་བྲང་ནས༔ རྡོ་རྗེ་ཕག་མོ་གཤེགས་སུ་གསོལ༔ མུ་སྟེགས་ཆགས་པའི་དུར་ཁྲོད་ནས༔ དྷཀྐི་སྡེ་བཞི་གཤེགས་སུ་གསོལ༔ རི་རབ་ཆེན་པོའི་ཕྱོགས་བཞི་ནས༔ རྒྱལ་ཆེན་སྡེ་བཞི་གཤེགས་སུ་གསོལ༔ ཡེ་ཤེས་འཇིག་རྟེན་ཐམས་ཅད་ནས༔ དབང་གི་ལྷ་ཚོགས་གཤེགས་སུ་གསོལ༔ གདུང་བའི་ཡིད་ཀྱིས་སྤྱན་འདྲེན་ན༔ ཐུགས་རྗེའི་ཤུགས་ཀྱིས་གཤེགས་ནས་ཀྱང་༔ འདོད་པའི་དངོས་གྲུབ་སྩལ་དུ་གསོལ༔ ཧྲཱིཿབཛྲ་དྷཀྐི་ནི་མ་ཧཱ་དྷེ་ཝ་ཤྲཱི་ཧེ་རུ་ཀཿཧཱུྃ༔ བཛྲ་ས་མ་ཡ་ཛཿཛཿ ཞེས་དང་། ཨཱ་བེ་ཤ་ཡ་ཨཱ་ཨཱ༔ དྲག་ཏུ་བརྗོད་པ་སྤོས་རོལ་དང་བཅས་བྱིན་དབབ། སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་བརྟན་པའི་མོས་པ་མཛོད། ཅེས་རྡོ་རྗེས་སྤྱི་བོར་རྒྱས་གདབ། ཏིཥྛ་བཛྲ་སོགས་བརྗོད་ལ་བརྟན་པར་བྱ། དེ་ནས་དབང་རྣམས་རིམ་པ་བཞིན་བསྐུར་བ་གཞུང་ལས། གཉིས་པ་དངོས་གཞིའི་དབང་དོན་ལྔ༔ བུམ་པ་སྐུ་དང་བདུད་རྩི་གསུང་༔ བླ་རྡོ་ཐུགས་དང་སྒྲུབ་དཔེ་ཡོན༔ ཕྲིན་ལས་གཏོར་མ་ཕྱག་མཚན་གཏད༔ དང་པོ་བུམ་པ་སྐུ་ཡི་དབང་༔ སློབ་བུའི་མགོར་བཞག་འདི་སྐད་དོ༔ ཧཱུྃ༔ བུམ་པ་དབང་མཛད་ལྷ་ཡི་སྐུ༔ དཀྱིལ་འཁོར་ལྷ་ཚོགས་སྐུ་ཡི་དབང་༔ སྐལ་ལྡན་བུ་ཁྱོད་སྨིན་གྲོལ་ནས༔ ལྷ་དབང་ལུས་ལ་ཐོབ་པར་ཤོག༔ རྩ་སྔགས། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་བདུད་རྩི་གསུང་གི་དབང་༔ བྷནྡྷ་བདུད་རྩི་མགྲིན་པར་གཏད༔ ཧཱུྃ༔ དུམ་གཅིག་ཡངས་པའི་སྣོད་མཆོག་ཏུ༔ བྱང་སེམས་དཀར་དམར་བདེ་བའི་རྒྱུན༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ གསང་དབང་ངག་ལ་ཐོབ་པར་ཤོག༔ རྩ་སྔགས། ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ གསུམ་པ་བླ་རྡོ་ཐུགས་ཀྱི་དབང་༔ སྙིང་གར་བཞག་ཅིང་འདི་སྐད་དོ༔ ཧཱུྃ༔ དབང་མཛད་གར་མཁན་ཧེ་རུ་ཀ༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཤར༔ བླ་རྡོ་གསང་བ་ཐུགས་ཀྱི་དབང་༔ དེ་རིང་ཁྱོད་ལ་དབང་བསྐུར་བས༔ དབང་ཆེན་འབར་བའི་དོན་རྟོགས་ཤོག༔ རྩ་སྔགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པ་སྒྲུབ་ཡིག་ཡོན་ཏན་དབང་༔ ལྟེ་བར་བཞག་ཅིང་འདི་སྐད་དོ༔ ཧཱུྃ༔ དབང་ཆེན་དཔེ་བུམ་དཔག་བསམ་ཤིང་༔ སྐལ་ལྡན་ཁྱོད་ལ་འདི་སྦྱིན་ནོ༔ བསྙེན་སྒྲུབ་ལས་སྦྱོར་མཐར་ཕྱིན་ནས༔ ཁམས་གསུམ་དབང་དུ་འདུ་བར་ཤོག༔ རྩ་སྔགས། རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ལྔ་པ་ཕྲིན་ལས་གཏོར་མ་མགོ༔ ཕྱག་མཚན་གཉིས་པོ་ལག་ཏུ་གཏད༔ ཧཱུྃ༔ ལྷ་དང་གཉིས་མེད་བྷ་ལིངྟ༔ ཕྲིན་ལས་འདོད་བསྒྱུར་ཕྱག་མཚན་དབང་༔ རིགས་ཀྱི་བུ་ལ་འདི་སྦྱིན་པས༔ ཡོངས་རྫོགས་འཕྲིན་ལས་དབང་ཐོབ་ཏེ༔ སྲིད་གསུམ་ཟིལ་གྱིས་གནོན་པར་ཤོག༔ རྩ་སྔགས། ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མེ་ཏོག་འཐོར་ཞིང་། ཧཱུྃ༔ ཟླ་གམ་འབར་བའི་ཕོ་བྲང་ནས༔ ལྷ་ཆེན་ཡབ་ཡུམ་བཀྲ་ཤིས་ཤོག༔ སྤྱི་གཙུག་རིགས་བདག་དཀྱིལ་འཁོར་ནས༔ རྩ་བརྒྱུད་བླ་མའི་བཀྲ་ཤིས་ཤོག༔ ཙིཏྟ་འབར་བའི་ཕོ་བྲང་ནས། དབང་ཆེན་ཡབ་ཡུམ་བཀྲ་ཤིས་ཤོག༔ བཀའ་ཉན་འཕྲིན་ལས་ད་ལ་ནས༔ མཁའ་འགྲོ་ཆོས་སྐྱོང་བཀྲ་ཤིས་ཤོག༔ དགོས་འདོད་འབྱུང་བའི་ཕོ་བྲང་ནས༔ མཆོག་ཐུན་དངོས་གྲུབ་བཀྲ་ཤིས་ཤོག༔ ཞེས་དང་གཞན་ཡང་ཤིས་བརྗོད་ཅི་རིགས་བྱ་ཞིང་མེ་ཏོག་འཐོར་བར་བྱའོ། །དེ་ལྟར་ལས་ཀྱི་ཧེ་རུ་ཀཿདབང་ཕྱུག་ཆེན་པོའི་དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པ་ཡིན་པས་གནས་སྐབས་དེ་དག་ཏུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པའི་རིམ་པ་ཚུལ་བཞིན་དུ་བསྲུང་བར་བགྱིད་སྙམས་པས་འདིའི་རྗེས་བཟློས་གྱིས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། སོགས། གཏང་རག་གི་མཎྜལ། སླར་ཡང་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་དང་བཅས་པ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་བ་ལྟར་སྤྲུལ་ཏེ་འབུལ་སྙམས་པས་འདིའི་རྗེས་བཟློས་གྱིས། དེང་ནས་བརྩམས་ཏེ། སོགས། དེ་ལྟར་དབང་བསྐུར་ཐོབ་པའི་དགེ་རྩ་སེམས་ཅན་གྱི་དོན་དུ་བསྔོ་བར་གྱིས། བསོད་ནམས་འདི་ཡིས་སོགས་དང་། རིན་ཆེན་དགེ་ཚོགས་འདི་ཡིས་འགྲོ་བ་ཀུན། སོགས། བསྔོ་སྨོན་མཐའ་རྒྱས་བྱ། དེ་ནས་རྗེས་ཚོགས་ལས་རིམ། ཚོགས་ལ་རོལ་བ། ལྷག་མ་བསྔོ་བ། བཀའ་གཏེར་མཆོད་པ་སོགས་གསང་བ་སྤྱིའི་འགྲོས་ལྟར་སྐྱོང་བར་བྱའོ། །གསུམ་པ་རྗེས་ཆོག་རིམ་པ་གསུམ༔ གསང་བའི་དམ་ཚིག་སྲོག་ལྟར་བསྲུང་༔ དགའ་སྟོན་ཚོགས་ཀྱི་འཁོར་ལོར་རོལ༔ ལུས་ངག་བླ་མའི་བྲན་དུ་འབུལ༔ ས་མ་ཡཱ༔ རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱགཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་དྷེ་ཉི་མ་གྲགས་པས་གཏེར་ནས་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའོ། མངྒ་ལཾ། བསྐྱེད་བཟླས་ལང་ཚོ་དར་བའི་སྨིན་ལེགས་མའི། །དཀྱུས་རིང་དབང་གི་ཟུར་མིག་ལྷུང་ཙམ་གྱིས། །སྲིད་ཞིའི་བརྟེན་པ་མཐའ་དག་རང་དབང་དུ། །མངོན་དུ་བྱེད་ལ་དཀའ་བ་ཅི་ཞིག་ཡོད། །དེ་ཕྱིར་བསྙེན་སྒྲུབ་དབང་གི་འཕྲིན་ལས་ཀྱི། །དངོས་གྲུབ་སྒྲུབ་ལ་མེད་དུ་མི་རུང་བའི། །བྱིན་རླབས་ཟབ་མོའི་སྒོ་འབྱེད་དབང་གི་ཁྲིགས། །འཇུག་པ་བདེ་བར་གསལ་བར་བྱས་ཟིན་ཏོ། །ཚུལ་འདི་རྣམ་འདྲེན་ཟུང་གིས་བཀའ་སྩལ་ནས། །བདག་བློ་པདྨོ་བཞད་པ་ལས་བྱུང་བའི། །ལེགས་བཤད་བསུང་ཞིམ་འདི་ཡང་རྣམ་ཀུན་ཏུ། །སྐལ་བཟང་བུང་བ་འདུ་བའི་གཞིར་གྱུར་ཅིག །ཅེས་པ་འདི་ཡང་རྣམ་འདྲེན་བླ་མ་དམ་པ་འགྱུར་མེད་བློ་ལྡན་གྱིས་ནན་ཏན་ཆེ་བའི་གསུང་གིས་བསྐུལ་ངོར་མ་ལྡོག་ཙམ་དུ་ཁྲིགས་སུ་བགྱིས་པར་གྲུབ་པའི་དབང་པོ་མཆོག་གི་ཞལ་སྔ་ནས་ཀྱང་ལེགས་ཚུལ་བྱུང་བ་བཅས་ཀྱིས་རྨོངས་བརྟུལ་ཝ་གིནྡྲའི་མིང་གིས་བྲིས་པ་ཉེས་གྱུར་མཆིས་ན་རྣམ་འདྲེན་བླ་མའི་ཚོགས་ལ་སྙིང་ནས་བཤགས་སོ།། །།


previousལྷ་ཆེན་དབང་གི་སྨིན་བྱེད་ཁྲིགས་སུ་བགྱིས་པ་བློ་གསལ་ཀུན་དགའི་དགའ་སྟོན།next