Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
ཉོན་མོངས་པའི་བདུད་བཅོམ་པ་གཞན་ལུས་ཀྱི་རླུང་སྦྱོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཉོན་མོངས་པའི་བདུད་བཅོམ་པ་གཞན་ལུས་ཀྱི་རླུང་སྦྱོར།next

ཉོན་མོངས་པའི་བདུད་བཅོམ་པ་གཞན་ལུས་ཀྱི་རླུང་སྦྱོར།

བཀའ་རྫོགས་པ་ཆེན་པོ་ཚེ་སྒྲུབ་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ལས༔ ཉོན་མོངས་པའི་བདུད་བཅོམ་པ་གཞན་ལུས་ཀྱི་རླུང་སྦྱོར་བཞུགས༔ ཚེ་ལྷ་རིག་འཛིན་རྣམས་ལ་འདུད༔ མ་འོངས་རྗེས་འཇུག་སྐལ་ལྡན་རྣམས༔ ཉོན་མོངས་ལས་ཀྱི་བདུད་གཞོམ་ཕྱིར༔ ཐབས་ཤེས་བདེ་སྟོང་གཞན་ལུས་ཀྱིས༔ ཚེ་ཡི་རིག་འཛིན་བསྒྲུབ་པའི་ཐབས༔ ཡི་གེར་འདེབས་ནས་གཏེར་དུ་སྦ༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་སྔོན་དུ་འགྲོ་བ་དང་༔ དངོས་གཞི་རྗེས་དང་རྣམ་པ་གསུམ༔ རིམ་པར་དབྱེ་སྟེ་གསལ་བར་བཀོད༔ དང་པོ་སྔོན་དུ་འགྲོ་བ་ལ༔ ས་བཅད་རྣམ་པ་བདུན་ཡིན་ཏེ༔ གནས་དང་དུས་དང་ཡོ་བྱད་དང་༔ བརྟག་དང་འགུགས་དང་སྒྲིབ་པ་དང་༔ བློ་ཁ་སྒྱུར་དང་རྣམ་པ་བདུན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་གནས་ཀྱི་མཚན་ཉིད་ནི༔ ཤིན་ཏུ་དབེན་ཞིང་དྲོ་ལ་འཐིབ༔ ནགས་འདབས་བྲག་ཕུག་ལུང་སྟོང་ལྗོངས༔ མི་མེད་འཚེ་བ་མེད་པ་དང་༔ གཡེང་བ་བྲལ་ཞིང་གྲོང་ལས་འཕགས༔ གོང་མས་ཞབས་ཀྱིས་བཅགས་པའམ༔ དབེན་པའི་གནས་སུ་ཉམས་ལེན་འབད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དུས་ནི་རང་ལུས་གྲོལ༔ ལས་སུ་རུང་ཞིང་ཁམས་རྒྱས་པའི༔ བཅུ་དྲུག་ཉེར་ལྔ་སོ་ལྔའི་ལོ༔ རྣལ་འབྱོར་དམ་ཚིག་ལྡན་པས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་ཡོ་བྱད་ཕུན་སུམ་ཚོགས༔ ཁམས་དང་དྭངས་མ་རྒྱས་བྱེད་ཟས༔ བཅུད་ལྡན་བསྒྲུབ་ཅིང་ཁ་ཚ་རུལ༔ མ་སྨིན་ཟས་དང་སྔོ་བཙོང་སྒོག༔ རྗེན་རིགས་ཚྭ་སྒོག་གཡེར་སོགས་སྤང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཞི་པ་མཚན་ལྡན་བརྟག་པ་ནི༔ གནས་ལས་སྐྱེས་དང་ཞིང་ལས་སྐྱེས༔ སྔགས་ལས་སྐྱེས་དང་ལས་ལས་སྐྱེས༔ པདྨ་ཅན་དང་དུང་ཅན་མ༔ གླང་སྣ་མ་དང་རི་དྭགས་ཅན༔ བཅུ་དྲུག་ཉེར་ལྔའི་བར་གནས་མ༔ ལུས་དབྱིབས་ཕྲ་ཞིང་སྐད་སྙན་ལྡེམ༔ སྐྲ་སེར་བཞིན་མཛེས་སོ་འགྲིག་དཀར༔ ནུ་མ་མཁྲེག་ཅིང་ནུ་འཕྲག་དོག༔ གདོང་གཡོན་སྨད་ལ་སྨེ་བ་ཅན༔ དཀར་དམར་མདངས་སམ་སྣ་ཚོགས་མདོག༔ མཐོང་བ་ཙམ་གྱིས་ཡིད་འཕྲོག་ཅིང་༔ གཡེམ་ཆུང་གསང་ཐུབ་སྦྱོར་ལ་མཁས༔ འདོད་ཆགས་ཆེ་ལ་མིག་སེར་ཆུང་༔ འདི་ནི་རིགས་ཀྱི་རིགས་མཆོག་འཆང་༔ ཚེ་རབས་སྔ་མ་མང་པོ་ནས༔ སྨིན་གྲོལ་དྲོད་དང་གསང་དབང་ཐོབ༔ དམ་ཚིག་མཁའ་འགྲོ་བདེ་བ་ཅན༔ བླ་ན་མེད་ཅིང་མྱུར་ལམ་འཆང་༔ ཚུལ་བཞིན་བརྟག་ཅིང་ཚུལ་བཞིན་བསྟེན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྔ་པ་འགུགས་པའི་རིམ་པ་ནི༔ དེ་ལྟར་མཚན་དང་ལྡན་པའི་གྲོགས༔ ཚེ་གཅིག་མྱུར་ལམ་བགྲོད་པའི་རྟེན༔ གང་དུ་འདུག་པའི་དྲུང་དུ་ཕྱིན༔ ཆུ་ཤུལ་ས་ལ་སྔགས་འདི་བཟླས༔ དབང་དུ་འགྱུར་བ་གདོན་མི་ཟ༔ ཨཱོཾ་མུ་དྲ་པདྨ་ངྷཀྐི་ནི་ཙག་ཙག་ལོང་ལོང་༔ ཏྲི་ཁུག་ནྲི་ཁུག་པ་ཤཾ་ཀུ་རུ་སྭཱ་ཧཱ༔ ཆེ་གེ་མོ་འདི་ཞེས་བྱ་བ་དབང་དུ་སྡུས་ཤིག་སྭཱ་ཧཱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྲུག་པ་སྒྲིབ་པའི་རིམ་པ་ནི༔ སྐྱེ་བོ་ཕོ་མོའི་ཡ་ག་ལས༔ རྒྱལ་ཕྱིར་མན་ངག་འདི་ལ་བརྩོན༔ ཀུ་ཀུ་ནག་པོ་སྤུ་དཀར་མེད༔ རྨང་ཁའི་སྤུ་ལ་ཆུན་པོ་གསུམ༔ འདབ་ཆག་ཀེ་ཀེའི་དང་རུ་གཡས༔ མི་ཁྱིས་མ་འགོམས་འཇག་སོར་དགུ༔ སྔགས་གདབ་ཕྱག་རྒྱའི་མགུལ་དུ་གདགས༔ ན་མོ༔ རུ་ཊ་ཡ་ཧི་རི་མི་རི་སྭཱ་ཧཱ༔ མི་དང་མི་མིན་ཐམས་ཅད་སྒྲིབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདུན་པ་བློ་ཁ་སྒྱུར་བ་ནི༔ རྒྱུ་འབྲས་མི་རྟག་ལྷ་ཆོས་ཀྱིས༔ འཇིག་རྟེན་ཚེ་འདིའི་བློ་ཁ་བསྒྱུར༔ གསང་སྔགས་ཟབ་མོའི་སྨིན་གྲོལ་གྱིས༔ སྒོ་གསུམ་བག་ཆགས་བློ་ཁ་བསྒྱུར༔ རྩ་རླུང་མྱུར་ལམ་གདེང་བཤད་ཀྱིས༔ ལོག་ལྟ་ཐེ་ཚོམ་བློ་ཁ་བསྒྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་རིམ་པ་ལ༔ ས་བཅད་རིམ་པ་རྣམ་པ་བདུན༔ སྟ་གོན་ཆགས་པ་སློང་བ་དང་༔ སྦྱོར་དང་དབབ་དང་བསྐྱིལ་བ་དང་༔ འདྲེན་དང་ཁྲེམས་སུ་དགྲམ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྟ་གོན་རིམ་པ་ནི༔ མཚན་ལྡན་སྤོས་ཆབ་ཁྲུས་ནས་ཕྱུངས༔ དྲི་བཟང་བྱུག་ཅིང་རྒྱན་གྱིས་སྤྲས༔ ནང་ཚངས་ཅན་གྱི་གདན་སྟེང་དུ༔ ཡབ་ཡུམ་གཅེར་བུ་ཕྱེད་སྐྱིལ་འདུག༔ ཕྱི་ནང་གསང་བའི་མཚམས་རྣམས་བསྡམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་ཆགས་པ་སློང་བ་ནི༔ བལྟ་རེས་བྱ་ཞིང་ལག་བཅངས་འཁྱུད༔ ཆགས་པའི་གཏམ་ནི་སྣ་ཚོགས་བརྗོད༔ གཡའ་དགོག་སེན་འདེབས་ནུ་མ་འཕུར༔ འོ་བྱ་ལྕེ་འཇིབ་གསང་གནས་བལྟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསུམ་པ་སྦྱོར་བའི་རིམ་པ་ནི༔ རྡོ་རྗེ་པདྨ་ལས་རུང་ཚེ༔ རྡོ་རྗེ་རྡོ་རྗེ་པདྨ་པད༔ རྩེ་ལྔ་པ་དང་འདབ་བརྒྱད་པའི༔ ཧཱུྃ་སྔོན་ཕཊ་སེར་བུ་ག་བཀག༔ རྡོ་རྗེས་པདྨའི་མཐའ་ནས་བརྩོག༔ མི་བཟོད་བདེ་བ་རྒྱས་པའི་ཚེ༔ དལ་བུས་ཡུམ་གྱི་མཁའ་ལ་བསྣུན༔ དར་ཅིག་མི་སྤྱོད་མཉམ་པར་བཞག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཞི་པ་དབབ་པའི་རིམ་པ་ནི༔ དཔའ་བོ་ཡབ་ཀྱི་གནས་ལྔ་རུ༔ ཚེ་བདག་བཅོམ་ལྡན་རིགས་ལྔ་བསྒོམ༔ ཕྱག་རྒྱའི་གནས་ལྔར་ཡུམ་ལྔ་བསྒོམ༔ དལ་བུས་སྤྱོད་ཅིང་མཉམ་པར་བཞག༔ སྤྱི་བོ་བདེ་ཆེན་འཁོར་ལོ་ན༔ ཚེ་ལྷ་སྣང་མཛད་ཡབ་ཡུམ་སྦྱོར༔ བྱང་སེམས་དཀར་དམར་རྒྱུན་བབས་པས༔ སྤྱི་བོའི་རྩ་འཁོར་རབ་ཏུ་གང་༔ དེ་བཞིན་མགྲིན་པ་སྙིང་ག་དང་༔ ལྟེ་བ་གསང་གནས་རྩ་འཁོར་དུ༔ ཡབ་ཡུམ་སྙོམས་འཇུག་བྱང་སེམས་དབབ༔ བདེ་བའི་རང་བཞིན་དགའ་བ་ཆེ༔ དབབ་ཅིང་དགའ་བཞིའི་ཡེ་ཤེས་བལྟ༔ གཞན་ཡང་ཚེ་ལྷ་རིག་པ་འཛིན༔ བརྒྱུད་ལྡན་རྩ་གསུམ་རྒྱལ་བའི་ཚོགས༔ བ་སྤུའི་འོད་ཀློང་རེ་རེ་བཞིན༔ སྙོམས་འཇུག་བདེ་སྟོང་དགའ་བཞི་རྒྱས༔ བསམས་ཤིང་སྙིང་པོའི་དོན་ལ་བལྟ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྔ་པ་བསྐྱིལ་བའི་རིམ་པ་ནི༔ ཡང་སྤྱོད་ཡང་བལྟ་མཉམ་པར་བཞག༔ བདེ་བ་བདེ་ཆེན་བདེ་བའི་རྒྱལ༔ བདེ་བའི་ངོ་བོ་སྟོང་པ་ཆེ༔ བདེ་བའི་རང་མདངས་གསལ་བ་ཆེ༔ བདེ་བའི་འབྲས་བུ་མི་རྟོག་པ༔ གང་དུའང་མ་གྲུབ་མི་དམིགས་པ༔ བློ་འདས་ལྷུན་གྲུབ་གཞི་རྩ་བྲལ༔ རྣམ་པར་རྟོག་མེད་ཆོས་ཀྱི་སྐུ༔ འདི་ནི་བདེ་བ་རྡོ་རྗེ་འཆང་༔ འདི་ནི་མི་རྟོག་ཡེ་ཤེས་ཆེ༔ ཆགས་མེད་ཆགས་བྱེད་རྒྱུ་རྐྱེན་བྲལ༔ ཆོས་ཉིད་དབྱིངས་ཀྱི་ཡེ་ཤེས་དེ༔ རང་ངོར་གསལ་ཞིང་རང་ངོར་བལྟ༔ ཡུན་དུ་བརྟེན་ཞིང་ཡུན་དུ་བསྐྱིལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྲུག་པ་འདྲེན་པའི་རིམ་པ་ནི༔ དཀར་དམར་འདྲེས་པའི་བྱང་ཆུབ་སེམས༔ སྨྱུག་སྦུག་ནང་ནས་ཆུ་འདྲེན་བཞིན༔ གཅུན་ཞིང་འཁྲུལ་འཁོར་ཚགས་སུ་འཛུད༔ ཉི་ཟླ་མཁར་འཕུར་རྐང་སོར་བསྐུམ༔ གླིང་བཞི་དབང་དུ་སྡུད་པར་བྱེད༔ རོ་འཛིན་རང་མལ་དག་ཏུ་སྐྱལ༔ རྒྱ་མཚོ་རི་བོའི་ངོས་ལ་བཅར༔ ཧཱུྃ་ཧིད་ཧ་ཧེ་ཧོ་ཡིས་འདྲེན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདུན་པ་ཁྲེམས་སུ་དགྲམ་པ་ནི༔ རྡོ་རྗེ་པདྨའི་གནས་ལས་ཕྱུངས༔ སེང་གེ་བརྩེ་ཞིང་སྟག་མོའི་སྐྱུགས༔ ཝ་མོའི་སྣོམ་ཚུལ་གཡང་མོའི་སྤྲུགས༔ གྱི་ལིང་བཞི་ཕྲ་སེངྒེའི་རྩལ་སྤྲུགས་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ནི༔ ས་བཅད་རྣམ་པ་གསུམ་གྱིས་རྫོགས༔ ཡུལ་གསུམ་བརྟག་དང་དགྲ་གསུམ་སོད༔ འཇིགས་པའི་བདུད་བཞི་ཆོམས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་ཡུལ་གསུམ་བརྟག་པ་ནི༔ ཕྱི་ཡུལ་རང་ལུས་བདེ་སྟོང་འབར༔ ཐ་མལ་ལུས་སུ་ཚོར་བ་མེད༔ ནང་ཡུལ་ཡིད་ཀྱི་རྣམ་རྟོག་འགགས༔ དབུགས་ཀྱི་འགྱུ་བ་ཚོར་བ་མེད༔ གསང་ཡུལ་བདེ་སྟོང་ངོ་བོར་དག༔ ཉོན་མོངས་འདོད་ཆགས་ཚོར་བ་མེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དགྲ་གསུམ་སོད་པ་ནི༔ ཕྱི་དགྲ་གཟུང་འཛིན་རྣམ་རྟོག་དགྲ༔ ཕྱོགས་བྲལ་འཛིན་མེད་སྐྱེས་པས་བསད༔ ནང་དགྲ་ཉོན་མོངས་དུག་གསུམ་དག༔ གནས་ངན་ལེན་ཡུལ་བག་ཆགས་བསད༔ གསང་དགྲ་བདག་རྟོག་ཡེ་ཤེས་སྐུ༔ སྐྱེ་འཆིར་འཛིན་པའི་དགྲ་བོ་བསད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་བདུད་བཞི་ཆོམས་པ་ནི༔ ཡབ་ཡུམ་སྐུ་ལ་སྣང་ཞེན་བྲལ༔ ཕུང་པོའི་བདུད་ནི་དེ་དུས་ཆོམས༔ ཡེ་ཤེས་རང་བྱུང་དགའ་བྲོད་བྲལ༔ ལྷ་བུའི་བདུད་ནི་དེ་དུས་ཆོམས༔ ཐབས་ཤེས་རྡོ་རྗེ་སྐྱེ་འཆི་བྲལ༔ འཆི་བདག་བདུད་ནི་དེ་དུས་ཆོམས༔ བདེ་ཆེན་ཡེ་ཤེས་ཆོས་ཀུན་རྫོགས༔ ཉོན་མོངས་བདུད་ནི་དེ་དུས་ཆོམས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཡང་ཟབ་མྱུར་ལམ་མཆོག༔ གཞུང་བཞིན་ཉམས་སུ་བླངས་པའི་ཚེ༔ སྐལ་ལྡན་རིགས་ཀྱི་བུ་དེ་ལ༔ ཉམས་རྟོགས་ཡེ་ཤེས་དཔག་མེད་འཆར༔ སྐྱེ་འཇུག་ཆོས་ལ་རང་དབང་བསྒྱུར༔ མི་གནས་མི་འཁོར་གཡང་ས་ཆོད༔ བླ་མེད་བླ་མ་རྡོ་རྗེ་འཆང་༔ ས་གསུམ་དེད་དཔོན་རྣམ་པར་རྒྱལ༔ དེ་ཕྱིར་ཕྱི་རབས་ཉམས་སུ་ལོང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ བདག་སྤྲང་བནྦྷེ་ཉི་མ་གྲགས་པས་ཟབ་བུ་ལུང་ནས་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའོ། །


previousཉོན་མོངས་པའི་བདུད་བཅོམ་པ་གཞན་ལུས་ཀྱི་རླུང་སྦྱོར།next