Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་དགུ་པ།


   
   
  expand section
  expand section
  expand section
   
  collapse section
   
   
   
   
   
   
   
   
   
   
   
ཛཾ་དམར་ཕྱྭ་གཡང་འགུགས་པའི་འཕྲིན་ལས་དངོས་གྲུབ་རྒྱ་མཚོའི་འབྱུང་གནས།
   


 
previousཛཾ་དམར་ཕྱྭ་གཡང་འགུགས་པའི་འཕྲིན་ལས་དངོས་གྲུབ་རྒྱ་མཚོའི་འབྱུང་གནས།next

ཛཾ་དམར་ཕྱྭ་གཡང་འགུགས་པའི་འཕྲིན་ལས་དངོས་གྲུབ་རྒྱ་མཚོའི་འབྱུང་གནས།

མགོན་པོ་ཛམ་བྷ་ལ་དམར་པོའི་སྒྲུབ་ཐབས་ལ་བརྟེན་ནས་ཕྱྭ་གཡང་འགུགས་པའི་འཕྲིན་ལས་དངོས་གྲུབ་རྒྱ་མཚོའི་འབྱུང་གནས་བཞུགས་སོ། །དཔལ་ལྡན་སངས་རྒྱས་ཀུན་ངོ་བོ། །ཁྱབ་བདག་པདྨ་རྒྱལ་པོ་ལ། །སྒོ་གསུམ་གུས་པས་བཏུད་བྱས་ནས། །དབང་མཛད་མགོན་པོ་ཛམ་བྷ་ལའི། །ཕྱ་གཡང་འགུགས་པའི་ཕྲིན་ལས་ཉིད། །ཇི་བཞིན་འབད་ལ་གནང་བ་སྩོལ། །དེ་ཡང་རང་གཞུང་གདམས་སྐོར་ལས། །སྒྲུབ་རྟེན་སྐུ་དང་གཏོར་མ་ལ། །བརྟེན་ནས་ཏིང་འཛིན་དམིགས་པ་ཡི། །འཁྲུལ་འཁོར་བཟླས་པའི་གྲངས་རྟགས་ཀྱི། །དངོས་གྲུབ་འགུགས་པའི་ཐབས་ཙམ་ལས། །སྤྲོས་བཅས་གསུངས་པ་མེད་མོད་ཀྱང་། །གང་ཟག་སྤྲོས་པ་ལ་དགའ་བའི། །དཀྱིལ་འཁོར་བསྒྲུབ་རྫས་གཡང་རྟེན་དང་། །ཚིག་གིས་མཚོན་པའི་དངོས་གྲུབ་ཀྱི། །རེ་འབྲས་འདོད་ཚེ་འདི་ཀོ་རྨད། །དེ་ལ་འདིར་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། དང་པོ་ནི་གཞུང་ལས། །སྟོན་ཀ་འབྲས་བུ་སྨིན་པའི་དུས༔ ཡང་ན་དཔྱིད་ཀ་རྒྱས་པའི་ཚེ༔ ཚེས་བརྒྱད་ཡར་ངོའི་འགྲུབ་སྦྱོར་ལ༔ མཎྜལ་གྲུ་བཞི་དམར་པོས་བྱུགས༔ ཚོང་འདུས་གནས་གཞི་ཕོ་བྲང་གི༔ ས་སྣ་བསྲེ་ཞིང་ཆག་ཆག་གདབ༔ ཅེས་གསུངས་པས་གནས་ཁང་བང་མཛོད་ཀྱི་སྦུགས་སམ་གང་རུང་དུ་སྒྲོམ་ལེགས་པར་བྱི་བ་འབུ་སྲིན་སོགས་ཀྱིས་མི་གནོད་པར་བྱ། དེའི་ནང་གོང་ལྟར་འཇིམ་ཞལ་སྲབ་མོའི་སྟེང་། བྲ་བོ་མ་གཏོགས་པའི་འབྲུ་རིགས་གང་འཛོམ་གྱི་ཚོམ་བུ་ནོར་བུ་སུམ་སྒྲོམ་ཚུལ་དུ་དབུས་སུ་འགོད། དེ་སྟེང་མཉྫིའམ་མ་འབྱོར་ཚེ་མཛོ་མོ་ཤིང་ངམ་ཤུག་པ་གང་རུང་གི་ཐུར་མའི་ཨོམ་བཅིངས་ལ། དེའི་ཁར་སྒྲུབ་རྟེན་བཅའ་ཐབས་ལྟར་གྱི་སྐུ་འབུར་ཐོན་ན་རབ། མ་འབྱོར་ན་ཐིག་ལྡན་གྱི་བྲིས་སྐུ་རས་གཞིར་རྫས་རྣམས་བསྲེས་པའི་སྐུ་མངོན་རྟོགས་ལྟར་བྲིས་པའི་རྒྱབ་ཏུ་རིན་ཆེན་ཁུ་བས་བསྙེན་སྔགས་མཐར་དབྱངས་གསལ། རྟེན་སྙིང་སུ་པྲ་ཏིཥྛ་བཛྲ་ཡེ་རྣམས་བྲིས་པའི་མདུན་གཤམ་ངོས་ནོར་བུའི་གཞོང་པ་དང་བཙུན་བློན་རྣ་ཆ་རྣམས་བྲི། དབྱངས་གསལ་ཡེ་དྷར་སོགས་ཀྱིས་རབ་གནས་ཤིས་བརྗོད་མེ་ཏོག་འཐོར་ལ་དར་ཚོན་ལྔའི་ན་བཟའ་གསོལ་ཏེ། རྫའམ་ཟངས་ཀྱི་གའུ་སོགས་གང་འབྱོར་ནོར་བུའི་དབྱིབས་ཅན་པད་གདན་དང་བཅས་ཡོད་པའི་ནང་དུ་མདུན་རྒྱབ་མ་ནོར་བར་བཞུགས། དེའི་མདུན་དུ་སྒྲུབ་གཏོར་འབྲུ་ཕྱེ་བཟང་པོར་མར་གྱིས་སྦྲུས་པར་གཏོར་མ་པད་འདབ་བཞི་པ་ཁ་ཕྱིར་སྦུབ་ཉི་གདན་གྱི་ཚུལ། དེའི་སྟེང་ནོར་བུ་སུམ་སྒྲོམ་དབྱིབས་ལ་མེ་རི་པ་ཏྲའི་རྒྱན་ཅན་དམར་པོ་བརྗིད་ལྡན་རྣམས་སྣོད་གས་ཆག་མེད་པའི་ཟངས་སམ་སྡེར་མ་གང་རུང་ནང་དུ་འགོད། གཡས་གཡོན་སྨན་རག་ཕབ་ལྡན། མཆོད་པ་སྣ་བདུན་སྒོར་མོར་བཤམས། བཀའ་གཏེར་སྲུང་མའི་གཏོར་མ་གཡས་གཡོན་དུ་འགོད། དབུས་ཀྱི་ཚོམ་བུར་ཨ་མྲྀ་ཏ་སོགས་བྱིན་རྟེན་སེལ་མེད་དང་ས་སྣ་ཁྱད་འཕགས་བླ་མ་རྒྱལ་བློན་ཚེ་རིང་ཅན་ཆེ་བཙན་ཁེ་གྲགས་སྟོབས་འབྱོར་ཅན་གྱི་སྐྲ་གོས། རིན་ཆེན་རིགས་སོགས་གང་འཛོམ་དང་། ཤར་དུ་རིན་ཆེན་ཤེལ་དངུལ་དར་གོས་སོགས་ཁ་དོག་དཀར་པོའི་རིགས་གང་འཛོམ་དངོས་དང་ཤིང་བྱང་རིས་སུ་བྲིས་པ། དེ་བཞིན་ལྷོར་གསེར་དང་སྤོས་ཤེལ་དར་གོས་སོགས་སེར་པོའི་རིགས། ནུབ་ཏུ་བྱི་རུ་པད་རག་ཟངས་དང་དར་གོས་སོགས་དམར་པོའི་རིགས། བྱང་དུ་གཡུ་མུ་མེན་ལྕགས་དང་དར་གོས་སོགས་སྔོན་པོའི་རིགས་དང་། གཞན་ཡང་གོ་མཚོན་ཕོ་ཆས་མོ་ཆས་རྟ་ལུག་འབྲི་གཡག་སོགས་རྐང་བཞི་དུད་འགྲོ་གཡང་ཅན་གྱི་ཤ་སྤུ་ཚིལ་གསུམ་གང་འཛོམ་གཙང་སྦྲ་གང་ཆེ་བྱས་ལ། ཤིང་བྱང་སོགས་དེར་མཐུན་བཀོད་པའམ། དངོས་འབྱོར་གྱི་རྫས་མཆོད་བྱུང་ན་ཤིང་བྱང་མི་དགོས་སོ། །སྟེང་ཕྱོགས་སུ་བླ་བྲེ་འཕན་དར་སོགས་གང་འབྱོར་གྱིས་བརྒྱན་པ་དང་སྨན་སྣ་གང་འཛོམ་དུག་མེད་རིགས་ཀྱི་ཕྱེ་མས་ཕྱོགས་ཀུན་ཁྱབ་པར་འཐོར་ལ་དྲི་ཞིམ་པར་བྱ། མདའ་རྒོད་སྒྲོ་མ་ཉམས་པར་དར་སྣ་ལྔ་དང་མེ་ལོང་ཟངས་ཀྱི་ལྕགས་ཀྱུ་ལྕགས་སྒྲོག་གྲི་གུག་སོགས་ཆུང་ངུས་བརྒྱན་པ་ནུབ་ཕྱོགས་སུ་བཞག །ཕྱེ་མར་ཇ་ཆང་འོ་མ་སྐོམ་སོགས་བཟའ་བཏུང་གི་རིགས་ཕྱོགས་ཕྱོགས་ན་སྤུངས་པ་སོགས་ཀྱིས་བག་དྲོ་བྱིན་ཆེ་བར་བྱའོ། །གཞན་ཡང་ཡི་དམ་ཆོས་སྲུང་སྤྱི་སྒོས་ཀྱི་མཆོད་གཏོར་དང་ཚོགས་ཀྱི་ཡོ་བྱད་སོགས་འདུ་བྱའོ། །གཉིས་པ་ནི། ཐོག་མར་སྔོན་འགྲོ་ཆོས་སྤྱོད་གསོལ་འདེབས་དཀར་བགེགས་ནས་ལས་བྱང་དཀྱུས་བཞིན་བསྲང་ལ། ལས་གཞུང་བསྙེན་པ་སྔགས་དམིགས་གནད་དུ་བསྣུན་ལ། བསྙེན་ཚད་གཞུང་དུ་མ་གསུངས་ཀྱང་གཡང་སྒྲུབ་རྐྱང་པར་རང་གཞན་གྱི་དོན་དུ་བྱེད་ན། །གཞུང་ནས་རྩ་བསྙེན་ཞག་གསུམ་བྱེད་པར་གསུངས་པས་དེ་ལྟར་དང་། །གྲངས་བསྙེན་བྱེད་ཚེ་གསང་སྔགས་སྤྱི་ཡི་འགྲོས་ལྟར་མཚམས་སྒྲུབ་ཇི་བཞིན་གཞུང་ལྟར་སྒྲུབ་རྟེན་ལས་རྫས་གཞན་དགོས་ཆེད་ཆེར་མི་སྣང་ཞིང་། །ཚོགས་རྫོགས་ཆེད་འབྱོར་ན་རབ་སྟེ། བསྙེན་པ་ནི་ལར་དུས་གྲངས་རྟགས་གསུམ་གྱི་རིམ་པ་ལས་ཤེས་ལ། གྲངས་བསྙེན་འབྲུ་འབུམ་འགྲོ་དགོས་པར་འབུམ་ཕྲག་བཅུ་བཞི་ཙམ་བགྲང་ན་ལེགས་འདྲ་སྙམས་ཤིང་ཤམ་བུའང་འབུམ་ཕྲག་གསུམ་ཙམ་དང་། ཐ་ནའང་ཆིག་འབུམ་ཙམ་བགྲང་དགོས་པ་འདྲ་བས་རང་བཞིན་ཞལ་འཕྲོས་ཏེ། གཡང་སྒྲུབ་ཁོ་ན་ལའང་དེ་ལྟར་གྲུབ་ན་རབ་མ་འགྲུབ་ཀྱང་རྩ་བསྙེན་གོང་ལྟར་ཞག་གསུམ་ལ་ཤམ་བུའང་ཉིན་རེ་བརྒྱ་ཙམ་བཟླས་ན་མཆོག །གོང་བསྙེན་ཞག་གྲངས་རྫོགས་ན་མཐར་ཤམ་བུ་བཏགས་པ་ཞག་གཉིས་ཙམ་དགོས་པར་ཞག་གྲངས་མང་ཉུང་ལྔ་བདུན་བཅུ་སོགས་འཁོས་བསྟུན་དང་། ཐོག་མར་སྒྲུབ་སྐབས་སུ་ཐ་ནའང་ཞག་ལྔ་ལས་མི་ཉུང་བར་དངོས་གྲུབ་ཀྱང་ཡོང་རེ་འབད་པ་སྒྱིད་ལུགས་ཀྱིས་དོན་མི་འགྲུབ་པས་གནད་དུ་བསྣུན་པར་བྱ། དེ་ནས་ཉིན་དང་པོ་ནས་བཟུང་བསྙེན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་སོགས་བརྗོད་ལ་མཆོད་བསྟོད་དང་། བཀའ་གཏེར་སྲུང་མ་གཉིས་སོགས་ཆོས་སྐྱོང་བསྐང་གསོལ་གང་དགོས་དང་། ཚོགས་མཆོད་བསྐང་བ་ཚར་གྲངས་གསོག་པ་སོགས་བབས་བསྟུན་གྱི་བཤགས་པ་བཅས་གྲུབ་ནས། ཐོག་མར་ནོར་བདག་བཞིན་མི་ལ་བཀར་ཡས་ཀྱི་གླུད་བསྔོས་ན་ལེགས་འདྲ་བས་དེ་ལྟར་བྱའོ། །དེ་ནས་ཕྱི་རོལ་ཁང་ཐོག་གང་བདེར་བསང་བཏང་། ནང་དུ་མཆོད་རྫས་ལ་དྲི་བཟང་གི་ཆབ་ཀྱིས་བྲན་ལ། སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ལ་བསང་སྦྱངས་སྤེལ། ཨཱོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ཡོངས་སུ་གྱུར་པ་ལས་མདུན་གྱི་ད་ལ་འདི་ཉིད་དབང་མཛད་དབང་གི་དཀྱིལ་འཁོར་པདྨ་རཱ་གའི་ས་གཞི་ལྟར་བཀོད་ལེགས་པར་གྱུར། རྟེན་རྫས་རྣམས་དབང་ཆེན་ནོར་བདག་ཛམ་བྷ་ལ་དངོས་སུ་གྱུར་པའི་མཐུ་བྱིན་གྱིས་འཁོར་འདས་ཀུན་གྱི་ཚེ་དཔལ་སྟོབས་འབྱོར་མངའ་ཐང་ལོངས་སྤྱོད་མ་ལུས་པ་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་རང་དབང་མེད་པར་འདུས་ནས་སྣོད་བཅུད་ཐམས་ཅད་ཕྱྭ་གཡང་གི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ཅེས་བརྗོད་ལ་སྤོས་རོལ་དབྱངས་དང་བཅས། ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །ཆོས་སྐུ་རྡོ་རྗེ་འཆང་ཆེན་ཡང་། །སྤྲོས་བྲལ་ཐུགས་རྗེའི་ཀློང་ནས་བཞེངས། །ཕྱྭ་གཡང་གནས་འདིར་བྱིན་ཆེན་ཕོབ། །གསང་ཆེན་རོལ་པའི་དུར་ཁྲོད་ནས། །ལོངས་སྐུ་ཕྱག་ན་རྡོ་རྗེ་ཡང་། །མ་འགགས་ཐུགས་རྗེའི་ཀློང་ནས་བཞེངས། །ཕྱྭ་གཡང་གནས་འདིར་བྱིན་ཆེན་ཕོབ། །ལྷོ་ནུབ་ཟངས་མདོག་དཔལ་རི་ནས། །གུ་རུ་པདྨ་རྒྱལ་པོ་ཡང་། །འགྲོ་འདུལ་ཐུགས་རྗེའི་ཀློང་ནས་བཞེངས། །ཕྱྭ་གཡང་གནས་འདིར་བྱིན་ཆེན་ཕོབ། །མཁའ་སྤྱོད་དག་པའི་ཞིང་མཆོག་ནས། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཡང་། །བདེ་སྟོང་དགའ་བཞིའི་ཀློང་ནས་བཞེངས། །ཕྱྭ་གཡང་གནས་འདིར་བྱིན་ཆེན་ཕོབ། །ཡེར་པ་ལྷ་རི་སྙིང་པོ་ནས། །ལོ་ཆེན་ཀླུ་ཡི་དབང་པོ་ཡང་། །མཁྱེན་བརྩེ་ནུས་པའི་ཀློང་ནས་བཞེངས། །ཕྱྭ་གཡང་གནས་འདིར་བྱིན་ཆེན་ཕོབ། །སྣ་ཚོགས་འགྲོ་འདུལ་ཞིང་ཁམས་ནས། །རིག་འཛིན་ཉི་མ་གྲགས་པ་ཡང་། །ཟབ་གཏེར་རྒྱ་མཚོའི་ཀློང་ནས་བཞེངས། །ཕྱྭ་གཡང་གནས་འདིར་བྱིན་ཆེན་ཕོབ། །ངེས་གསང་སྙིང་པོའི་ཕོ་བྲང་ནས། །ཐུགས་སྲས་ཨོ་རྒྱན་བསྟན་འཛིན་རྗེ། །རིག་འཛིན་བསྟན་སྐྱོང་རྒྱ་མཚོ་དང་། །ཨོ་རྒྱན་བསྟན་པའི་ཉི་མ་ཡང་། །སྨིན་གྲོལ་ཐུགས་རྗེའི་ཀློང་ནས་བཞེངས། །ཕྱྭ་གཡང་གནས་འདིར་བྱིན་ཆེན་ཕོབ། །ཐུགས་རྗེ་ཕྱོགས་མེད་ཞིང་ཁམས་ནས། །དྲིན་ཅན་རྩ་བརྒྱུད་བླ་མ་ཡང་། །བྱིན་རླབས་ཐུགས་རྗེའི་ཀློང་ནས་བཞེངས། །ཕྱྭ་གཡང་གནས་འདིར་བྱིན་ཆེན་ཕོབ། །དབང་མཛད་དབང་གི་ཕོ་བྲང་ནས། །འཕགས་མཆོག་ཛམ་ལྷ་དམར་པོ་མཆོག །ཡུམ་སྲས་གནོད་སྦྱིན་སྡེ་ཚོགས་དང་། །བཀའ་བསྲུང་གཏེར་བདག་རྒྱ་མཚོར་བཅས། །དབང་བསྡུས་ཟིལ་གནོན་ཀློང་ནས་བཞེངས། །ཕྱྭ་གཡང་གནས་འདིར་བྱིན་ཆེན་ཕོབ། །རྟེན་པའི་རྫས་ལ་གཉིས་མེད་བཞུགས། །ཕྱྭ་གཡང་དངོས་གྲུབ་མ་ལུས་སྩོལ། །ཅེས་བྱིན་འབེབས་རོལ་མོ་འཁྲོལ། །དེ་ནས་ལས་རྡོར་རམ་སློབ་དཔོན་གྱི་ལག་གཡས་པས་མདའ་དར་གཡབ་གཡོན་པས་ཕྱེ་མར་བཟུང་རོལ་མོ་དབྱངས་སྙན་འགྱུར་དང་བཅས་འདི་སྐད་དོ། །ཀྱཻ། སྲིད་པ་དང་པོ་ཚངས་པས་བསྐོས་བཏབ་པར། །འབྱུང་བཞིའི་དངས་མ་རིན་ཆེན་ལྔ་སོགས་ནས། །སྙིགས་མ་རྣམས་ལ་ས་རྡོ་རི་བྲག་གྲུབ། །ཁམས་གསུམ་སྲིད་གསུམ་ཕྱི་སྣོད་ནང་བཅུད་ཆགས། །རང་ལས་རང་བྱུང་སྲིད་དཔལ་ལོངས་སྤྱོད་ཚེ། །གཡང་ཆེན་དགུ་སྲིད་དཔལ་གཡང་འབྱུང་བའི་བཅུད། །བསྐལ་པ་རྫོགས་ལྡན་གཉིས་ལྡན་གསུམ་ལྡན་དུ། །བདེ་དགའི་དཔལ་ལྡན་ད་དུས་ངན་པའི་ཚེ། །འབྱུང་བཞིའི་བཅུད་ཉམས་སེམས་ཅན་བསོད་ནམས་དམན། །མི་དགེའི་ལས་ཀྱིས་མནར་བའི་སྡུག་བསྔལ་བར། །རྩ་གསུམ་རྒྱལ་བ་རྒྱ་མཚོ་ནོར་ལྷའི་ཚོགས། །ཐུགས་རྗེ་མ་ཆུང་དགོངས་པའི་སྤྱན་གྱིས་གཟིགས། །ཕྱྭ་གཡང་བཀྲ་ཤིས་སྦྲང་ཆར་ཉི་ལི་ལི། །བྱིན་རླབས་དངོས་གྲུབ་རྒྱ་མཚོ་འཁྱིལ་བར་མཛོད། །ཧཱུྃ། དཔལ་ལྡན་རྡོ་རྗེ་འཆང་དབང་ཕྱག་ན་རྡོར། །པདྨ་འབྱུང་གནས་རྒྱལ་ཡུམ་མཚོ་རྒྱལ་མ། །ལོ་ཆེན་ཀླུ་དབང་གཏེར་ཆེན་ཉི་གྲགས་སོགས། །རྩ་བརྒྱུད་བླ་མ་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་གསུམ་བྱིན་རློབས་ཡོན་ཏན་ཀུན། །སྐུ་རྟེན་འདྲ་འབག་འདི་དང་དབྱེར་མེད་ཁུག །ཕྱྭ་གཡང་རྟེན་བྱེད་རྫས་ལ་བྱིན་རླབས་ཤིག །ཐུགས་བསྐྱེད་མ་གཡེལ་བསྐུལ་ལོ་མཐུ་མ་ཆུང་། །ཁུག་ཡེ་ཁུག་ཡེ་ཕྱྭ་ཁུག་གཡང་ཁུག་ཅིག །རིན་ཆེན་སྣ་ལྔ་ཆར་ལྟར་ཁྲོ་ལོ་ལོ། །དར་ཟབ་གོས་རིགས་སྤྲིན་ལྟར་ཐིབས་སེ་ཐིབ། །སྐྱེ་འགྲོ་ཕོ་མོ་ཤ་སྦྲང་བཞིན་དུ་འཚུབས། །ཆེ་བཙན་རྒྱལ་བློན་ཉེ་རིགས་བཞིན་དུ་བརྩེ། །མཁས་གྲུབ་བཤེས་གཉེན་ཉིན་བྱེད་ཟེར་ལྟར་འཁྱུད། །ཆོས་ལ་འདུན་སེམས་པདྨོ་ལྟར་བཞད་དང་། །རྐང་བཞི་དུད་འགྲོ་རྩི་ཐོག་བཞིན་དུ་བཀྲ། །བང་མཛོད་འབྲུ་རིགས་ཟད་མེད་ཆུ་གཏེར་བཞིན། །དཔའ་མཛངས་རིགས་བརྒྱུད་མུ་ཏིག་སྟར་བརྒྱུས་འདྲ། །བཟའ་བ་རི་ལྟར་བཏུང་བ་རྒྱ་མཚོ་འདྲ། །ཚེ་རིང་ཉི་ཟླ་ལྟ་བུར་ནད་མེད་གཡང་། །དཔལ་འབྱོར་སྟོབས་དང་ཚེ་དབང་གཡང་ཁུག་ཅིག །ཧཱུྃ། བྱང་ཕྱོགས་གནོད་སྦྱིན་དབང་གི་ཕོ་བྲང་ནས། །ནོར་བདག་གནོད་སྦྱིན་ཆེན་པོ་ཛམ་བྷ་ལ། །ཡུམ་སྲས་འཁོར་དང་བཅས་པ་ཐམས་ཅད་ཀྱི། །ཐུགས་རྗེ་ནུས་པ་ཡོན་ཏན་མ་ལུས་ཀུན། །སྐུ་རྟེན་འདྲ་འབག་འདི་དང་དབྱེར་མེད་ཁུག །ཐུགས་བསྐྱེད་མ་གཡེལ་བསྐུལ་ལོ་མཐུ་མ་ཆུང་། །ཁུག་ཡེ་ཁུག་ཡེ་ཕྱྭ་ཁུག་གཡང་ཁུག་ཅིག །རིན་ཆེན་སྣ་ལྔ་ཆར་ལྟར་ཁྲོ་ལོ་ལོ། །དར་ཟབ་གོས་རིགས་སྤྲིན་ལྟར་ཐིབས་སེ་ཐིབ། །སྐྱེ་འགྲོ་ཕོ་མོ་ཤ་སྦྲང་བཞིན་དུ་འཚུབས། །ཆེ་བཙན་རྒྱལ་བློན་ཉེ་རིགས་བཞིན་དུ་བརྩེ། །མཁས་གྲུབ་བཤེས་གཉེན་ཉིན་བྱེད་ཟེར་ལྟར་འཁྱུད། །ཆོས་ལ་འདུན་སེམས་པདྨོ་ལྟར་བཞད་དང་། །རྐང་བཞི་དུད་འགྲོ་རྩི་ཐོག་བཞིན་དུ་བཀྲ། །བང་མཛོད་འབྲུ་རིགས་ཟད་མེད་ཆུ་གཏེར་བཞིན། །དཔའ་མཛངས་རིགས་བརྒྱུད་མུ་ཏིག་སྟར་བརྒྱུས་འདྲ། །བཟའ་བ་རི་ལྟར་བཏུང་བ་རྒྱ་མཚོ་འདྲ། །ཚེ་རིང་ཉི་ཟླ་ལྟ་བུར་ནད་མེད་གཡང་། །དཔལ་འབྱོར་སྟོབས་དང་ཚེ་དབང་གཡང་ཁུག་ཅིག །ཧཱུྃ། ཤར་ཕྱོགས་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད། །ཞི་བའི་ལས་མཛད་མགོན་པོ་ཛམ་བྷ་ལས། །དྲི་ཟའི་རྒྱལ་པོ་འཁོར་བཅས་དབང་བསྡུས་ལ། །ཆེ་བཙན་རྒྱལ་བློན་ཉེ་རིགས་བཞིན་དུ་བརྩེ། །མཁས་གྲུབ་བཤེས་གཉེན་ཉིན་བྱེད་ཟེར་ལྟར་འཁྱུད། །ཆོས་ལ་འདུན་སེམས་པདྨོ་ལྟར་བཞད་དང་། །རྐང་བཞི་དུད་འགྲོ་རྩི་ཐོག་བཞིན་དུ་བཀྲ། །བང་མཛོད་འབྲུ་རིགས་ཟད་མེད་ཆུ་གཏེར་བཞིན། །དཔའ་མཛངས་རིགས་བརྒྱུད་མུ་ཏིག་སྟར་བརྒྱུས་འདྲ། །བཟའ་བ་རི་ལྟར་བཏུང་བ་རྒྱ་མཚོ་འདྲ། །ཚེ་རིང་ཉི་ཟླ་ལྟ་བུར་ནད་མེད་གཡང་། །དཔལ་འབྱོར་སྟོབས་དང་ཚེ་དབང་གཡང་ཁུག་ཅིག །ཧཱུྃ། ནུབ་ཕྱོགས་སྣང་མཐའ་པདྨའི་ངོ་བོ་ཉིད། །དབང་གི་ལས་མཛད་མགོན་པོ་ཛམ་བྷ་ལ། །ཀླུ་དབང་རྒྱལ་པོ་འཁོར་བཅས་དབང་བསྡུས་ལ། །ནུབ་ཕྱོགས་འཇིག་རྟེན་སྲིད་པའི་ཕྱྭ་གཡང་ཀུན། །རིན་ཆེན་བྱི་རུའི་རྫས་དང་དབྱེར་མེད་བསྟིམ། །ཁུག་ཡེ་ཁུག་ཡེ་ཕྱྭ་ཁུག་གཡང་ཁུག་ཅིག །རིན་ཆེན་སྣ་ལྔ་ཆར་ལྟར་ཁྲོ་ལོ་ལོ། །དར་ཟབ་གོས་རིགས་སྤྲིན་ལྟར་ཐིབས་སེ་ཐིབ། །སྐྱེ་འགྲོ་ཕོ་མོ་ཤ་སྦྲང་བཞིན་དུ་འཚུབས། །ཆེ་བཙན་རྒྱལ་བློན་ཉེ་རིགས་བཞིན་དུ་བརྩེ། །མཁས་གྲུབ་བཤེས་གཉེན་ཉིན་བྱེད་ཟེར་ལྟར་འཁྱུད། །ཆོས་ལ་འདུན་སེམས་པདྨོ་ལྟར་བཞད་དང་། །རྐང་བཞིན་དུད་འགྲོ་རྩི་ཐོག་བཞི་དུ་བཀྲ། །བང་མཛོད་འབྲུ་རིགས་ཟད་མེད་ཆུ་གཏེར་བཞིན། །དཔའ་མཛངས་རིགས་བརྒྱུད་མུ་ཏིག་སྟར་བརྒྱུས་འདྲ། །བཟའ་བ་རི་ལྟར་བཏུང་བ་རྒྱ་མཚོ་འདྲ། །ཚེ་རིང་ཉི་ཟླ་ལྟ་བུར་ནད་མེད་གཡང་། །དཔལ་འབྱོར་སྟོབས་དང་ཚེ་དབང་གཡང་ཁུག་ཅིག །ཧཱུྃ། བྱང་ཕྱོགས་དོན་ཡོད་གྲུབ་པའི་ངོ་བོ་ཉིད། །དྲག་པོའི་ལས་མཛད་མགོན་པོ་ཛམ་བྷ་ལས། །གནོད་སྦྱིན་རྒྱལ་པོ་འཁོར་བཅས་དབང་བསྡུས་ལ། །བྱང་ཕྱོགས་འཇིག་རྟེན་སྲིད་པའི་ཕྱྭ་གཡང་ཀུན། །རིན་ཆེན་ལྕགས་སོགས་རྫས་དང་དབྱེར་མེད་བསྟིམ། །ཁུག་ཡེ་ཁུག་ཡེ་ཕྱྭ་ཁུག་གཡང་ཁུག་ཅིག །རིན་ཆེན་སྣ་ལྔ་ཆར་ལྟར་ཁྲོ་ལོ་ལོ། །དར་ཟབ་གོས་རིགས་སྤྲིན་ལྟར་ཐིབས་སེ་ཐིབ། །སྐྱེ་འགྲོ་ཕོ་མོ་ཤ་སྦྲང་བཞིན་དུ་འཚུབས། །ཆེ་བཙན་རྒྱལ་བློན་ཉེ་རིགས་བཞིན་དུ་བརྩེ། །མཁས་གྲུབ་བཤེས་གཉེན་ཉིན་བྱེད་ཟེར་ལྟར་འཁྱུད། །ཆོས་ལ་འདུན་སེམས་པདྨོ་ལྟར་བཞད་དང་། །རྐང་བཞི་དུད་འགྲོ་རྩི་ཐོག་བཞིན་དུ་བཀྲ། །བང་མཛོད་འབྲུ་རིགས་ཟད་མེད་ཆུ་གཏེར་བཞིན། །དཔའ་མཛངས་རིགས་བརྒྱུད་མུ་ཏིག་སྟར་བརྒྱུས་འདྲ། །བཟའ་བ་རི་ལྟར་བཏུང་བ་རྒྱ་མཚོ་འདྲ། །ཚེ་རིང་ཉི་ཟླ་ལྟ་བུར་ནད་མེད་གཡང་། །དཔལ་འབྱོར་སྟོབས་དང་ཚེ་དབང་གཡང་ཁུག་ཅིག །ཧཱུྃ། སྟེང་འོག་ཕྱོགས་བཅུའི་འཇིག་རྟེན་སྐྱོང་བའི་མགོན། །ཚུལ་བསྟེན་འཕགས་མཆོག་མགོན་པོ་ཛམ་བྷ་ལས། །ཟག་བཅས་ཟག་མེད་འཁོར་འདས་དཔལ་གཡངཀུན། །བསྡུས་ཏེ་རྟེན་རྫས་རྣམས་དང་དབྱེར་མེད་བསྟིམ། །ཁུག་ཡེ་ཁུག་ཡེ་ཕྱྭ་ཁུག་གཡང་ཁུག་ཅིག །རིན་ཆེན་སྣ་ལྔ་ཆར་ལྟར་ཁྲོ་ལོ་ལོ། །དར་ཟབ་གོས་རིགས་སྤྲིན་ལྟར་ཐིབས་སེ་ཐིབ། །སྐྱེ་འགྲོ་ཕོ་མོ་ཤ་སྦྲང་བཞིན་དུ་འཚུབས། །ཆེ་བཙན་རྒྱལ་བློན་ཉེ་རིགས་བཞིན་དུ་བརྩེ། །མཁས་གྲུབ་བཤེས་གཉེན་ཉིན་བྱེད་ཟེར་ལྟར་འཁྱུད། །ཆོས་ལ་འདུན་སེམས་པདྨོ་ལྟར་བཞད་དང་། །རྐང་བཞི་དུད་འགྲོ་རྩི་ཐོག་བཞིན་དུ་བཀྲ། །བང་མཛོད་འབྲུ་རིགས་ཟད་མེད་ཆུ་གཏེར་བཞིན། །དཔའ་མཛངས་རིགས་བརྒྱུད་མུ་ཏིག་སྟར་བརྒྱུས་འདྲ། །བཟའ་བ་རི་ལྟར་བཏུང་བ་རྒྱ་མཚོ་འདྲ། །ཚེ་རིང་ཉི་ཟླ་ལྟ་བུར་ནད་མེད་གཡང་། །དཔལ་འབྱོར་སྟོབས་དང་ཚེ་དབང་གཡང་ཁུག་ཅིག །ཅེས་བརྗོད་ཚར་གྲངས་ཅི་མང་དམིགས་པས་རྩིས་ཟིན་པར་བྱའོ། །དེ་ནས་ལྷག་མ་སོགས་ཆོ་གའི་མཇུག་སྐྱོང་ངོ་། །གསུམ་པ་རྗེས་ཀྱི་རིམ་པ་ལ་སྒྲུབ་ཞག་ཐ་མའི་ཉིན་ལྷག་མ་བཏང་ནས་ཐུགས་དམ་བསྐུལ་ཞིང་དངོས་གྲུབ་བླང་བར་སྒྲུབ་རྫས་དེ་མགོན་པོ་ཛམ་བྷ་ལ་དངོས་སུ་མོས་པའི་ཏིང་ངེ་འཛིན་གྱིས་དབང་བཞི་བླངས་པའམ། ཡང་ན་རྟེན་རང་གི་མགོར་བཞག་ལ་ཅི་འདོད་པའི་དངོས་གྲུབ་ཞུ་བར་མོས་ལ། ལར་རྟེན་གཏོར་སོགས་འདི་འདྲའི་རིགས་བསྒུལ་བསྐྱོད་མི་ཉན་གསུངས་པས་སྒྲུབ་པ་དངོས་ཡིན་ཚེ་རང་ལུས་ལ་བཅངས་པའམ། བང་མཛོད་ཕུགས་སུ་སྦ་བར་གསུངས་པས་གང་འདོད་བྱ། གཡང་རྟེན་དུ་བྱེད་ཚེ་རང་ངམ་ཡོན་བདག་གཙོ་བོ་ལྟ་བུའི་མགོ་བོར་བཞག་ནས་འདོད་དོན་གསོལ་འདེབས་སོགས་བགྱིས་ཀྱང་འགལ་བ་མེད་དམ་སྙམ་ལ་དུས་མིན་སྒུལ་སྐྱོད་མི་ཉན་པར་གནད་ཆེ་བར་མཐོང་བས་འདི་དང་པོ་སྒྲུབ་པའི་དུས་ཡིན། །ཕྱིས་སུ་ལོ་རེ་བཞིན་མ་ཆག་པར་དགོས་དུས་གཡང་རྫས་རྣམས་ཆེ་འཛོམས་ཆུང་འཛོམས་ཀྱིས་ཁ་གསོས་བྱེད། འབྲུ་སྣ་དང་མཆོད་གཏོར་གསར་པའང་དགོས། དེ་སྐབས་མཆོད་གཏོར་ལས་དབང་བཞི་ལེན་ཞིང་གཏོར་ཟན་ཅུང་ཟད་དངོས་གྲུབ་ཏུ་རོལ་ན་རུང་ངམ་སྙམ་མོ། །དེ་ནས་ཆད་བསྟན་རྟ་བྲོ་ཐོན་རྗེས་སུ་ཡོན་བདག་གི་ལག་ཏུ་མདའ་དར་དང་ཕྱེ་མར་གཏད་ལ་ཐམས་ཅད་ཀྱིས་འབྲུ་སྣ་མཆོད་ཅིང་འདོད་པའི་དོན་ལ་གསོལ་བ་བཏབ་ལ་བརྟན་བཞུགས་ནི། ཧཱུྃ། ཕྱྭ་གཡང་བཀྲ་ཤིས་གནས་མཆོག་འདིར། །དབང་མཛད་མགོན་པོ་ཛམ་བྷ་ལ། །མ་ལུས་འཁོར་བཅས་བརྟན་པར་བཞུགས། །ཕྱྭ་དང་གཡང་གི་དངོས་གྲུབ་སྩོལ། །སྐུ་རྟེན་འདྲ་འབག་དམ་ཚིག་རྫས། །ནོར་ལྷ་རྒྱ་མཚོ་བརྟན་པར་བཞུགས། །རིན་ཆེན་འབྲུ་ནོར་ལོངས་སྤྱོད་ལ། །ནོར་ལྷ་རྒྱ་མཚོ་བརྟན་པར་བཞུགས། །དད་འབྱོར་ལྡན་པའི་སྦྱིན་བདག་ལ། །ནོར་ལྷ་རྒྱ་མཚོས་མགོན་སྐྱོབས་མཛོད། །རྣལ་འབྱོར་མི་ནོར་ལོངས་སྤྱོད་ལ། །ནོར་ལྷ་རྒྱ་མཚོས་སྲུང་སྐྱོབས་མཛོད། །མདོར་ན་འདི་ཕྱི་དུས་ཀུན་ཏུ། །འཕགས་མཆོག་ཁྱོད་དང་འབྲལ་མེད་པའི། །ཚེ་ནོར་ཆོས་གསུམ་དཔལ་གཡང་ཀུན། །འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །ཅེས་འབྲུ་སྣ་སོགས་འཐོར་ལ་ལོ་ལྟར་གསོ་ཚེ་འདི་ན་གཡང་རྟེན་གསར་བའི་རིགས་ཕྱོགས་ཕྱོགས་སུ་འབུལ་བ་ནོར་བདག་བཞིན། །ཕྱྭ་ཐམས་ཅད་ཁུག་ཡེ་ཁུག་ཡེ། གཡང་ཐམས་ཅད་ཁུག་ཡེ་ཁུག་ཡེ། བསྡུས་བསྡུས་སརྦ་པ་ཤང་ཀུ་རུ་ཡེ་སྭཱ་ཧཱ། འཕེལ་འཕེལ་སརྦ་པུཥྟིང་ཀུ་རུ་ཡེ་སྭཱ་ཧཱ༔ ཅེས་བརྗོད་ལ་ཚོགས་དང་ཕྱེ་མར་སོགས་གཡང་རྫས་ལ་ཡོན་མཆོད་ཀུན་གྱིས་རོལ། དེ་ནས་ཕྱི་སྒོ་བསྡམ་པ་ནི། ཀྱཻ་གཡང་སྐྱོབས་ཤར་ཀྱི་སྒོ་སྲུང་ནི། །གཡང་གི་ལྷ་མོ་རྡོ་རྗེའི་རིགས། །དཀར་མོ་ཟླ་བའི་མདངས་འཛིན་མ། །ཕྱག་གཡས་མདའ་དར་ཕྱྭ་གཡང་འགུགས། །གཡོན་པ་རིན་ཆེན་རྡོ་རྗེ་བསྣམས། །ཕྱྭ་གཡང་བསྲུང་བའི་འཕྲིན་ལས་མཛོད། །ཀྱཻ་གཡང་སྐྱོབས་ལྷོ་ཡི་སྒོ་སྲུངས་ནི། །གཡང་གི་ལྷ་མོ་རིན་ཆེན་རིགས། །སེར་མོ་ཉི་མའི་མདངས་འཛིན་མ། །ཕྱག་གཡས་མདའ་དར་ཕྱྭ་གཡང་འགུགས། །གཡོན་པ་རིན་ཆེན་འབར་བ་བསྣམས། །ཕྱྭ་གཡང་བསྲུང་པའི་འཕྲིན་ལས་མཛོད། །ཀྱཻ་གཡང་སྐྱོབས་ནུབ་ཀྱི་སྒོ་སྲུང་ནི། །གཡང་གི་ལྷ་མོ་པདྨའི་རིགས། །དམར་མོ་བྱི་རུའི་མདངས་འཛིན་མ། །ཕྱག་གཡས་མདའ་དར་ཕྱྭ་གཡང་འགུགས། །གཡོན་པ་རིན་ཆེན་པདྨ་བསྣམས། །ཕྱྭ་གཡང་བསྲུང་བའི་འཕྲིན་ལས་མཛོད། །ཀྱཻ་གཡང་སྐྱོབས་བྱང་གི་སྒོ་སྲུང་ནི། །གཡང་གི་ལྷ་མོ་ལས་ཀྱི་རིགས། །ལྗང་མོ་ཨིནྡྲའི་མདངས་འཛིན་མ། །ཕྱག་གཡས་མདའ་དར་ཕྱྭ་གཡང་འགུགས། །གཡོན་པ་རིན་ཆེན་རྒྱ་གྲམ་བསྣམས། །ཕྱྭ་གཡང་བསྲུང་བའི་འཕྲིན་ལས་མཛོད། ཀྱཻ་སྒོ་བཞི་བསྲུང་མཛད་ལྷ་མོ་བཞིའི། །ཕྱག་རྒྱ་འབར་བས་རྒྱས་གདབ་པས། །གཡང་སྐྱོབས་བཀྲ་ཤིས་བརྟན་པར་མཛོད། །ཕྱི་སྒོ་བསྡམས་པས་གཡང་མ་རལ། །བར་སྒོ་བསྡམས་པས་གཡང་མ་ཉམས། །ནང་སྒོ་བསྡམས་པས་བཅུད་མ་འབོ། །སྒོ་བཞི་བསྡམས་པས་གེགས་མ་འཇུག །ཕྱྭ་གཡང་བཀྲ་ཤིས་དཔལ་དུ་འབར། །མི་མཐུན་ཕྱོགས་ལས་རྣམ་རྒྱལ་ཤོག །བཛྲ་རཏྣ་པདྨ་ཀརྨ་སྲུངས་ཤིག་རཀྵ་རཀྵཿ ཅེས་ཕྱོགས་བཞིར་རབ་ཕྱག་མཚན་བྲིས་འབུར་རམ། མི་འབྱོར་ཚེ་ཕྱེ་མར་གྱིས་སྲུང་འཛུག་གོ། དེ་ནས་བརྟན་བཞུགས་དང་ཡོན་བདག་ལ་བཀྲ་ཤིས་བརྗོད་ཅིང་མེ་ཏོག་གི་ཆར་དབབ། རྗེས་ཆོག་སླར་ཡང་མཆོད་བསྟོད་བཤགས་ཚིག་ཏིང་འཛིན་ཉམས་དང་རྫས་མ་འཚོགས། སོགས་ཡིག་བརྒྱ་དབྱངས་གསལ་རྟེན་སྙིང་བསྡུ་རིམ་བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱ། གྲངས་བསྙེན་བསྐྱལ་ཚེ་ཁ་བསྐང་སྦྱིན་སྲེག་དབུལ་བ་དང་སྤྱི་དང་ཁྱད་པར་གྱི་དམ་ཚིག་བསྲུང་བ་གལ་ཆེ་ཞིང་དེར་མཐུན་ཚོགས་དང་བསྐང་བཤགས་ཆུ་སྦྱིན་སོགས་རྣམ་དཀར་ལ་འབད་པ་གང་ཅིའི་ལག་ལེན་མ་འཆོལ་བར་བྱའོ། །ཅེས་འདི་རང་གཞུང་ཚིག་གི་ཟུར་ཙམ་ལས། །ཕྱྭ་གཡང་དངོས་གྲུབ་འགུགས་པའི་ཐབས་ཚུལ་དག །མེད་ཀྱང་དབང་བསྡུད་ཐུགས་རྗེའི་ལྕགས་ཀྱུ་ཆེས། །གང་གི་གདམས་སྐོར་རྟེན་འབྲེལ་གནད་མ་འཆུག །ཟབ་གཏེར་རིག་འཛིན་མཁའ་འགྲོའི་ཞལ་རླངས་ཀྱི། །དྲོད་མ་ཡལ་བར་སཱུརྱ་ཀཱིརྟི་ཡིས། །ཕྱྭ་གཡང་གཞན་ལས་ཁྱད་འཕགས་སྙིང་འདྲ་བའི། །གདམས་པ་ཟབ་མོའི་ཆོས་ཚུལ་འཛིན་པ་ཚོས། །ཉམས་ལེན་གསོལ་མཆོད་མ་ཆགས་བརྩོན་གྱུར་ན། །དངོས་གྲུབ་ལོངས་སྤྱོད་ཡོང་ཞེས་གནོད་སྦྱིན་ལས། །ཞལ་བཞེས་ཐོབ་གསུངས་ཡིད་བཞིན་ནོར་འདྲའི་ཆོས། །འདི་ལྟར་བདག་འདྲའི་བླུན་ཚིག་ལུང་མ་བསྟན། །མཆིང་བུའི་རིགས་ཀྱིས་དེ་འདྲར་བསྒྲིགས་འོས་མིན། །འོན་ཀྱང་རང་ཉིད་ཆོས་ལ་ཡིད་ཆེས་དང་། །དད་པ་ཐོབ་པས་བྱིན་རླབས་སྙིང་ལ་ཞུགས། །དེ་ཕྱིར་འདི་ཚུལ་དགོས་ཞེས་དད་ལྡན་པ། །གྲཱ་རིག་བསྟན་འཛིན་གྱུར་མེད་མིང་ཅན་ནས། །ལྷ་རྫས་སྐྱེམས་བཅས་བསྐུལ་ངོ་མ་ལྡོག་ཙམ། །རྩོམ་ཁྲལ་ཇི་བཞིན་བཀོད་པ་བློ་ཡིས་ནི། །གླེགས་བམ་ཞལ་ཕྱེས་སྒྲུབ་གཞུང་ལ་བལྟས་ཚེ། །འོད་དམར་ཞིག་གིས་ཁང་ཁྱིམ་ཀུན་གང་བའི། །སྣང་བ་བྱུང་ཡང་འདི་ཚུལ་ཚིག་ཟིན་ཙམ། །མེད་པའི་སྒྱིད་ལུགས་འོལ་ཚོད་ཅིག་གིས་ནི། །བཀོད་ཀྱང་བསྟན་འགྲོར་ཕན་ཐོགས་ཡོང་མིན་གྱི། །རྟེན་འབྲེལ་བརྟགས་པས་ནུབ་མོ་རྨི་ལམ་དུ། །གྲྭ་ཚང་མང་འདུ་གྲྭ་པ་འགའ་རེ་ཡིས། །དུང་དཀར་བུས་པས་སྐད་བཟང་གྲགས་པ་དང་། །ཟས་སྟོན་འགའ་ཞིག་ཟོས་པ་འཁྲུལ་སྣང་དུ། །བྱུང་བས་བསྟན་འགྲོར་ཕན་ཐོགས་ཡོང་ངམ་སྙམ། །གང་དྲན་ཚིག་གི་སྲད་བུ་འདི་འདྲ་བྱས། །ལྷ་རིགས་བན་བཙུན་སྙོམས་ལས་ཆོས་བརྒྱད་མཁན། །རིམ་གཉིས་ནུས་དྲོད་ཏིལ་ཙམ་མེད་པ་ཡི། །ནེ་ཙོ་སྨྲ་མཁས་བཞིན་དུ་ཁ་བདེ་མོས། །བླུན་ཚིག་ཤར་མར་སྤེལ་བའི་གོས་བཟང་གི། རྒྱལ་མཚན་འདི་བསྒྲུབས་ཟབ་ཆོས་ཡིད་བཞིན་ནོར། །གང་དེ་མཆོད་ཅིང་བསྐུར་བའི་འགྲོ་ཀུན་ལ། །དགོས་འདོད་དངོས་གྲུབ་ཆར་ཆེན་དབབ་པ་ཡིས། །དབུལ་བའི་སྡུག་བསྔལ་ཡོངས་སུ་སེལ་གྱུར་ཅིག །ཨྠིྀཨ་ཧོ་ངོ་མཚར་རྨད་བྱུང་ཆོས། །སཱུརྱཱ་ཀཱིརྟིའི་གདམས་ཟབ་ལས། །དམར་པོ་གསུམ་དུ་གྲགས་པ་ཡི། །ཟབ་ཁྱད་བཀའ་རྒྱ་ཅན་གྱི་གྲས། །ཛམ་ལྷ་དམར་པོའི་སྒྲུབ་ཐབས་ལས། །ཕྱྭག་གཡང་འགུགས་པའི་ཕྲིན་ལས་ཙམ། །འདི་ཉིད་ཆོས་དང་གང་ཟག་ལ། །སྙིང་ནས་དད་པ་མེད་པ་ཡི། །ཁ་གསགས་ཅན་གྱི་རང་འདོད་ལ། །ནོར་འགུགས་ཙམ་དུ་གདམས་པས་ན། །བརྟེན་ཀྱང་དངོས་གྲུབ་མེད་པའི་ཁར། །བསྲུང་མའི་བཀའ་ཆད་འབྱུང་ངོ་ཨང་། །དབང་ལུང་མེད་ཀྱང་གྲོང་ཆོག་འདོད། །བསྙེན་བསྒྲུབ་དབེན་ཀྱང་དངོས་གྲུབ་རེ། །དེ་འདྲའི་སྐྱེས་བུ་འབྱུང་སྲིད་ཚེ། །དམ་མེད་ཆམས་ལ་འབེབས་པ་ཡི། །སྲུང་མ་རྡོ་རྗེ་ལེགས་པ་དང་། །ལྷ་བཙན་འབར་བས་བཀའ་འདི་སྲུངས། །གཏེར་ཆོས་མིན་ཀྱང་དག་སྣང་ཡིན། །དག་སྣང་མིན་ཀྱང་མན་ངག་ཡིན། །མན་ངག་མིན་ཀྱང་དག་སྣང་ཡིན། །དབང་ལུང་ལྡན་པས་འདི་འབད་ཚེ། །དངོས་གྲུབ་རྣམ་གཉིས་ཨེ་མ་ཧོ། །དེ་ཕྱིར་སྤྱོད་ཤེས་གྱིས་ཤིག་ཨང་། །ཅེས་འདི་ཡང་གཅེས་ཞལ་གདམས་སུ། །འཇིགས་མེད་ཆོས་དབྱིངས་རྡོ་རྗེས་སྨྲས། །མངྒ་ལཾ། བཀྲ་ཤིས་ཤོག །ཞལ་དྲོ།། །།


previousཛཾ་དམར་ཕྱྭ་གཡང་འགུགས་པའི་འཕྲིན་ལས་དངོས་གྲུབ་རྒྱ་མཚོའི་འབྱུང་གནས།next