Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  expand section
  expand section
  expand section
   
  collapse section
   
   
   
   
   
   
   
   
   
   
ཛམ་དམར་དབང་ཆོག་བློ་གསལ་ཡིད་འཕྲོག
   
   


 
previousཛམ་དམར་དབང་ཆོག་བློ་གསལ་ཡིད་འཕྲོགnext

ཛམ་དམར་དབང་ཆོག་བློ་གསལ་ཡིད་འཕྲོག

ཛམ་དམར་དབང་བསྐུར་བྱ་ཚུལ་ལ་ཉེར་འཁོའི་ཟུར་འདེབས་ལྷན་ཐབས་སུ་སྦྱར་བ་བློ་གསལ་ཡིད་འཕྲོག་ཞེས་པ་ཡོད། ཨཱོཾ་སྭ་སྟི་སིདྡྷཾ། དྲན་པ་ཙམ་གྱིས་སྲིད་ཞིའི་དབུལ་བ་ལས། །ངེས་པར་སྐྱོབས་པའི་ཚད་མེད་ཐུགས་རྗེ་དང་། །དངོས་གྲུབ་འདོད་པ་འཇོ་བའི་འཕྲིན་ལས་ཅན། །བླ་མ་ཡིད་བཞིན་ནོར་བུར་གུས་བཏུད་ནས། །རྨུགས་འཛིན་དབང་གི་རྒྱལ་པོའི་བསྒོམ་བཟླས་ཀྱི། །དངོས་གྲུབ་བསྒྲུབ་ལ་བྱིན་རླབས་འབྱུང་བའི་སྒོ། །བརྒྱུད་ལྡན་ཞལ་གྱི་བདུད་རྩིས་ཡོངས་གང་བའི། །དབང་ཆོག་འདོད་པ་འཇོ་བའི་བུམ་བཟང་བྱ། །འདིར་འཕགས་པ་ཛམ་བྷ་ལ་དམར་པོའི་དབང་བསྐུར་ཇི་ལྟར་བྱ་བའི་ཚུལ་རྗེ་གཏེར་ཆེན་ཉིད་ཀྱིས་སྩལ་བ་ལ་ཉེ་བར་འཁོ་བ་འགའ་ཞིག་འདིར་ལྷན་ཐབས་སུ་སྡེབས་ནས་བཀླག་ཆོག་ཏུ་བསྒྲིག་པར་བྱ་སྟེ། དེ་ཡང་སྔོན་འགྲོ་དངོས་གཞི་རྗེས་ཀྱི་ཆིངས་གསུམ་དུ་བསྡུས་ཏེ་བསྟན་པར་བྱའོ། །དང་པོ་ནི། །གང་དུ་བྱ་བའི་གཞི་དེར་སྟེགས་བུ་ཁེབས་དམར་པོ་དང་ལྡན་པའི་སྟེང་དུ་འབྲུ་སྣ་ཚོགས་རྒྱ་སྐྱེགས་ཀྱིས་མདོག་བསྒྱུར་བ་ནོར་བུ་སུམ་སྒྲོམ་ཀྱི་དབྱིབས་སུ་བཀོད་པའི་སྟེང་མཉྫིའི་ཁར་ཟངས་བུམ་བཅུད་ལྡན་མགུལ་ཆིངས་དམར་ཁ་རྒྱན་གཟུངས་རྡོར་དང་བཅས་པ་འགོད། དབུས་སུ་བྱི་རུའམ་པདྨ་རཱ་ག་སོགས་རིན་པོ་ཆེའི་དབང་ཕྲེང་ལས་མཐུན་མདོག་ཅན། གཡོན་དུ་སྒྲུབ་རྟེན་ནམ་ཙཀ་ལི། རྒྱབ་ཏུ་སྒྲུབ་ཡིག །མདུན་དུ་གཏོར་མ་རིན་ཆེན་འབར་བ། མཐའ་སྐོར་དུ་མཆོད་པ་རྣམ་ལྔ་མདོག་ཁ་བསྒྱུར་བ་དང་གཞན་ཡང་སློབ་དཔོན་མདུན་དུ་ཌཱ་དྲིལ། ནས་ཟེ། སྤོས་ཐུན་སྣོད། ལས་བུམ། བགེགས་གཏོར། །མཎྜལ་སོགས་ཚོགས་པར་བྱས་ལ། ལས་གཞུང་བསྲང་། འཛབ་བསྙེན་ནུས་ལྡན་དུ་བྱ། བདག་འཇུག་བླངས། བཀའ་གཏེར་མཆོད། ཚོགས་མཆོད་ཡན་སོང་ནས། ལས་བུམ་བསངས། །སྟོང་པའི་ངང་ལས་བུམ་པ་ནི། །རིན་པོ་ཆེ་ཡི་གཞལ་ཡས་ཁང་། །མཚན་ཉིད་རྫོགས་པའི་ནང་ཉིད་དུ། །དབང་གི་ཁྲོ་བོ་རྟ་མཆོག་དཔལ། །དམར་པོ་རྡོར་དྲིལ་ཡུམ་ལ་འཁྱུད། །རྟ་མགོས་མཚན་ཞིང་ཁྲོ་ཆས་རྫོགས། །སྐུ་ལས་སྤྲུལ་པའི་ཁྲོ་ཆུང་གིས། །གདོན་བགེགས་བཅོམ་ནས་བུམ་པའི་ཆུར། །ཐིམ་ནས་བུམ་ཆུ་ནུས་ལྡན་གྱུར། །ཨཱོཾབཛྲ་ཀྲོ་ཏ་ཧྱ་གྷྲཱི་ཝ་ཧཱུྃ་ཕཊ༔ གང་མང་བཟླས་རྗེས། ཁྲོ་བོ་ཞུ་ནས་བུམ་ཆུར་འདྲེས། །ལས་ཀུན་བསྒྲུབ་པའི་བདུད་རྩིར་གྱུར། །ཞེས་བསྐྱེད་བཟླས་གྲུབ་ནས། སློབ་མ་རྣམས་ཁྲུས་བྱས། གྲལ་དུ་འཁོད། བགེགས་བསྐྲད། བསྲུང་འཁོར་བསྒོམ། སློབ་དཔོན་གྱིས་ཉན་པར་བསྐུལ་ཞིང་། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕངས་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་འཕགས་པ་ཛམ་བྷ་ལ་དམར་པོའི་དབང་བསྐུར་བ་གསན་ནས་ཚུལ་བཞིན་དུ་ཉམས་སུ་བླངས་ནས་རང་དང་གཞན་གྱིདོན་རྒྱ་ཆེན་པོ་བགྱིའོ་སྙམས་པའི་ཐུགས་བསྐྱེད་ལེགས་པར་གསལ་བཏབ་ནས་གསན་པར་ཞུ། དེ་ཡང་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོས་སྔགས་ཀྱི་རྒྱུད་སྡེ་རྣམས་སུ་ལྷག་པའི་ལྷ་རབ་འབྱམས་ཇི་སྙེད་ཅིག་སྩལ་བ་ཐམས་ཅད་ཀྱང་མཆོག་ཐུན་གྱི་དངོས་གྲུབ་སྒྲུབ་པའི་ཐབས་ཁྱད་པར་ཅན་ཁོ་ན་ལས། ལྷག་པར་ཐུན་མོང་དུ་ནོར་སྒྲུབ་ཀྱི་རིགས་མང་དུ་སྩལ་བ་ཀུན་གྱི་ནང་ནས་ནོར་ལྷའི་གཙོ་བོ་ནི་འཕགས་པ་ཛམ་བྷ་ལ་ཉིད་ཡིན་ཏེ། དེའི་སྒྲུབ་ཐབས་གསར་རྙིང་གི་རྒྱུད་དང་མན་ངག་རྣམས་ལས་མང་དུ་འབྱུང་མོད། འོན་ཀྱང་ངོ་བོའི་སྒོ་ནས་དབྱེར་མེད་ཀྱང་རྣམ་པ་རིགས་དང་ཁ་དོག་གིས་དབྱེ་བའི་ཁྱད་པར་མི་འདྲ་བ་མང་དུ་ཡོད་པ་ལས། འདིར་ཛམ་བྷ་ལ་དམར་པོ་སྟེ། དེ་ཡང་དོན་དམ་པར་རྒྱལ་བ་ཀུན་གྱི་གསུང་རྡོ་རྗེའི་རང་བཞིན་ལས་རྣམ་པ་གནོད་སྦྱིན་རྒྱལ་པོའི་ཚུལ་དུ་སྤྲུལ་ནས་འགྲོ་བ་རྣམས་གནས་སྐབས་དབུལ་བའི་གདུང་བ་ལས་སྐྱོབས་ཤིང་མཐར་ཐུག་ཕན་བདེའི་དངོས་པོ་མཐའ་དག་བདེ་བླག་ཏུ་སྩོལ་བའི་ནོར་ལྷའི་གཙོ་བོར་སྐུར་བཞེངས་པ་སྟེ། དགེ་བཤེས་དབང་ཕྱུག་འབར་གྱི་གཏེར་མའི་ཛམ་དམར་ལས། རྒྱལ་བ་ཀུན་གྱི་གསུང་ལས་ལེགས་སྤྲུལ་ཞིང་༔ ཐུགས་རྗེ་ཆགས་པས་སྐུ་མདོག་དམར་པོར་བཞུགས༔ དབང་གི་ཕྲིན་ལས་རྫོགས་མཛད་ཛམ་བྷ་ལ༔ ཞེས་གསུངས་སོ། །དེ་ཡང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་རྩོད་དུས་ཀྱི་གདུལ་བྱ་རྣམས་ལ་ཉེ་བར་བརྩེ་བས་དགོངས་ཏེ་སྒྲུབ་ཐབས་ཀྱི་རིགས་མི་འདྲ་བ་མང་དུ་མཛད་ནས་གཏེར་ཁ་མང་པོར་གཏེར་དུ་སྦས་པ་དག་སྤྲུལ་པའི་གཏེར་སྟོན་དག་གིས་རིམ་པར་སྤྱན་དྲངས་ནས་སྤེལ་བའི་གདམས་ཟབ་ཤིན་ཏུ་མང་བ་གཏེར་ཁ་སོ་སོ་ནས་འབྱུང་བ་ལས། འདི་ནི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གར་དབང་འགྲོ་འདུལ་གླིང་པའམ་རིག་འཛིན་ཉི་མ་གྲགས་པ་རྩལ་ཞེས་མཚན་ཡོངས་སུ་གྲགས་པའི་སྤྲུལ་པའི་གཏེར་སྟོན་དེ་ཉིད་ཀྱིས་གངས་རིའི་རྒྱལ་པོ་ཏེ་སེ་ནས་གདན་དྲངས་པའི་ཛམ་བྷ་ལ་དམར་པོའི་སྒྲུབ་ཐབས་བླ་མ་བདེ་མཆོག་དབང་གི་འཁོར་ལོའི་ཆ་ལག་ལས་བྱུང་བ་སྟེ། འདི་ཉིད་ཀྱི་སྒྲུབ་ཐབས་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ ཆོས་བྱེད་དབུལ་བ་སེལ་བའི་ཕྱིར༔ བདེ་མཆོག་དབང་གི་ཆོས་སྐོར་དུ༔ ཛམ་དམར་ནོར་སྒྲུབ་གདམས་པ་སྟོན༔ ཞེས་དང་། ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ ཆོས་བྱེད་དབུལ་བ་བསལ་བའི་ཕྱིར༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ གངས་རིའི་རྒྱལ་པོ་ཏེ་སེ་ལ༔ རྒྱ་ཡིས་བཏབ་ནས་གཏེར་དུ་སྦས༔ ཕྱི་རབས་འབྱུང་འགྱུར་ལུང་དུ་བསྟན༔ རྡོ་རྗེ་ལེགས་བས་བཀའ་འདི་སྲུངས༔ ལྷ་བཙན་ཆེན་པོས་གཏེར་འདི་འཚོས༔ ལས་འཕྲོའི་བུ་དང་འཕྲད་པར་ཤོག༔ ཞེས་གསུངས་པ་ལྟར་ཟབ་ཅིང་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་གཞན་ལས་ཆེས་ཆེར་མཆོག་ཏུ་འཕགས་པ་གནས་སྐབས་དང་མཐར་ཐུག་གི་དོན་མ་ལུས་པ་འབད་པ་མེད་པར་སྩོལ་ནུས་པ་ཞིག་སྟེ། འཛམ་གླིང་ཟས་ནོར་ལོངས་སྤྱོད་འདུ༔ འཁོར་ལོས་བསྒྱུར་རྒྱལ་དང་མཚུངས་ཤིང་༔ ཕྱི་མ་དབང་བསྒྱུར་རྒྱལ་པོར་སྐྱེ༔ འདི་ནས་བྱང་ཆུབ་མ་ཐོབ་བར༔ དབུལ་བའི་སྡུག་བསྔལ་རྒྱུན་གཅོད་བྱེད༔ ཅེས་དང་། ཐུན་མོང་དངོས་གྲུབ་སྤྲིན་ལྟར་འདུ༔ ཁྱད་པར་ཟས་སྐོམ་འདུ་བ་རྒྱས༔ ཁམས་རྒྱས་སྟོབས་འཕེལ་རྒས་སྲ་ཞིང་༔ ཕ་རོལ་སྐྱེ་འགྲོ་ཤུགས་ཀྱིས་འདུ༔ བསོད་ནམས་རྒྱས་དུས་མཆོད་སྦྱིན་འབུངས༔ ཕྱི་མའང་བྱང་ཆུབ་མངོན་དུ་བྱེད༔ ཅེས་གསུངས་པར་མ་ཟད་གཏེར་སྟོན་རིག་འཛིན་ཆེན་པོ་ཉིད་ལ་ཛམ་བྷ་ལས་ཞལ་མངོན་སུམ་དུ་བསྟན་ནས་ཕྲིན་ལས་ཐམས་ཅད་སྒྲུབ་པའི་སྡོང་གྲོགས་མཛད་པར་ཞལ་གྱིས་བཞེས་པ་ཡིན་ཏེ། གཏེར་ཆེན་ཉིད་ཀྱི་གསུངས་ལས། །འདི་ཉིད་མ་འཕྲད་དཀའ་མོ་བྱུང་། །ཚོགས་དང་བཤགས་པ་གཏང་རག་འབུལ། །བཀའ་འདི་བཙན་པས་དམ་དུ་ཟུངས། །འཁུ་ཞིང་ལྡོག་ན་ང་མ་ལན། །འཚོ་ཤེས་གཏེར་གྱི་དངོས་གྲུབ་འབྱུང་། །ཞེས་ཆེས་ཟབ་ཅིང་གཉན་པའི་ཚུལ་དང་། བོད་ཡུལ་དབུས་གཙང་རུ་བཞི་ལ། །ཉི་མ་ལྟར་གྲགས་ཡོངས་ལ་ཁྱབ། །སྙན་དང་གྲགས་པ་ཐོབ་བྱེད་པ། །འདིའི་མཐུ་ཡིན་པ་ཤེས་པར་གྱིས། །ཞེས་གཏེར་ཆེན་ཉིད་ཕྲིན་ལས་ཀྱི་སྒོ་འཕར་གདམས་པ་འདི་དང་ལྷག་པའི་ལྷ་འདི་ལ་བསྟེན་ནས་ཕྱེས་ཚུལ་གསལ་བར་གསུངས་པ་ཡིན་ལ། གཞན་ཡང་རྗེས་འཇུག་དམ་ལྡན་སློབ་བུ་རྒྱུད་འཛིན་དང་བཅས་པ་རྣམས་ལའང་དངོས་གྲུབ་སྩོལ་ཞིང་ཕྲིན་ལས་བསྒྲུབ་པར་ཞལ་ཀྱིས་བཞེས་པ་ཡིན་ཏེ། གཏེར་ཆེན་གྱིས་རྗེས་འཇུག་རྣམས་ཀྱིས་མཆོད་པ་དང་གཏོར་མ་ལ་རེམ་དང་དངོས་གྲུབ་འབྱུང་བར་ཛམ་བྷ་ལས་ཞལ་བཞེས་ཡོད་པ་ཡིན་ཞེས་གསུངས་ཏེ། དེས་ན་ཟབ་ཁྱད་དང་བྱིན་རླབས་ཀྱི་བཀའ་བབས་གཞན་ལས་ཆེས་བཟང་ཞིང་སྒྲུབ་ཐག་ཉེ་བ་དངོས་གྲུབ་ཆེ་བ་འདི་ལྟ་བུའི་གདམ་སྲོལ་འདི་ནི། ཨོ་རྒྱན་དུས་གསུམ་མཁྱེན་པས་སྒྲིབ་མེད་ཡེ་ཤེས་ཀྱི་གཟིགས་པས་ཡུལ་དུས་གང་ཟག་ཐམས་ཅད་ཇི་བཞིན་མཁྱེན་ནས་དུས་སུ་གཏེར་ནས་གདན་དྲངས་ཤིང་འགྲོ་དོན་འབྱུང་བའི་སྨོན་ལམ་ཐ་ཚིག་གི་བཀའ་རྒྱ་དང་བཅས་གཏེར་དུ་སྩལ་བ་ཇི་བཞིན་དུས་སུ་བབས་པའི་གཏེར་ཁ་ཟབ་མོ་ཞལ་ཕྱེ་བ་ལས་བྱུང་བས་ན་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་དང་། གཏེར་ཆེན་ཉིད་ལ་ཛམ་བྷ་ལའི་ཞལ་མངོན་སུམ་དུ་བསྟན་ནས་ཕྲིན་ལས་སྒྲུབ་པར་ཞལ་བཞེས་གནང་བ་ཐོབ་པས་དོན་གྱི་དག་སྣང་མང་ཡང་འགྱུར་བས་བརྒྱུད་པའི་ཆུ་བོ་གཉིས་འདྲེས་ཀྱི་ཆེ་བ་དང་། ཕྱི་རབས་རྗེས་འཇུག་རྣམས་ལའང་དངོས་གྲུབ་སྩོལ་བའི་ཞལ་བཞེས་ཐ་ཚིག་དང་ལྡན་པའི་ཆེ་བ་སྟེ། ཆེ་བ་གསུམ་གྱིས་ཁྱད་པར་དུ་བྱས་པའི་གདམ་ཟབ་འདིར་འཇུག་པའི་ཐོག་མར་དབང་བསྐུར་ནས་ནུས་ལྡན་དུ་བྱ་དགོས་པས་དེས་ན་ད་ལམ་དབང་བསྐུར་བ་ལ་སློབ་དཔོན་གྱིས་བགྱི་འོས་རྣམས་ལེགས་པར་གྲུབ་པ་ཡིན། ཁྱེད་རང་སློབ་མ་རྣམས་ཀྱིས་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་བརྗོད་མཎྜལ་ཕུལ་གྲུབ་ནས། ༈བླ་མ་བདེ་མཆོག་ལས་བྱུང་བ་ཛམ་དམར་གྱི་དབང་བསྐུར་ཟབ་མོ་དམ་མེད་ལ་ཨྠིྀ༔ མགོན་པོ་ཛམ་བྷ་ལྷ་ལ་ཕྱག་འཚལ་ལོ། །དབང་བྱེད་པར་འདོད་པས་དབང་གི་རྫས་མཐོང་བརྒྱུད་ལྟར་བསགས། གཞུང་བསྲང་བསྙེན་སྒྲུབ་ཁ་གསོ། ཚོགས་ཀྱི་འཁོར་ལོ་ཁྱད་འཕགས་སྐོར། ལས་བུམ་བསྐྱེད། བདག་འཇུག་དངོས་གྲུབ་ཞུ་ཆོག་གིས་བླངས། ནོར་སྣ་ཁྱད་འཕགས་ཀྱི་མཎྜལ་དབུལ་ཞིང་གསོལ་འདེབས་ནི། དེ་ནས་དབང་གི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་བཟློས་མཛོད། ཧཱུྃ། དགའ་ཆེན་ཁྱོད་བདག་སྟོན་པ་པོ། །རྡོ་རྗེ་འཛིན་པ་མཆོག་ཁྱོད་ཀྱིས། བདག་ཅག་རྗེས་སུ་ཡོངས་བཟུང་སྟེ། །ཛམ་ལྷ་དམར་པོའི་དབང་བསྐུར་སྩོལ། །གསུམ། དེ་ནས་སྐྱབས་སེམས་འབོག །དེ་ནས་ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་བླ་མ་དང་མགོན་པོ་ཛམ་བྷ་ལྷ་དབྱེར་མེད་པ་ཕྱོགས་དུས་ཀྱི་སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པར་དམིགས་ལ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་འདིའི་རྗེས་བཟློས་མཛོད། ཧཱུྃ༔ ས་བརྒྱད་གནོད་སྦྱིན་དབང་གི་རྗེ༔ ཛམ་ལྷ་ཡབ་ཡུམ་སྲས་གསུམ་ལ༔ དེང་ནས་བཟུང་སྟེ་བྱང་ཆུབ་བར༔ གུས་པ་ཆེན་པོས་སྐྱབས་སུ་མཆི༔ གསུམ༔ ཧཱུྃ༔ སངས་རྒྱས་བསྟན་དང་འགྲོ་བའི་དོན༔ བྱང་ཆུབ་དམ་པར་སེམས་བསྐྱེད་དེ༔ དབང་མཛད་ལྷ་ཡི་ཏིང་འཛིན་གྱིས༔ འགྲོ་རྣམས་སྒྲོལ་བར་དམ་བཅའོ༔ ལན་གསུམ་སོང་ནས་སྔགས་ཀྱིས་སྦྱངས་ཏེ་བསྐྱེད་རིམ་གཏད། སྤྱན་འདྲེན་ཡེ་ཤེས་པ་བསྟིམ་ཏིཥྛ་བཛྲ་གྱིས་བརྟན་པར་བྱ། ཞེས་པ་སློབ་བུ་རྣམས་ལས་བུམ་གྱི་ཆུས་བསངས་ལ། ཨཱོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་བརྗོད་པས། ཁྱེད་རང་གི་ཕུང་ཁམས་ཀྱིས་མཚོན་པའི་དངོས་པོ་ཐམས་ཅད་སྟོང་པར་སྦྱངས། དེའི་ངང་ལས་སྐད་ཅིག་གིས་སྣང་སྟོང་རང་འོད་ལས་གྲུབ་པའི་འོད་དམར་དབང་གི་ཕོ་བྲང་གི་དབུས་སུ་ཉི་ཟླ་པདྨའི་གདན་ལ་ས་བོན་ཛཾ་དཱི་ཧྲཱིཿགསུམ་ཡོངས་སུ་གྱུར་པ་ལས་འབྲུག་དམར་གློག་ལྟར་འཁྱུག་པའི་སྟེང་དུ་ཁྱེད་རང་འཕགས་པ་ཛམ་བྷ་ལ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་སྒེག་ཅིང་ཆགས་པའི་ཉམས་ཅན་ཕྱག་གཡས་ནོར་བུ་དབང་གི་རྒྱལ་པོ་ཐུགས་ཀར་གཏོད་པའི་ཚུལ་གྱིས་འཛིན་ཞིང་གཡོན་པས་འདོད་འབྱུང་ནེའུ་ལེའི་རྐྱལ་པ་སྐུ་སྐེད་ལ་བརྟེན་པའི་ཚུལ་གྱིས་བསྣམས་པ། ཞབས་བརྐྱང་བསྐུམ་འགྱིང་བག་གི་ཚུལ་གྱིས་བཞུགས་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། དཱི་ལས་གཡས་སུ་ནོར་བདག་དམར་པོ་མི་དམར་ལྕགས་ཀྱུ་དང་བུམ་པ་བསྣམས་པ། གཅེར་བུ་འགྱིང་བག་གཟི་བརྗིད་དང་ལྡན་པ། གཡོན་དུ་ཧྲཱིཿལས་ཡུམ་མཆོག་ལྷ་མོ་དམར་མོ་གཡས་གྲི་གུག་དང་གཡོན་དབང་གི་ཞགས་པ་འཛིན་པ། གཅེར་བུ་ནུ་མ་འབུར་ཞིང་བྷ་གའི་ལང་ཚོ་རབ་ཏུ་རྒྱས་ནས་དབུ་སྐྲ་སིལ་བུར་འཕྱོ་བ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་གཟི་བརྗིད་འོད་དང་ལྡན་པར་གསལ་གདབ། དེ་ལྟར་གཙོ་འཁོར་གསུམ་གའི་ཐུགས་སྲོག་ས་བོན་དང་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འཕྲོས་པའི་འོད་ཟེར་དང་བླ་མ་དང་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལས་ཀྱང་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པས་བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་ཁ་ཆར་བུ་ཡུག་འཚུབ་པ་ལྟར་བྱོན་ནས་ཁྱེད་རང་ལ་སིབ་སིབ་ཐིམ་བྱུང་སྙམ་པའི་མོས་པ་རྩེ་གཅིག་ཏུ་སྒོམས་ཤིག །སྤོས་རོལ་དང་བཅས། ཧཱུྃ༔ རི་བོ་ཆེན་པོ་བྱང་གི་ཕྱོགས། །གནོད་སྦྱིན་དབང་གི་ཕོ་བྲང་ནས། །ཛམ་ལྷ་དམར་པོ་གཤེགས་སུ་གསོལ། །ནོར་བདག་དམར་པོ་གཤེགས་སུ་གསོལ། །ཡུམ་མཆོག་ལྷ་མོ་གཤེགས་སུ་གསོལ། །ནོར་ལྷ་རྒྱ་མཚོ་གཤེགས་སུ་གསོལ། །ཡེ་ཤེས་འཇིག་རྟེན་ཐམས་ཅད་ནས། །དབང་གི་ལྷ་ཚོགས་གཤེགས་སུ་གསོལ། །གདུང་བའི་ཡིད་ཀྱིས་སྤྱན་འདྲེན་ན། །ཐུགས་རྗེའི་ཤུགས་ཀྱིས་གཤེགས་ནས་ཀྱང་། །མོས་པའི་བུ་ལ་དངོས་གྲུབ་སྩོལ། ཨཱོཾ་ཛཾ་བྷ་ལ་ཧྲཱིཿད་ཡ་ཧཱུྃ་ཧཱུྃཿ བཛྲ་ས་མ་ཡ་ཛཿཛཿ ཨ་བེ་ཤ་ཡ་ཨ་ཨཱཿ ཞེས་བྱིན་དབབ་པའི་དམིགས་པ་ནན་ཏན་བྱས་ལ། སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་བརྟན་པའི་མོས་པ་མཛོད། མེ་ཏོག་འཐོར་ཞིང་རྡོ་རྗེ་མགོར་བཞག །ཏིཥྠ་བཛྲ་ཞེས་བརྗོད། བུམ་པ་སྤྱི་བོར་བཞག༔ ཧཱུྃ༔ རིན་ཆེན་ཟངས་ཀྱི་བུམ་པ་འདི། །ཛམ་བྷ་ལ་དང་གཉིས་སུ་མེད། །སྐལ་ལྡན་བུ་ལ་དབང་བསྐུར་བས། བུམ་པ་སྐུ་ཡི་དབང་ཐོབ་ཤོག །རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ཞལ་ནས་ཐོན་ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཉི་དཀྱིལ་ས་བོན་གྱི་མཐར་སྔགས་ཕྲེང་གཡས་འོད་དམར་ཕྲེང་ཐག་གཡོན་དུ་འཁོར་བར་དམིགས་ལ། བཟླས་ལུང་སྦྱིན། སྔགས་ཕྲེང་སྤྱི་བོར་བཞག་དབྱངས་གསལ་བྱེད་དང་ཡེ་དྷརྨཱ་བརྗོད། སྒྲུབ་རྟེན་ནམ་ཙཀ་ལི་ཐུགས་ཀྱི་དབང་ནི། ཧཱུྃ༔ འཕགས་མཆོག་མགོན་པོ་ཛམ་བྷ་ལའི། སྒྲུབ་རྟེན་སྐུ་བརྙན་ཐུགས་ཀྱི་དབང་། །སྐལ་ལྡན་བུ་ལ་དབང་བསྐུར་བས། །སྒྲུབ་རྟེན་ཐུགས་ཀྱི་དབང་ཐོབ་ཤོག །རྩ་སྔགས་ཙིཏྟ་སྙིང་གར་བསྐུར། ཡོན་ཏན་དཔེ་བུམ་ལག་དང་ལྟེ་བར་བཞག །ཧཱུྃ༔ འཕགས་མཆོག་མགོན་པོ་ཛམ་བྷ་ལའི། །སྒྲུབ་རྟེན་དཔེ་བུམ་པོ་ཏིའི་དབང་། སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། ཡོན་ཏན་ཡོངས་རྫོགས་དབང་ཐོབ་ཤོག །རྩ་སྔགས་རཏྣ་ཨ་བྷི་ཥིཉྩ་ཧཱུྃ། ཕྲིན་ལས་གཏོར་མ་སྤྱི་བོར་བཞག །ཧཱུྃ༔ འཕགས་མཆོག་མགོན་པོ་ཛམ་བྷ་ལའི། །དངོས་གྲུབ་ཕུང་པོ་བྷ་ལིངྟ། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། འཕྲིན་ལས་ཡོངས་རྫོགས་དབང་ཐོབ་ཤོག །རྩ་སྔགས་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། བརྒྱུད་རིམ་མཐར་དངོས་གྲུབ་ལེན་ཆོག་སྦྱར། སློབ་མ་རང་ལའང་རྟེན་འབྲེལ་ཆེ་བས་ནོར་སྣ་ཁྱད་པར་ཅན་གྱི་མཎྜལ་རེ་མེད་པ་ལ་མི་སྦྱིན་ཛམ་བྷ་ལའི་ཁ་སྐོང་འདི་རྣམས་ཆོས་རྒྱུད་འཛིན་ངེས་མ་གཏོག་སུ་ཐོད་ལ་མ་སྟོན་གསང་རྒྱ་དམ་པོ་མཛོད། ཤིན་ཏུ་ཟབ་པར་ཡོད། ཁམས་པ་ཉི་མ་གྲགས་པས་སྦྱར་བ་མངྒལཾ། བརྒྱུད་རིམ་མཐར་དངོས་གྲུབ་ལེན་ཆོག་སྦྱར་གསུངས་པས། ཨཱོཾ་ཨཱཿཧཱུྃ། ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །ལོངས་སྐུ་ཕྱག་ན་རྡོ་རྗེ་ལ་གསོལ་བ་འདེབས། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས། །ལོ་ཆེན་ཀླུ་ཡི་དབང་པོ་ལ་གསོལ་བ་འདེབས། །རིག་འཛིན་ཉི་མ་གྲགས་པ་ལ་གསོལ་བ་འདེབས། །ཐུགས་སྲས་ཨོ་རྒྱན་བསྟན་འཛིན་ལ་གསོལ་བ་འདེབས། །ཐེག་མཆོག་བསྟན་པའི་རྒྱལ་མཚན་ལ་གསོལ་བ་འདེབས། །རིག་རྩལ་ཐོགས་མེད་གླིང་བ་ལ་གསོལ་བ་འདེབས། །ངེས་དོན་བསྟན་འཛིན་བཟང་པོ་ལ་གསོལ་བ་འདེབས། །ཨོ་རྒྱན་བསྟན་པའི་ཉི་མ་ལ་གསོལ་བ་འདེབས། །མི་འགྱུར་ནམ་མཁའི་རྡོ་རྗེ་ལ་གསོལ་བ་འདེབས། །འཇིག་མེད་ཆོས་དབྱིངས་རྡོ་རྗེ་ལ་གསོལ་བ་འདེབས། །ཀུན་བཟང་ཐེག་མཆོག་རྡོ་རྗེ་ལ་གསོལ་བ་འདེབས། །ཨོ་རྒྱན་འགྲོ་འདུལ་རྡོ་རྗེ་ལ་གསོལ་བ་འདེབས། །ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལ་གསོལ་བ་འདེབས། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །འཕགས་མཆོག་ཛམ་ལྷ་དམར་པོ་ལ་གསོལ་བ་འདེབས། །ཡུམ་མཆོག་ལྷ་མོ་དམར་མོ་ལ་གསོལ་བ་འདེབས། །སྲས་མཆོག་ནོར་བདག་དམར་པོ་ལ་གསོལ་བ་འདེབས། །བཀའ་སྲུང་རྡོ་རྗེ་ལེགས་པ་ལ་གསོལ་བ་འདེབས། །གཏེར་སྲུང་ལྷ་བཙན་ཆེན་པོ་ལ་གསོལ་བ་འདེབས། །ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཧཱུྃ༔ དབང་ཆེན་དབང་གི་ལྷ་ཚོགས་རྣམས༔ འགྱུར་མེད་སྐུ་ཡི་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ འགག་མེད་གསུང་གི་དཀྱིལ་འཁོར་ནས༔ ཚངས་དབྱངས་དྲུག་ཅུའི་དངོས་གྲུབ་སྩོལ༔ སྤྲོས་མེད་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཕྱག་རྒྱ་དགའ་བཞིའི་དངོས་གྲུབ་སྩོལ༔ ཡོན་ཏན་རེ་སྐོང་དཀྱིལ་འཁོར་ནས༔ ཁམས་གསུམ་དབང་བསྡུས་དངོས་གྲུབ་སྩོལ༔ ཕྲིན་ལས་འགྲོ་འདུལ་དཀྱིལ་འཁོར་ནས༔ སྲིད་གསུམ་ཟིལ་གནོན་དངོས་གྲུབ་སྩོལ༔ རིན་ཆེན་རྣམ་ལྔའི་དཀྱིལ་འཁོར་ནས༔ བང་མཛོད་འབྲུ་ཡི་དངོས་གྲུབ་སྩོལ༔ ལྷབ་ལྷུབ་གོས་ཀྱི་དངོས་གྲུབ་སྩོལ༔ དར་ཟབ་སྣ་ཚོགས་དངོས་གྲུབ་སྩོལ༔ རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ༔ འཕེན་པོ་མི་ཡི་དངོས་གྲུབ་སྩོལ༔ རྐང་བཞི་དུད་འགྲོའི་དངོས་གྲུབ་སྩོལ༔ བརྒྱུད་འཛིན་རིགས་ཀྱི་དངོས་གྲུབ་སྩོལ༔ ཁྱེའུ་སྲིད་ཀྱི་དངོས་གྲུབ་སྩོལ༔ ཡུལ་ཞིང་དཔལ་འབྱོར་དངོས་གྲུབ་སྩོལ༔ སྙན་གྲགས་གདུལ་བྱའི་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞིའི་དངོས་སྩོལ༔ མཆོག་དང་ཐུན་མོང་ཟད་མེད་གཏེར༔ དངོས་གྲུབ་མ་ལུས་བདག་ལ་སྩོལ༔ ཨཱོཾ་ཛམ་བྷ་ལ་ཧྲཱིཿད་ཡ་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་གཏོར་མ་སྤྱི་བོར་བཞག་ལྷ་ཚོགས་བརྒྱུད་པ་རྣམས་སློབ་མ་ལ་བསྟིམ་ཞིང་གཏོར་ཟན་ཅུང་ཟད་བདུད་རྩིར་ཞུ་བས་ལྕེར་མྱོང་ངོ་། །དེ་ནས་མེ་ཏོག་འཐོར་ཞིང་། ཧཱུྃ༔ འོད་དམར་དབང་གི་ཕོ་བྲང་ནས༔ ཛམ་ལྷ་ཡབ་ཡུམ་སྲས་གསུམ་དང་༔ རྩ་གསུམ་ཆོས་སྐྱོང་བསྲུང་མར་བཅས༔ དཀྱིལ་འཁོར་ལྷ་ཚོགས་བཀྲ་ཤིས་ཤོག༔ ཧཱུྃ༔ འདོད་ཡོན་ལོངས་སྤྱོད་བསོད་ནམ་དཔལ། །དངོས་གྲུབ་ཟད་མེད་ཆུ་བོའི་རྒྱུན། །ཡིད་བཞིན་རེ་བ་སྐོང་མཛད་པ། །བཀྲ་ཤིས་དེས་ཀྱང་དངོས་གྲུབ་སྩོལ། ཞེས་དང་། འབད་དང་རྩོལ་བ༴ སོགས། ཞེས་སོགས་ཤིས་བརྗོད་ཅི་རིགས་དང་། གསུམ་པ་རྗེས་ཀྱི་རིམ་པ་ནི། དམ་ཚིག་ཁས་བླང་། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། སྐུ་དྲིན་ཡོན་འབུལ། དེང་ནས་བརྩམས་ཏེ་སོགས། དགེ་བ་བསྔོ། ཚོགས་འཁོར་ཡོད་ན་དངོས་གྲུབ་ཏུ་རོལ། སློབ་མ་རྣམས་རང་གནས་བཏང་། ཚོགས་ལྷག་བཏང་། བཀའ་གཏེར་བསྐུལ། ཆད་ཐོ་བསྟན་སྐྱོས་སོགས་མཇུག་བསྐྱང་ཞིང་རྗེས་ཀྱི་བྱ་བ་རྣམས་གསང་བ་སྤྱིའི་འགྲོས་བཞིན་ཤེས་པར་བྱའོ། །ཡིད་ལ་བསམ་པའི་རེ་བ་མ་ལུས་པ། །འབད་མེད་སྐྱོང་བའི་ཡིད་བཞིན་དབང་གི་རྒྱལ། །ཆེས་ཟབ་གདམས་པའི་ནོར་བུ་འདི་ཡོད་བཞིན། །ཆུ་གཏེར་བགྲོད་པའི་ངལ་བས་ཅི་ཞིག་བྱ། །འདིར་ཡང་རྣམ་འདྲེན་གསུང་གི་ཟེར་ཕྲེང་གིས། །བདག་བློ་རྣམ་དཔྱོད་ཆུ་སྐྱེས་ཡོངས་བཞད་རྩེར། །ལེགས་བཤད་ཀུན་དགའ་གསར་བའི་དྲི་བསུང་ཅན། བློ་གསལ་བུང་བའི་ཡིད་འཕྲོག་འདི་མིན་ནམ། །ཚུལ་འདི་རབ་གསལ་ལེགས་བཤད་ཟབ་མོའི་ངག །གདུང་སེལ་སྣང་བའི་དཔལ་དང་དབང་ཕྱུག་ཏུ། །འདོད་འཇོ་རིན་ཆེན་ཏོག་གི་བློ་གྲོས་བཞིན། །ནུབ་མེད་སྙན་པར་གྲགས་བཞིན་མཛེས་གྱུར་ཅིག །ཅེས་འདི་ཡང་གཏེར་ཆེན་གྱིས་བསྩལ་བའི་ཛམ་དམར་དབང་ལ་ཁ་འགེངས་ཟུར་འདེབས་དགོས་རིགས་ལྷན་ཐབས་ཚུལ་དུ་བསྒྲིགས་ཤིང་དབང་བཤད་མདོར་བསྡུས་ཡེ་ཤེས་དབབ་པའི་གསལ་འདེབས་ཕྲན་བུ་རྣམས་གསར་དུ་སྤེལ་ཞིང་གཏེར་ཆེན་གྱི་གསུང་ལ་བཅོས་ལྷད་ཅུང་ཟད་ཀྱང་མེད་པར་མཚམས་སྦྱོར་ཀླག་ཆོག་ཏུ་བཀོད་པ་འདི་ཡང་རྨོངས་བརྟུལ་ཝ་གིནྡྲིའི་མིང་གིས་སྤེལ་བ་དགེ་ལེགས་འཕེལ།། །།


previousཛམ་དམར་དབང་ཆོག་བློ་གསལ་ཡིད་འཕྲོགnext