Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  expand section
  expand section
  expand section
   
  collapse section
   
   
   
   
   
   
ཛམ་བྷ་ལའི་ཆུ་སྦྱིན་ཟུར་གསལ།
   
   
   
   
   
   


 
previousཛམ་བྷ་ལའི་ཆུ་སྦྱིན་ཟུར་གསལ།next

ཛམ་བྷ་ལའི་ཆུ་སྦྱིན་ཟུར་གསལ།

ཛམ་བྷ་ལའི་ཆུ་སྦྱིན་ཟུར་གསལ་སྒོམ་སྡེ་པས་སྦྱར་བ་བཞུགས། ཛམ་ལའི་ཆུ་སྦྱིན་གཏོང་བར་འདོད་པས། ཟངས་གཞོང་རྣམས་སུ་ཆུ་བླུགས་སྦྲན་ཏེ། ཨཱོཾ་ཨཱཿཧཱུྃ། གསུམ། ཧཱུྃ། བདག་གཞན་དབུལ་བ་རྒྱུན་གཅོད་ཕྱིར། །ཛམ་བྷ་ལྷ་ལ་སྐྱབས་སུ་མཆི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །མདུན་དུ་ཛམ་ལྷ་སྐུ་མདོག་དམར། །ཞལ་གཅིག་ཕྱག་གཉིས་སྐུ་ལུས་སྒེག༔ ཕྱག་གཡས་ནོར་བུ་དབང་རྒྱལ་བསྣམས༔ ཐུགས་ཀར་གཏོད་པའི་ཚུལ་གྱིས་འཛིན། །ཕྱག་གཡོན་ནེའུ་ལེ་སྐུ་རྐེད་བརྟེན། །གཡས་བསྐུམས་གཡོན་བརྐྱང་དོར་སྟབས་འགྱིངས། །སྤྱན་གསུམ་སྨ་ར་སྨིན་མ་སེར། །དབུ་སྐྲ་ཐོར་ཅོག་རྒྱན་གྱིས་བརྒྱན། །སྣ་ཚོགས་རྒྱན་ལྡན་དར་དཔྱངས་འཕྱོ། །འོད་དམར་འཁྱིལ་བའི་ཀློང་དུ་བསྒོམ། །གཞན་ཡང་ནོར་ལྷ་རྒྱ་མཚོའི་ཚོགས། །དཔག་ཏུ་མེད་པས་བསྐོར་བར་བསྒོམ། །དམ་ཚིག་ཡེ་ཤེས་གཉིས་མེད་གསལ། །ཐུགས་ཀའི་ནོར་བུ་དབང་རྒྱལ་ལས། །འོད་ཟེར་མེ་ལྕེ་དམར་པོར་འབར། །བྱིན་གྱིས་བརླབས་པའི་ཆུ་ཕུལ་བས། །སྐོམ་པའི་གདུང་བ་ཡོངས་སུ་ཚིམ། །འདོད་པའི་དངོས་གྲུབ་ཀུན་ཐོབ་གྱུར། ཅེས་བརྗོད་ཅིང་། ཨཱོཾ་ཛམ་བྷ་ལ་ཧྲཱིཿད་ཡ་ཧཱུྃ་ཧཱུྃ་སྭཱ་ཧཱ༔ བརྒྱ་རྩ་བརྒྱད་ཀྱིས་ཆུ་གཙང་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ། ནོར་གྱི་དབང་ཕྱུག་ཛམ་བྷ་ལྷ། །དབུལ་བ་སེལ་བའི་ཀུ་ལེ་ཡུམ། །གནོད་སྦྱིན་ནོར་ལྷའི་ཚོགས་རྣམས་ལ། །མཆོད་པ་དམ་པ་འདི་འབུལ་བཞེས། །འཛམ་གླིང་ཟས་ནོར་དཔལ་འབྱོར་དབང་། །ཁ་རྗེ་དབང་ཐང་ཚེ་བསོད་སྟོབས། །སྙན་གྲགས་གཟི་བརྗིད་བསྡུ་བ་བཞི། ཐམས་ཅད་དབང་བསྡུས་བདག་ལ་སྩོལ། ཨཱོཾ་ཛམ་བྷ་ལ་ཧྲཱིཿད་ཡ་ཧཱུྃ་ཧཱུྃ་སྭཱ་ཧཱ༔ སརྦ་སིདྡྷི་ཕ་ལ་ཧཱུྃ། ཅེས་བརྗོད་ཡེ་ཤེས་པ་གཤེགས། །དམ་ཚིག་པ་བསྡུ། ཆུ་སྦྱིན་ལས་མཐེབ་སྲིན་གྱིས་ལྕེ་ལ་རེག་ཅིང་ཕྱོགས་བཞིར་གཏོར། ཧཱུྃ། འདོད་ཡོན་ལོངས་སྤྱོད་བསོད་ནམས་དཔལ། །དངོས་གྲུབ་ཟད་མེད་ཆུ་བོའི་རྒྱུན། །ཡིད་བཞིན་རེ་བ་སྐོང་མཛད་པའི། །བཀྲ་ཤིས་དེང་ཀྱང་དངོས་གྲུབ་སྩོལ། །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། །སྙན་གྲགས་ནམ་མཁའ་ལྟ་བུར་ཁྱབ་པ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སོགས་བསྔོ་སྨོན་ཅི་ཤེས་པ་བྱའོ། །ཅེས་པ་འདི་འཇང་པ་གྲུབ་ཆེན་ཆོས་འཛིན་པས་བསྐུལ་ངོར་རིག་འཛིན་རྣམ་རྒྱལ་གྱིས་སྦྱར་བ་དགེ་ལེགས་འཕེལ། །མངྒ་ལཾ།། །།


previousཛམ་བྷ་ལའི་ཆུ་སྦྱིན་ཟུར་གསལ།next