Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
ཕྱག་རྡོར་ཐུགས་ཀྱི་སྒྲུབ་ཐབས་རྡོ་རྗེའི་གོ་ཁྲབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕྱག་རྡོར་ཐུགས་ཀྱི་སྒྲུབ་ཐབས་རྡོ་རྗེའི་གོ་ཁྲབ།next

ཕྱག་རྡོར་ཐུགས་ཀྱི་སྒྲུབ་ཐབས་རྡོ་རྗེའི་གོ་ཁྲབ།

ཟབ་ཆོས་པདྨ་དྲག་ཁྲོས་ལས༔ ཕྱག་རྡོར་ཐུགས་ཀྱི་སྒྲུབ་ཐབས་རྡོ་རྗེའི་གོ་ཁྲབ་བཞུགས༔ དྲག་པོ་རྩལ་ལ་ཕྱག་འཚལ་ལོ༔ མ་འོངས་དུས་ཀྱི་རྣལ་འབྱོར་པས༔ རྡོ་རྗེ་གཏུམ་པོ་བསྒྲུབ་འདོད་ན༔ གཟའ་སྐར་ཤིས་པའི་ཉི་ཁྱིམ་དུ༔ དུར་ཁྲོད་དྲག་པོའི་གནས་ཀྱི་ནང་༔ མཎྜལ་དུག་ཁྲག་ཆག་ཆག་གདབ༔ པདྨའམ་འཁོར་ལོ་རྩིབས་བཞི་མཐིང་༔ རྡོ་རྗེ་མེ་རི་དམར་སེར་བསྐོར༔ དབུས་སུ་མཉྫིའི་ཁྲིའུ་ཁར༔ ཟངས་ལྕགས་སྣོད་དམ་བྷནྡྷའི་ནང་༔ ནས་ནག་ཕྱེ་ལ་དཔལ་གཏོར་བཤམས༔ ཤ་སྣ་ཁྲག་སྣ་དག་གིས་བརྒྱན༔ རྩེ་ལ་གཏུམ་པོའི་ཙ་ཀ་ལི༔ གསེར་གྱིས་སྙིང་པོ་བྲིས་པ་གཟུག༔ མཐིང་ནག་དར་གྱི་གུར་ཡང་ཕུབ༔ གཞན་ཡང་སྨན་རག་པཱུ་ཙ་བཤམས༔ རྣལ་འབྱོར་བདེ་བའི་གདན་ལ་འདུག༔ སྐྱབས་འགྲོ་སེམས་བསྐྱེད་གཏོར་མ་བསྔོ༔ སེམས་ཉིད་སྟོང་པ་ཡི་གེ་ཧཱུྃ༔ འོད་ཟེར་སྤྲོ་བསྡུས་འོད་དུ་འཚེར༔ གནས་གྱུར་རྡོ་རྗེ་གཏུམ་པོ་ནི༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་སྡིགས་མཛུབ་ཕྱག་རྒྱ་ལ༔ དཔའ་གཏུམ་ཁྲོ་སྒེག་མེ་རླུང་འཚུབ༔ དུར་ཁྲོད་དྲག་པོའི་ཆས་རྣམས་རྫོགས༔ དབུ་སྐྲ་ཁམ་ནག་གྱེན་དུ་འབར༔ མི་བསྐྱོད་སྔོན་པོས་དབུ་ལ་བརྒྱན༔ བརྐྱང་བསྐུམ་དོར་སྟབས་བདུད་ཚོགས་མནན༔ སྣང་བའི་དབྱིངས་ན་ཁྲོ་བོའི་སྐུ༔ སྟོང་བའི་དབྱིངས་ན་དཔའ་ལ་སྒེག༔ སྣང་སྟོང་འགལ་མེད་ངང་དུ་བསྐྱེད༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ༔ ཕྱག་འཚལ་མཆོད་དང་བསྟོད་པར་བྱ༔ ཐུགས་ཀར་གསེར་གྱི་མཆོད་རྟེན་དབུས༔ ཉི་དཀྱིལ་རྡོ་རྗེ་ས་བོན་ཧཱུྃ༔ ཐ་མར་སྔགས་ཀྱི་ཕྲེང་བ་འཁོར༔ འོད་ཀྱིས་རྒྱལ་བའི་བྱིན་རླབས་བསྡུས༔ སྔགས་འབྲུ་ས་བོན་སྐུ་ལ་ཐིམ༔ དབང་དྲག་ཕྲིན་ལས་ནུས་སྟོབས་རྫོགས༔ གཟའ་ཀླུ་གདོན་བགེགས་དབང་དུ་བསྡུས༔ ཟིལ་གྱིས་མནན་ཅིང་རྡུལ་དུ་བརླགས༔ འཁོར་འདས་ཀུན་ཏུ་ཆེ་བཙན་བརྔམ༔ དྲེགས་པ་ཀུན་གྱི་གཤེད་མར་བསྒོམ༔ ཨཱོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ འབུམ་ཚོ་གཅིག་ཏུ་བཟླས་པ་ན༔ ཡི་དམ་ལྷ་ཡི་བྱིན་རླབས་འཐོབ༔ འབུམ་ཚོ་གཉིས་སུ་བཟླས་པ་ན༔ གདོན་བགེགས་འབྱུང་པོ་ཟིལ་གྱིས་གནོན༔ འབུམ་ཚོ་གསུམ་དུ་བཟླས་པ་ན༔ དགྲ་བགེགས་མ་ལུས་ཐལ་བར་བརླག༔ རྨི་ལམ་དམག་དྲངས་གཡུལ་ལས་རྒྱལ༔ གོ་གྱོན་མེ་འབར་མཚོན་ཆ་རྙེད༔ ཞལ་མཐོང་གསུང་ཐོས་ལུང་བསྟན་འཐོབ༔ ཐོག་འཚེག་འོད་འཁྱུག་རྡོ་འཁྲོག་སོགས༔ དངོས་གྲུབ་ཐོབ་རྟགས་སྣ་ཚོགས་འབྱུང་༔ དེ་ཚེ་རེ་དོགས་ཞེན་པ་ཕྲོལ༔ སྒྲུབ་རྫས་རྣམས་ལ་དབང་བཞི་ལེན༔ ཡི་དམ་ལྷ་ལ་གསོལ་བ་གཏབ༔ ཐུན་སྐབས་རྣམས་སུ་མཆོད་ཅིང་བསྟོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བསྟོད་པ་ནི༔ ཧཱུྃ༔ དབང་དྲག་ཐུགས་ཀྱི་དཀྱིལ་འཁོར་ནས༔ དྲག་པོའི་ལས་མཛད་ཁྲོ་བོའི་རྒྱལ༔ སངས་རྒྱས་ཀུན་གྱི་གསང་བ་འཛིན༔ ཕྱག་རྡོར་ཐུགས་ལ་ཕྱག་འཚལ་བསྟོད༔ སྒྲུབ་པའི་རྗེས་སོགས་གོང་དང་མཚུངས༔ དམིགས་མེད་བློ་འདས་རྫོགས་རིམ་སྐྱོང་༔ གཞན་ལ་མ་སྤེལ་རང་ཉམས་ལོང་༔ ཚེ་ཡི་བར་ཆད་གདོན་བགེགས་འཇོམས༔ དངོས་གྲུབ་མ་ལུས་འཐོབ་པར་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསང་སྒྲུབ་ཐུགས་ཀྱི་བརྣག་པ་འདི༔ ཁོ་མོས་ཤོག་སེར་ལོགས་ལ་བཏབ༔ སྤེལ་བར་ཕངས་ནས་གཏེར་དུ་སྦས༔ མ་འོངས་ལྔ་བརྒྱའི་དུས་ངན་དུས༔ ལོག་ཤེས་རྣོ་བའི་བདུད་རིགས་ཀྱིས༔ དྲག་སྒྲུབ་བཅོས་ལྷད་མང་པོ་འབྱུང་༔ ཕྱོགས་བཞི་དབུས་དང་ལྔ་པོ་རུ༔ དབང་དྲག་རྫོགས་པའི་ཆོས་སྐོར་ལྔ༔ ཁ་ཚང་དོན་འདྲིལ་མན་ངག་རྫོགས༔ སྙིང་པོའི་ནང་གི་ཡང་སྙིང་ཡིན༔ གཞན་ཡང་རྐྱང་འདེད་ཁ་འཐོར་སོགས༔ བོད་ཡུལ་ཀུན་ལ་མང་སྦས་ཀྱང་༔ འདི་ནི་ཟབ་པའི་མཐར་ཐུག་སྟེ༔ ཤར་གཏེར་རྡོ་རྗེའི་ཐ་རམ་རྒྱ༔ ཚིག་ཉུང་དོན་རྫོགས་ཟབ་ཏིག་རྒྱ༔ མན་ངག་གསང་སྒྲུབ་རྣོ་མྱུར་རྒྱ༔ དུས་ངན་ཐ་མ་རྩོད་ལྡན་དུས༔ དགེ་བྱེད་དམོད་ཅིང་སྡིག་བྱེད་བསྟོད༔ བཟང་དགུ་ནུབ་ཅིང་ངན་དགུ་དར༔ ཆོས་དང་ལུས་གོས་ཡ་མ་ཟུང་༔ ཤི་ཚད་གཤིན་འོག་འདྲེ་རུ་སྐྱེ༔ མི་དགེ་སྣ་ཚོགས་དར་བའི་དུས༔ ཐུགས་སྲས་མཆོག་གྱུར་ཀླུ་དབང་གི༔ སྐྱེ་བའི་ཐ་མར་ཉི་མ་གྲགས༔ ཟབ་གཏེར་ཆོས་དང་འཕྲད་པའི་ཚེ༔ བར་ཆད་སེལ་ཕྱིར་གཏེར་དུ་བཅོལ༔ རང་ཉམས་ལོང་ལ་གཞན་ལ་སྦོས༔ སྐལ་ལྡན་བྱུང་ན་གསང་བར་སྤེལ༔ ཚེ་འཕྲང་སེལ་ཞིང་དངོས་གྲུབ་འཐོབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སཱུརྱ་ཀཱིརྟིས་ཟབ་བུ་ལུང་ནས་ཤིང་ཡོས་ལ་སྤྱན་དྲངས་ཤིང་། ལྕགས་བྱ་ལ་ཆགས་རུ་ཕུག་ནག་བདེ་བ་ཆེན་པོའི་ཀེ་ཚང་དུ་ཤོག་སེར་ལས་བོད་ཡིག་ཏུ་བྲིས་པའོ། མངྒ་ལཾ། །


previousཕྱག་རྡོར་ཐུགས་ཀྱི་སྒྲུབ་ཐབས་རྡོ་རྗེའི་གོ་ཁྲབ།next