Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  expand section
  expand section
  expand section
   
  collapse section
   
   
ཛམ་བྷ་ལྷའི་སྒྲུབ་རྟེན་བཅའ་ཐབས།
   
   
   
   
   
   
   
   
   
   


 
previousཛམ་བྷ་ལྷའི་སྒྲུབ་རྟེན་བཅའ་ཐབས།next

ཛམ་བྷ་ལྷའི་སྒྲུབ་རྟེན་བཅའ་ཐབས།

ཛམ་བྷ་ལྷའི་སྒྲུབ་རྟེན་བཅའ་ཐབས་བཞུགས༔ དཔལ་ཆེན་པོ་ལ་ཕྱག་འཚལ་ལོ༔ གནོད་སྦྱིན་ཛམ་བྷ་ལ་དམར་པོའི་སྒྲུབ་རྟེན་བཅའ་ཐབས་ནི༔ སྒྲུབ་གནས་ཁྱད་པར་ཅན་གྱི་ས་སྣ་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྱེ་མ་བསྲེ༔ འཇིམ་པ་ཚད་དང་ལྡན་པར་བཟོས་ལ༔ གནོད་སྦྱིན་ཛམ་བྷ་ལ་མངོན་རྟོགས་བསྐྱེད་རིམ་དང་མཐུན་པ་ལ༔ འབྲུག་ལ་ཆིབས་པ་ཞིག་བཞེངས་ཤིང་གྲོ་ཤོག་གང་རུང་ལ་བསྙེན་སྔགས་རིན་པོ་ཆེའི་ཁུ་བས་བྲིས་ཏེ་ཐུགས་ཀར་གཞུག༔ གསེར་དངུལ་སོགས་རིན་ཆེན་འབྲུ་སྣ་དར་ཟབ་གོ་མཚོན་ལ་སོགས་འབྱོར་ཚད་གཟུངས་གཞུག་ཏུ་འབུལ༔ དེ་རྫ་དམར་པོའི་གའུ་ནོར་བུའི་དབྱིབས་ཅན་གྱི་ནང་དུ་གཞུག་ཅིང་༔ དར་ཚོན་སྣ་ཚོགས་ཀྱིས་དྲིལ༔ འབྲུ་སྨན་རིན་ཆེན་སྣ་ཚོགས་ལྷན་དུ་དྲིལ་ཏེ༔ རྫའི་གའུ་ཚོམ་བུའི་དབུས་སུ་འགོད༔ སྒྲུབ་པ་ཐོན་ནས་ལུས་ལ་བཅང་བའམ་བང་མཛོད་ཀྱི་དབུས་སུ་སྦ༔ ལོ་རེ་བཞིན་རབ་གནས་བྱ༔ ཟླ་བ་གང་ཤར་གྱི་བཅོ་ལྔ་ལ་མཆོད་འབུལ་ཚོགས་འཁོར་རེ་ཆག་མེད་བྱས་ལ་ཛམ་བྷ་ལ་དངོས་སུ་བསྐྱེད་ཅིང་དམ་མེད་སྐྱེ་འགྲོ་གང་གིས་ཀྱང་མི་མཐོང་བར་བཅང་བར་བྱའོ༔ རྟེན་ལ་རང་གིས་གང་འདོད་པའི་ཟས་གོས་ལོངས་སྤྱོད་མལ་ཆ་སོགས་གང་ཕུལ་བ་དེའི་དངོས་གྲུབ་འཕྲལ་དུ་འབྱུང་བར་འགྱུར་རོ༔ རྟེན་འབྲེལ་ཆེ་བས་གཟབས་ཏེ་བཅང་བར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་དྷེ་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། །།


previousཛམ་བྷ་ལྷའི་སྒྲུབ་རྟེན་བཅའ་ཐབས།next