Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  expand section
  expand section
  expand section
   
  collapse section
   
   
   
ཛམ་ལྷའི་ཆུ་སྦྱིན་གཏོང་ཐབས།
   
   
   
   
   
   
   
   
   


 
previousཛམ་ལྷའི་ཆུ་སྦྱིན་གཏོང་ཐབས།next

ཛམ་ལྷའི་ཆུ་སྦྱིན་གཏོང་ཐབས།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ ཛམ་ལྷའི་ཆུ་སྦྱིན་གཏོང་ཐབས་བཞུགས༔ དཔལ་ཆེན་པོ་ལ་ཕྱག་འཚལ་ལོ༔ ཆོས་ལྟར་སྤྱོད་པའི་རྣལ་འབྱོར་པ་ལོངས་སྤྱོད་ཀྱིས་དབུལ་ན༔ ཟངས་ཀྱི་སྣོད་དུ་ཛམ་བྷ་ལ་དམར་པོ་གཞུང་ལྟར་བསྐྱེད༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་བསྒོམ༔ ཛམ་བྷ་ལའི་ལྟོ་བར་ནོར་བུ་དབང་གི་རྒྱལ་པོ་གཟི་བརྗིད་རབ་ཏུ་རྒྱས་པས༔ འོད་ཟེར་གྱི་མེ་ལྕེ་དམར་པོ་བུ་ག་ཐམས་ཅད་ནས་ཉུག་ཉུག་ཏུ་འབར་ཚེ༔ བྱིན་གྱིས་བརླབས་པའི་ཆུ་གཙང་ཕུལ་བས༔ སྐོམ་པའི་གདུང་བ་རབ་ཏུ་བསལ༔ ཐུགས་རྒྱུད་དགྱེས་ཏེ་ཐུགས་རིན་པོ་ཆེའི་དཔལ་བེའུ་ཟུར་བརྒྱད་པ་སྒོ་ཕྱེ་ནས་རིན་ཆེན་འབྲུ་ནོར་ལོངས་སྤྱོད་འདོད་དགུའི་ཆར་ཆེན་པོས༔ རང་གི་འདོད་པ་ཐམས་ཅད་ཡོངས་སུ་ཚིམ་པའི་དངོས་གྲུབ་ཐོབ་པར་བསྒོམ་ཞིང་༔ ཨཱོཾ་ཛམ་བྷ་ལ་ཧྲཱིཿད་ཡ་ཧཱུྃ་ཧཱུྃ་སྭཱ་ཧཱ༔ ཅེས་བརྗོད་བརྒྱ་རྩ་བརྒྱད་ཀྱིས་ཆུ་གཙང་དབུལ༔ ཡེ་ཤེས་པ་གཤེགས་དམ་ཚིག་པ་རང་ལ་བསྡུ༔ བསྔོ་སྨོན་གདབ༔ ཆུ་སྦྱིན་ལྕེ་ལ་མཐེབ་སྲིན་གྱིས་རེག་ཅིང་ཕྱོགས་བཞིར་གཏོར༔ ཡང་ན་འབབ་ཆུའི་ནང་དུ་སྐྱིལ༔ འདི་ལ་མ་ཆག་བརྩོན་གྱུར་ན༔ ཐུན་མོང་དངོས་གྲུབ་སྤྲིན་བཞིན་འདུ༔ ཁྱད་པར་ཟས་སྐོམ་འདུ་བ་རྒྱས༔ ཁམས་རྒྱས་སྟོབས་འཕེལ་རྒས་སྲ་ཞིང་༔ ཕ་རོལ་སྐྱེ་འགྲོ་ཤུགས་ཀྱིས་འདུ༔ བསོད་ནམས་རྒྱས་དུས་མཆོད་སྦྱིན་འབུངས༔ ཕྱི་མའང་བྱང་ཆུབ་མངོན་དུ་བྱེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་དྷེ་ཉི་མ་གྲགས་པས་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའོ། །མངྒ་ལཾ།། །།


previousཛམ་ལྷའི་ཆུ་སྦྱིན་གཏོང་ཐབས།next