Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  expand section
  expand section
  expand section
   
  collapse section
   
   
   
   
ཛམ་དམར་གྱི་ལས་བྱང་ཁ་སྐོང་།
   
   
   
   
   
   
   
   


 
previousཛམ་དམར་གྱི་ལས་བྱང་ཁ་སྐོང་།next

ཛམ་དམར་གྱི་ལས་བྱང་ཁ་སྐོང་།

བླ་མ་བདེ་མཆོག་འཁོར་ལོའི་ཆ་ལག་ལས་བྱུང་བ་ཛམ་དམར་གྱི་ལས་བྱང་ཁ་སྐོང་བཞུགས། མགོན་པོ་ཛམ་བྷ་ལ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཅིང་དངོས་གྲུབ་རྣམ་གཉིས་སྩལ་དུ་གསོལ་ལོ། །ལྷག་པའི་ལྷ་འདིའི་སྒྲུབ་པ་ལ་འཇུག་ཚེ་བསྙེན་སྒྲུབ་ཀྱི་ཁ་སྐོང་ལས་ཀྱི་བྱང་བུའི་རིམ་པ་ནི། སྒྲུབ་རྫས་སྟ་གོན་མཐོང་བརྒྱུད་བཞིན་བྱ་ཞིང་། བཀའ་བསྒོ་མཚམས་གཅོད་སྐྱབས་སེམས་མཆོད་རྫས་བྱིན་བརླབས་ལས། དང་པོ་བཀའ་བསྒོ་བ་ནི། རང་ཉིད་རྟ་མགྲིན་དམར་པོར་བསྒོམ་ཞིང་། ཧཱུྃ། ང་ནི་དབང་ཆེན་ཁྲོ་བོའི་རྒྱལ། །དབང་གི་དཀྱིལ་འཁོར་ཆེན་པོ་འདིར། །འདུ་བའི་རིགས་རྣམས་མ་གཏོགས་པ། །དམ་མེད་བསེ་རག་བྲེལ་ཕོངས་ཚོགས། །ཆངས་བུའི་གཏོར་མ་འདི་ཁྱེར་ལ། །སྐད་ཅིག་ཉིད་ལ་ཕྱིར་དེངས་ཤིག །ཨཱོཾ་ཧྱ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨཱོཾ་སུམ་བྷ་ནི་སོགས། མཚམས་གཅོད་པ་ནི། ཧཱུྃ། དབང་ཆེན་ཁྲོ་བོའི་ཐུགས་ཀ་ནས། །ཡེ་ཤེས་ལྔ་ཡི་རོལ་པ་ལས། །དཀར་སེར་དམར་ལྗང་མཐིང་གའི་གུར། །རིམ་ལྔ་མེ་དཔུང་ཁྲོ་བོས་གཏམས། །འབྱུང་པོའི་ཚོགས་རྣམས་མ་འདའ་ཞིག །བྷྲཱུྃ་བཛྲ་རཀྵ་རཀྵ་ཡེ་སྭཱ་ཧཱཿ སྐྱབས་སུ་འགྲོ་བ་ནི། ཧཱུྃ། ས་བརྒྱད་གནོད་སྦྱིན་དབང་གི་རྗེ། ཛམ་ལྷ་ཡབ་ཡུམ་སྲས་གསུམ་ལ། །དེང་ནས་བཟུང་སྟེ་བྱང་ཆུབ་བར། །གུས་པ་ཆེན་པོས་སྐྱབས་སུ་མཆི། །སེམས་བསྐྱེད་པ་ནི། ཧཱུྃ། སངས་རྒྱས་བསྟན་དང་འགྲོ་བའི་དོན༔ བྱང་ཆུབ་དམ་པར་སེམས་བསྐྱེད་དེ༔ དབང་མཛད་ལྷ་ཡི་ཏིང་འཛིན་གྱིས༔ འགྲོ་བ་སྒྲོལ་བར་དམ་བཅའ་འོ༔ མཆོད་པ་བྱིན་བརླབ་ནི༔ ཧཱུྃ། དབང་ཆེན་ཁྲོ་བོའི་ཐུགས་ཀ་ནས༔ འོད་ཟེར་འཕྲོས་པའི་ཆོ་འཕྲུལ་གྱིས༔ མཆོད་པའི་མ་དག་འབགས་བཙོག་ཚོགས་སྦྱངས༔ འདོད་ཡོན་མཆོད་སྤྲིན་བདུད་རྩིར་བསྒྱུར༔ ཨཱོཾ་ཨཱཿཧཱུྃ་སརྦ་ཛྙཱ་ན་པཱུ་ཙ་ས་མ་ཡེ་སྭཱ་ཧཱ༔ གཉིས་པ་དངོས་གཞིའི་ལས་རིམ་བདུན་ལས། གཞལ་ཡས་ལྷ་བསྐྱེད་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་མཆོད་འབུལ་བསྟོད་པའོ། །དང་པོ་གཞལ་ཡས་ལྷ་བསྐྱེད་ནི། ཧཱུྃ། གཟུགས་སྣང་སྟོང་པའི་ངང་ཉིད་ལས༔ དབང་གི་ཕོ་བྲང་འོད་དམར་ཀློང་༔ ཉི་ཟླ་པདྨའི་གདན་སྟེང་དུ༔ ཛཾ་ཧྲཱིཿདཱི་གསུམ་ས་བོན་ལས༔ འོད་འཕྲོས་འཕགས་མཆོད་ལས་སྒྲིབ་སྦྱངས༔ དབང་གི་ལྷ་ཚོགས་བྱིན་རླབས་བསྡུས༔ ཐུགས་སྲོག་ཡིག་འབྲུ་གསུམ་ལ་ཐིམ༔ སྐད་ཅིག་གནས་གྱུར་དྲན་རྫོགས་སུ༔ འབྲུག་དམར་གློག་དམར་འཁྱུག་འདྲའི་སྟེང་༔ འཕགས་མཆོག་མགོན་པོ་ཛམ་ལྷ་དམར༔ ཞལ་གཅིག་འཛུམ་མདངས་སྐུ་ལུས་སྒེག༔ ཕྱག་གཡས་ནོར་བུ་དབང་རྒྱལ་བསྣམས༔ ཐུགས་ཀར་གཏོད་པའི་ཚུལ་གྱིས་འཛིན༔ ཕྱག་གཡོན་ནེའུ་ལེ་སྐུ་རྐེད་བསྟེན༔ གཡས་བསྐུམ་གཡོན་བརྐྱངས་དོར་སྟབས་བགྱིང་༔ སྤྱན་གསུམ་སྨ་ར་སྨིན་མ་སེར༔ དབུ་སྐྲ་ཐོར་ཅོག་རྒྱན་གྱིས་བརྒྱན༔ སྣ་ཚོགས་རྒྱན་སྤྲས་དར་དཔྱངས་འཕྱོ༔ འོད་དམར་འཁྱིལ་བའི་ཀློང་དུ་བསྒོམ༔ དཱི་ལས་གཡས་སུ་ནོར་བདག་ནི༔ མི་དམར་ལྕགས་ཀྱུ་བུམ་པ་ཅན༔ ཞེ་སྡང་འབར་བའི་ཕོ་མཚན་བསྒྲེངས༔ སྨ་ར་སྨིན་མ་རལ་པ་གཟེངས༔ ཞབས་གཉིས་གར་སྟབས་འགྱིང་བག་ལྡན༔ གཡོན་དུ་ཧྲཱིཿལས་ལྷ་མོ་དམར༔ ཕྱག་གཡས་ཟངས་ཀྱི་གྲི་གུག་དམར༔ ཕྱག་གཡོན་དབང་གི་ཞགས་པ་བསྣམས༔ རིན་ཆེན་རྒྱན་ལྡན་གར་སྟབས་ཅན༔ རལ་པའི་ཅོད་པན་སིལ་བུར་འཕྱོ༔ གཟི་མདངས་འོད་དང་ལྡན་པར་བསྐྱེད༔ བདག་མདུན་གནས་གསུམ་འོད་ཟེར་གྱིས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གྱུར༔ སྤྱན་འདྲེན་པ་ནི༔ ཧཱུྃ། རི་བོ་ཆེན་པོའི་བྱང་གི་ཕྱོགས། །གནོད་སྦྱིན་དབང་གི་ཕོ་བྲང་ནས། ཛམ་ལྷ་དམར་པོ་གཤེགས་སུ་གསོལ། །ནོར་བདག་དམར་པོ་གཤེགས་སུ་གསོལ། །ཡུམ་མཆོག་ལྷ་མོ་གཤེགས་སུ་གསོལ། །ནོར་ལྷ་རྒྱ་མཚོ་གཤེགས་སུ་གསོལ། །ཡེ་ཤེས་འཇིག་རྟེན་ཐམས་ཅད་ནས། །དབང་གི་ལྷ་ཚོགས་གཤེགས་སུ་གསོལ། །གདུང་བའི་ཡིད་ཀྱིས་སྤྱན་འདྲེན་ན། །ཐུགས་རྗེའི་ཤུགས་ཀྱིས་གཤེགས་ནས་ཀྱང་། །མོས་པའི་བུ་ལ་དངོས་གྲུབ་སྩོལ། །ཨཱོཾ་ཛམ་བྷ་ལ་ཧྲཱིཿད་ཡ་ཧཱུྃ་ཧཱུྃ༔ བཛྲ་ས་མ་ཡ་ཛཿཛཿ བཞུགས་གསོལ་ནི། ཧཱུྃ། དབང་ཆེན་འབར་བའི་ཕོ་བྲང་འདིར། །ཛམ་ལྷ་ཡབ་ཡུམ་སྲས་གསུམ་བཅས། །འཁོར་འདས་ཀུན་ནས་བྱིན་ཕོབ་ལ། །འདུ་འབྲལ་མེད་པར་བཞུགས་སུ་གསོལ། །ཨཱོཾ་ཛམ་བྷ་ལ་ཧྲཱིཿད་ཡ་ཧཱུྃ་ཧཱུྃ༔ ཏིཥྛ་ལྷན། ཕྱག་ནི། ཧཱུྃ། དབང་མཛད་གནོད་སྦྱིན་ཛམ་ལྷ་དམར། །ཡུམ་མཆོག་ལྷ་མོ་དམར་མོ་དང་༔ ཐུགས་སྤྲུལ་སྲས་མཆོག་དམར་པོ་སྟེ༔ ནོར་ལྷ་རྒྱ་མཚོར་ཕྱག་འཚལ་ལོ། །ཨཱོཾ་ཛམ་བྷ་ལ་ཧྲཱིཿད་ཡ་ཧཱུྃ་ཧཱུྃ༔ ཨ་ལ་ལ་ཧོ༔ མཆོད་པ་ནི། ཧཱུྃ། འཕགས་པ་ཡབ་ཡུམ་སྲས་གསུམ་དང་། །དབང་མཛད་དབང་གི་ལྷ་ཚོགས་ལ། ཕྱི་ནང་གསང་བའི་མཆོད་པའི་ཚོགས༔ གཉིས་སུ་མེད་པར་འབུལ་ལགས་ན༔ དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ། ཨཱོཾ་ཛམ་བྷ་ལ་ཧྲཱིཿདཱ་ཡ་ཧཱུྃ་ཧཱུྃ༔ སརྦ་པཱུ་ཙ་ས་མ་ཡ་ཧོ༔ ཧཱུྃ། རིན་ཆེན་སྣོད་དུ་སྦྱར་བ་ཡི༔ བྷ་ལིང་རྒྱན་ལྡན་ཞལ་ཟས་བཤོས༔ དུམ་གཅིག་བྷན་དྷ་འབར་བ་རུ༔ བདུད་རྩི་སྨན་དང་རཀྟ་དམར༔ ཡབ་ཡུམ་གསང་བའི་མཁའ་ཀློང་དུ༔ ཐབས་ཤེས་དཀར་དམར་བྱང་ཆུབ་སེམས༔ དབང་གི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་དངོས་གྲུབ་སྩལ་དུ་གསོལ༔ ཨཱོཾ་ཛམ་བྷ་ལ་ཧྲཱིཿད་ཡ་ཧཱུྃ་ཧཱུྃ༔ པཉྩ་ཨ་མྲྀ་ཏ་བྷ་ལིངྟ་རཀྟ་བྷོ་དྷི་ཙིཏྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བསྟོད་པ་ནི། ཧཱུྃ། མི་ཟད་རིན་ཆེན་འདོདའབྱུང་གནས། །འབྲུག་དམར་གློག་དམར་འཁྱུག་འདྲའི་སྟེང་། །འགྱིང་བག་ཚུལ་གྱིས་བཞུགས་པའི་ལྷ༔ ཛམ་ལྷ་དམར་པོར་ཕྱག་འཚལ་བསྟོད། །གཡས་སུ་ནོར་བདག་གནོད་སྦྱིན་དམར། །གཡོན་དུ་ཡུམ་མཆོག་ལྷ་མོ་སྟེ། །ཡབ་ཡུམ་སྲས་གསུམ་གཙོ་དང་འཁོར། །ནོར་ལྷ་རྒྱ་མཚོར་ཕྱག་འཚལ་བསྟོད། །ལྟ་སྒོམ་ཉམས་ཆག་འགལ་འཁྲུལ་བཤགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཡིག་བརྒྱ་བཟླ། འཛབ་ནི། ཧཱུྃ༔ བདག་མདུན་བསྒོམ་པའི་ལྷ་གསུམ་གྱི༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང་༔ ཛཾ་ཧྲཱིཿདཱི་གསུམ་ས་བོན་མཐར༔ སྔགས་དང་ཕྲེང་ཐག་ཐབས་ཤེས་འཁོར༔ འོད་འཕྲོས་སངས་རྒྱས་བྱང་སེམས་མཆོད༔ བྱིན་རླབས་བསྡུས་ནས་རང་ལ་ཐིམ༔ ཛམ་ལྷ་ཡུམ་སྲས་གཙོ་འཁོར་གསུམ༔ ནུས་སྟོབས་གཟི་བརྗིད་སྟོང་ཁམས་འཁྲུག༔ འཛམ་གླིང་འཇིག་རྟེན་ཟས་ནོར་དང་༔ བྱང་ཕྱོགས་གནོད་སྦྱིན་ལོངས་སྤྱོད་དཀོར༔ ཐམས་ཅད་ཛམ་ལྷའི་ཟེར་གྱིས་བསྡུས༔ ཕོ་བརྒྱུད་འགྲོ་བ་སྲས་ཀྱིས་བཀུག༔ མོ་བརྒྱུད་སྐྱེ་འགྲོ་ཡུམ་གྱིས་བཀུག༔ འཛམ་གླིང་ཕོ་མོ་ཟས་ནོར་དབང་༔ སྐད་ཅིག་ཉིད་ལ་བསྡུས་ནས་ཀྱང་༔ དབང་བསྡུས་ཟིལ་མནན་བཀའ་ཉན་ཅིང་༔ དངོས་གྲུབ་ཐམས་ཅད་ཐོབ་པར་བསྒོམ༔ མ་ཡེངས་སྙིང་པོའི་འཛབ་ལ་འབད༔ ཨཱོཾ་ཛམ་བྷ་ལ་ཧྲཱིཿད་ཡ་ཧཱུྃ་ཧཱུྃ་སྡུས་སྡུས་སྭཱ་ཧཱ༔ སྒྲུབ་གཞུང་ལྟར་བཟླས་ཤམ་བུའང་སྦྱར། ཐུན་མཚམས་གོང་གི་མཆོད་བསྟོད་བྱ། རྗེས་ཀྱི་རིམ་པ་ནི། ཚོགས་བསང་ཚོགས་མཆོད་ལྷག་མ་བསྔོ། ཐུགས་དམ་བསྐུལ། དངོས་གྲུབ་ཞུ་ཆད་ཐོ་བསྟན་མ་བཀྲ་ཤིས་དང་བསྐྱེད་རིམ་བསྡུ་བའོ། །ཚོགས་བསང་བ་ནི། ཧཱུྃ། འདོད་ཡོན་ཚོགས་ཀྱི་ཞལ་ཟས་རྣམས༔ དབང་མཛད་ལྷ་ཡི་ཏིང་འཛིན་གྱིས༔ བསྲེགས་གཏོར་སྦྱངས་བཀྲུས་བདུད་རྩིར་བསྒྱུར༔ འདོད་ཡོན་མཆོད་སྤྲིན་རྒྱ་མཚོར་འཁྱིལ༔ ཧ་ཧོ་གྷ་ན་པཱུ་ཙ་ཧོ༔ མཆོད་པ་ནི། ཧཱུྃ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འདི༔ འཁོར་འདས་སྟོང་གི་བཅུད་བསྡུས་ཤིང་༔ འབྲུ་བཅུད་སྣ་ཚོགས་རོ་སྦྱར་ནས༔ མཆོད་སྤྲིན་རྒྱ་མཚོར་བསྒྱུར་ཞིང་འབུལ༔ བཞེས་ནས་དངོས་གྲུབ་སྩལ་དུ་གསོལ༔ ཨཱོཾ་ཛམ་བྷ་ལ་ཧྲཱིཿདཱ་ཡ་ཧཱུྃ་ཧཱུྃ་གྷ་ན་པཱུ་ཙ་ས་མ་ཡ་ཁཱ་ཧི་ཁཱ་ཧི༔ ལྷག་མ་ནི༔ ཧཱུྃ༔ དབང་མཛད་དབང་གི་འཕྲིན་ལས་བདག༔ ལྷ་མོ་ཀླུ་མོ་གནོད་སྦྱིན་མོ༔ དྷཀྐི་སྡེ་བཞི་བྲན་གཡོག་འབུམ༔ ལྷག་མའི་གཏོར་མ་འདི་ལོངས་ལ༔ དབང་གི་འཕྲིན་ལས་གྲུབ་པར་མཛོད༔ དྷཀྐི་ནི་ས་མ་ཡ་ཁཱ་ཧི་ཁཱ་ཧི༔ ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་ལྷ་ཆེན་པོ༔ ཛམ་ལྷ་ཡབ་ཡུམ་སྲས་གསུམ་བཅས། །གནོད་སྦྱིན་ནོར་ལྷ་རྒྱ་མཚོ་བཞེངས། །རི་རབ་བྱང་ནས་སྐུ་སྐྱོད་ལ༔ ཁམས་གསུམ་ཐམས་ཅད་དབང་དུ་སྡུས༔ སྲིད་གསུམ་ཐམས་ཅད་ཟིལ་གྱིས་གནོན༔ སྟོང་གསུམ་ཀུན་གྱི་བཅུད་སྡུས་ལ༔ རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ༔ འཛམ་གླིང་ལོ་ཀ་དབང་སྡུས་ལ༔ ཐམས་ཅད་བདག་གི་བྲན་དུ་བཀོལ༔ ཁྱོད་ནི་ཆགས་མཛད་དབང་གི་ལྷ༔ སྔོན་ཚེ་དབང་གི་དངོས་གྲུབ་བརྙེས༔ ད་ལྟ་དབང་གི་འཕྲིན་ལས་མཛད༔ དབང་མཛད་ཐུགས་རྗེའི་ལྕགས་ཀྱུ་ཡིས༔ དམིགས་བྱའི་དཀར་ནག་མཚམས་ནས་བཟུང་༔ རང་དབང་མེད་པར་བཀུག་ནས་ཀྱང་༔ བདག་གི་དབང་དུ་བསྡུ་བར་མཛོད༔ བརྒྱན་པའི་མཆོད་གཏོར་འདི་བཞེས་ལ༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ འོད་དམར་དབང་གི་ཀློང་ཆེན་ནས། ཡེ་ཤེས་འཇིག་རྟེན་དབང་གི་ལྷ༔ མཁའ་འགྲོ་ཆོས་སྐྱོང་སྲུང་མར་བཅས༔ སྐུ་ཡི་གར་བསྒྱུར་སྟོང་གསུམ་ཁྱབ༔ གསུང་གི་ང་རོས་སྲིད་གསུམ་འགེངས༔ ཐུགས་ཀྱིས་འཁོར་འདས་དབང་དུ་སྡུད༔ ཁྱེད་རྣམས་ཡེ་ཤེས་རྩལ་འཆང་ཞིང་༔ ཁྱེད་རྣམས་ཐུགས་རྗེའི་ཤུགས་ཕྱུངས་ལ༔ ལྷ་མི་ཀུན་གྱི་སྙིང་ནས་དྲོངས༔ མགོ་ནག་མི་ཡི་འགྲམ་པ་ཆོག༔ ཕོ་རྒྱུད་རྒྱལ་འབངས་སེམས་འཕྱོར་ཆུག༔ མོ་རྒྱུད་ཆགས་པའི་རྦ་ཀློང་གཡོས༔ རྐང་བཞི་དུད་འགྲོ་དབང་མེད་སྡུས༔ རིན་ཆེན་འབྲུ་ནོར་ཆར་པ་ཕོབ༔ ཟས་གོས་དཔལ་འབྱོར་དངོས་གྲུབ་སྩོལ༔ དངོས་གྲུབ་ཞུ་བ་ནི༔ ཧཱུྃ༔ དབང་ཆེན་དབང་གི་ལྷ་ཚོགས་རྣམས༔ འགྱུར་མེད་སྐུ་ཡི་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྒྲུབ་སྩོལ༔ འགག་མེད་གསུང་གི་དཀྱིལ་འཁོར་ནས༔ ཚངས་དབྱངས་དྲུག་ཅུའི་དངོས་གྲུབ་སྩོལ༔ སྤྲོས་མེད་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཕྱག་རྒྱ་དགའ་བཞིའི་དངོས་གྲུབ་སྩོལ༔ ཡོན་ཏན་རེ་སྐོང་དཀྱིལ་འཁོར་ནས༔ ཁམས་གསུམ་དབང་བསྡུད་དངོས་གྲུབ་སྩོལ༔ ཕྲིན་ལས་འགྲོ་འདུལ་དཀྱིལ་འཁོར་ནས༔ སྲིད་གསུམ་ཟིལ་གནོན་དངོས་གྲུབ་སྩོལ༔ རིན་ཆེན་རྣམ་ལྔའི་དངོས་གྲུབ་སྩོལ། །བང་མཛོད་འབྲུ་ཡི་དངོས་གྲུབ་སྩོལ། །ལྷབ་ལྷུབ་གོས་ཀྱི་དངོས་གྲུབ་སྩོལ། དར་ཟབ་སྣ་ཚོགས་དངོས་གྲུབ་སྩོལ། རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ། འཕེན་པོ་མི་ཡི་དངོས་གྲུབ་སྩོལ། རྐང་བཞི་དུད་འགྲོའི་དངོས་གྲུབ་སྩོལ། བརྒྱུད་འཛིན་རིགས་ཀྱི་དངོས་གྲུབ་སྩོལ། ཁྱེའུ་སྲིད་ཀྱི་དངོས་གྲུབ་སྩོལ། ཡུལ་ཞིང་དཔལ་འབྱོར་དངོས་གྲུབ་སྩོལ། སྙན་གྲགས་གདུལ་བྱའི་དངོས་གྲུབ་སྩོལ། ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ༔ མཆོག་དང་ཐུན་མོང་ཟད་མེད་གཏེར༔ དངོས་གྲུབ་མ་ལུས་བདག་ལ་སྩོལ༔ ཨཱོཾ་ཛམ་བྷ་ལ་ཧྲཱིཿདཱ་ཡ་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཆད་ཐོ་ནི། ཧཱུྃ༔ སྔོན་ཚེ་སྐུ་གསུམ་སྟོན་པ་དང་། །རྒྱལ་བ་ཤཱཀ་ཐུབ་པད་འབྱུང་གིས། །བཀའ་དང་དམ་ལ་བཞག་པ་ཡི། །ཕྱི་རྒྱུད་འཇིག་རྟེན་སྐྱོང་རྣམས་དང་། །ཁྱད་པར་གནོད་སྦྱིན་བཀའ་འཁོར་སྐྱོང་། །རྒྱན་གྱི་མཆོད་གཏོར་འདི་བཞེས་ལ། །རྣམ་བཞིའི་འཕྲིན་ལས་བསྒྲུབ་པ་དང་། །དཔལ་འབྱོར་ཕུན་ཚོགས་དངོས་གྲུབ་སྩོལ༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །བསྟན་མ་ནི། ཧཱུྃ༔ ལྷ་མོ་ཀླུ་མོ་གནོད་སྦྱིན་མོ༔ བདུད་མོ་ལ་སོགས་སྨན་མོ་འབུམ༔ བཤལ་ཆུའི་གཏོར་མ་འདི་བཞེས་ལ༔ སྔོན་ཚེ་དབང་ཆེན་བཀའ་ལུང་བཞིན༔ དམ་བཅས་དགོངས་ལ་འཕྲིན་ལས་མཛོད༔ དྷཀྐི་རཀྨོ་མ་མ་བྷ་ལིངྟ་ཁཱ་ཧི་ཁཱ་ཧི༔ བཀྲ་ཤིས་ནི། ཧཱུྃ༔ འོད་དམར་དབང་གི་ཕོ་བྲང་ནས། །ཛམ་ལྷ་ཡབ་ཡུམ་སྲས་གསུམ་དང་། །རྩ་གསུམ་ཆོས་སྐྱོང་སྲུང་མར་བཅས། །དཀྱིལ་འཁོར་ལྷ་ཚོགས་བཀྲ་ཤིས་ཤོག །བསྡུ་ཆོག་ནི། ཧཱུྃ༔ ལྷ་ཚོགས་སྣང་སྟོང་ཆོས་ཀྱི་སྐུ༔ མ་འགགས་རོལ་པ་རང་སར་གྲོལ༔ གཟུང་འཛིན་ཡོངས་གྲོལ་ཨ་ལ་ལ༔ གཤེགས་བཞུད་མེད་པར་དབྱིངས་སུ་མུ༔ ཞེས་དང་། བསྔོ་སྨོན་གྱིས་རྒྱས་གདབ། བསྙེན་སྒྲུབ་མཆོད་བསྟོད་དམ་ཚིག་གཞུང་ལྟར་བསྲུང་། ཞེས་པ་འདི་ཡང་ཉམས་སུ་ལེན་པར་འདོད་པ་རྣམས་ལ་མཁོ་བར་སེམས་ཏེ། ཛམ་ལྷ་རང་གཞུང་ལ་ལྷ་ཆེན་གྱིས་ཁ་བསབ་མེད་དུ་མི་རུང་བ་ཅུང་ཟད་ཀྱིས་ཟུར་བརྒྱན་ཏེ་ཁམས་པ་ཉི་མ་གྲགས་པས་བྲིས། གཏེར་ཚག་མེད་པ་རྣམས་ཁ་སྐོང་གི་ཟུར་རྒྱན་ཡིན། རྒྱུན་ལྡན་ཉམས་ལེན་རྒྱ་ཚོས་ཀྱིས་བྱུག་པ་འདོན་བྱ་ཡིན་པས་ངེས་པར་མཛོད། །མངྒཱ་ལཾ།། །།


previousཛམ་དམར་གྱི་ལས་བྱང་ཁ་སྐོང་།next