Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་པ།


   
   
   
   
   
   
   
   
   
   
   
ཐོད་རྒལ་ཁྲིད་ཡིག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐོད་རྒལ་ཁྲིད་ཡིགnext

ཐོད་རྒལ་ཁྲིད་ཡིག

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལས༔ ཐོད་རྒལ་བཞུགས། རིག་འཛིན་ཚེ་ཡི་ལྷ་ལ་འདུད༔ མ་འོངས་སྐལ་ལྡན་སྐྱེས་མཆོག་རྣམས༔ ཟབ་དོན་ཚེ་ཡི་རིག་འཛིན་མཆོག༔ མངོན་འགྱུར་ཟག་མེད་འོད་ཀྱི་ལུས༔ འཐོབ་ཕྱིར་ཐོད་རྒལ་འདིར་བསྟན་ནོ༔ ས་མ་ཡཱ༔ མི་མེད་འཚེ་བ་བྲལ་བའི་ལུང་༔ ཤར་རི་གཞོལ་ཞིང་ནུབ་རི་བརྡལ༔ ཉི་ཟླའི་འགྲོས་ལམ་ཡངས་པ་ལ༔ ཤིན་ཏུ་མཐོ་བའི་གནས་ཉིད་དུ༔ མཐུན་རྐྱེན་ཡོ་བྱེད་ཚོགས་པར་བསགས༔ དབང་དང་གདམས་པ་ངོ་སྤྲོད་རྣམས༔ མཚན་ཉིད་ལྡན་པའི་བླ་མར་ཞུ༔ གཞན་ཕན་བརྩེ་སེམས་ཡང་ཡང་བསྐྱེད༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ སེང་གེ་གླང་ཆེན་དྲང་སྲོང་གི༔ སྐུ་གསུམ་བཞུགས་སྟངས་གསུམ་བྱས་པས༔ སྐུ་གསུམ་ཀློང་དུ་མྱ་ངན་འདའ༔ དེ་ནས་སེམས་གནད་ཁྲེགས་ཆོད་དང་༔ སྒོ་གནད་ལྡོག་ཕབ་ཟུར་གྱིས་བལྟ༔ ཡུལ་གནད་སྤྲིན་བྲལ་མཁའ་ལ་བལྟ༔ ནང་གནད་སྒྲོན་མ་ལམ་དུ་བྱེད༔ རླུང་གནད་ཤིན་ཏུ་དལ་བར་བསླབ༔ རིག་པའི་གནད་ནི་ལུ་གུ་རྒྱུད༔ འགུལ་དང་འཕྲིག་དང་འཁྱུག་ཅིང་འགྱུ༔ དབྱིངས་ནང་བཞག་ཅིང་འབྲལ་མི་བྱ༔ དང་པོ་ཐུན་ཆུང་གྲངས་མང་བསླབ༔ དེ་ནས་ཆུ་བོའི་རྒྱུན་བཞིན་སྐྱོང་༔ མི་འགུལ་གསུམ་ལ་གཞི་བཅས་པས༔ སྡོད་པ་གསུམ་གྱི་ཚད་ཟིན་ཞིང་༔ ཐོབ་པ་གསུམ་གྱི་གཟེར་ཐེབས་ཏེ༔ རྟགས་ནི་ལུས་ངག་ཡིད་ལ་འབྱུང་༔ དང་པོ་དབྱིངས་དང་རིག་པ་ནི༔ རེས་གསལ་རེས་མི་གསལ་བ་འབྱུང་༔ དེ་ནས་དབྱིངས་རིག་ཆེར་གསལ་ཞིང་༔ ཐིག་ལེ་རྣམས་ཀྱང་གོང་དུ་འཕེལ༔ དེ་ནས་འོད་སྣང་དུམ་བུར་མཆེད༔ གྱེན་འགྲེང་རྩིབས་ཤར་མིག་མང་རིས༔ ལྕགས་ཐག་ལུག་རྒྱུད་མདུང་རྩེ་སོགས༔ འོད་ཀྱིས་རང་མདུན་ཀུན་གང་རྒྱས༔ ཐིག་ལེ་ཐིག་ཕྲན་རྣམས་ཀྱང་འཕེལ༔ དེ་ནས་དབྱིངས་ཀྱི་སྣང་བ་ལ༔ འོད་ཀྱི་དྲ་བ་ར་བ་དང་༔ མཆོད་རྟེན་རིས་དང་པདྨ་དང་༔ རྡོ་རྗེ་འམ་ནི་རིན་པོ་ཆེ༔ རལ་གྲི་ཁ་ཊྭཱཾ་འཁོར་ལོ་རིས༔ ཉ་མིག་རིས་སོགས་སྣ་ཚོགས་འཆར༔ འོད་ཀྱིས་ཡུལ་གྲུ་ཁྱབ་པ་དང་༔ ཐིག་ལེ་སྦ་ཕུབ་ཡུལ་གྲུ་ཙམ༔ དེ་ནས་འོད་དང་ཐིག་ལེ་རྣམས༔ ནམ་མཁའ་ཡོངས་སུ་ཁེངས་སྙམ་ལ༔ དབྱིངས་རིག་ཉིན་མཚན་མེད་པར་འཆར༔ དེ་དུས་ཐིག་ལེ་ཐིག་ཕྲན་དང་༔ ལུག་རྒྱུད་ནང་དུ་སྐུ་ཕྱེད་དང་༔ ཟུར་ཞལ་ཅན་དང་ཡོངས་སུ་རྫོགས༔ ཡབ་ཡུམ་ཟུང་འཇུག་འཁྲིལ་སྦྱོར་ལྡན༔ འོད་ཀྱི་ཐིག་ལེ་རེ་རེའི་ནང་༔ སྐུ་ལྔ་ཡབ་ཡུམ་རྫོགས་པར་འཆང་༔ དེ་ཚེ་རིག་པ་ཚད་ལ་ཕེབས༔ འཁྲུལ་པའི་སྣང་བ་ཟད་པའོ༔ དེ་ནས་ཉམས་སྣང་ངོ་བོར་དག༔ བྱས་པའི་ཆོས་རྣམས་ཐམས་ཅད་ཟད༔ ཟད་པ་ཟག་མེད་ཟད་སར་འཁྱོལ༔ ཆོས་ཉིད་ཟད་པ་མཚོན་ཙམ་བརྗོད༔ དང་པོ་ཆོས་ཉིད་མངོན་སུམ་གྱིས༔ ཡིད་དཔྱོད་འཛིན་པའི་སྣང་བ་ནུབ༔ གཉིས་པ་ཉམས་སྣང་གོང་འཕེལ་གྱིས༔ བར་དོའི་ཡེ་ཤེས་མངོན་དུ་བྱེད༔ གསུམ་པ་རིག་པ་ཚད་ཕེབས་ཀྱིས༔ ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན༔ བཞི་པ་ཆོས་ཉིད་ཟད་པ་ཡིས༔ རྫོགས་ཆེན་བྱ་བྲལ་འབྲས་བུ་འཐོབ༔ འདི་ལྟར་བཞི་པོ་མཐར་ཕྱིན་ན༔ མྱང་འདས་གཞན་ནས་བཙལ་དུ་མེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཟབ་པའི་སྙིང་ཏིག་འདི༔ མན་ངག་ཚིག་ཉུང་དོན་ཆེར་བསྒྲིལ༔ པདྨ་ཐོད་ཕྲེང་བདག་གིས་བཀོད༔ མ་འོངས་དུས་ཀྱི་སྙིགས་མ་ལ༔ རྩུབ་འགྱུར་བཞི་བཅུ་ཁ་རལ་དུས༔ སྦྱངས་པ་ཅན་དང་འདི་འཕྲད་ནས༔ ཟག་མེད་འོད་ཀྱི་སྐུར་གྲོལ་ཞིང་༔ བསྟན་འགྲོའི་བདེ་བ་བསྐྲུན་པར་ཤོག༔ སྲུང་མས་ཆོས་འདིའི་མེལ་ཚེ་མཛོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ཉི་མ་གྲགས་པས། གནས་མཆོག་ཆེན་པོ་ཤངས་ཀྱི་ཟབ་བུ་ལུང་ནས་གདན་དྲངས་པའོ། །མངྒ་ལཾ།


previousཐོད་རྒལ་ཁྲིད་ཡིགnext