Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱ་ཁྱུང་བསྟོད་བསྐུལ་དྲེགས་པ་སྙིང་འབྱིན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབྱ་ཁྱུང་བསྟོད་བསྐུལ་དྲེགས་པ་སྙིང་འབྱིན།next

བྱ་ཁྱུང་བསྟོད་བསྐུལ་དྲེགས་པ་སྙིང་འབྱིན།

ཟབ་ཆོས་པདྨ་དྲག་ཁྲོས་ལས༔ བྱ་ཁྱུང་བསྟོད་བསྐུལ་དྲེགས་པ་སྙིང་འབྱིན་བཞུགས༔ དྲག་པོ་རྩལ་ལ་ཕྱག་འཚལ་ལོ༔ བདག་ཉིད་པདྨ་དྲག་རྩལ་གྱི༔ སྤྱི་བོའི་བྱ་ཁྱུང་གྷ་རུ་ཌ༔ དྲག་ཏུ་ཁྲོས་ཤིང་གཤོག་པ་བརྡབས༔ ཀྲང་ཀྲང་ཀྲིང་ཀྲིང་སྒྲ་སྒྲོག་པས༔ ཁྱུང་ལས་ཁྱུང་འཕྲོས་སྟོང་གསུམ་གང་༔ དགྲ་འདྲེ་བྱད་མ་རྦོད་གཏོང་དང་༔ ས་བདག་ཀླུ་གཉན་མ་ལུས་པ༔ ཐལ་བའི་རྡུལ་བཞིན་བརླགས་པར་བསམས༔ གཏོར་མ་བྱིན་བརླབས་སྨན་རཀ་སྦྲན༔ རོལ་མོ་འཁྲོལ་ཞིང་འདི་ལྟར་བསྐུལ༔ ཧཱུྃ་ཁྲོཾ་བྷྱོ༔ ང་ནི་པདྨ་དྲག་པོ་རྩལ༔ ཁམས་གསུམ་མ་ལུས་དབང་དུ་སྡུད༔ སྲིད་གསུམ་མ་ལུས་ཟིལ་གྱི་གནོན༔ དྲེགས་པའི་ལྷ་འདྲེ་རྡུལ་དུ་བརླག༔ སྤྲུལ་པ་བྱ་ཁྱུང་ཕོ་ཉར་འགྱེད༔ ཁྲོཾ་ལས་གྱུར་པའི་གྷ་རུ་ཌ༔ རྭ་ནི་གནམ་ལྕགས་རྡོ་རྗེའི་མཆུ༔ ལྕགས་ཀྱི་སྡེར་མོ་དུང་གི་མཆེ༔ མེ་ཡི་གཤོག་པ་སྤུ་གྲིའི་སྒྲོ༔ བྱ་ཁྱུང་རྒྱལ་པོ་གསོལ་ལོ་མཆོད༔ དེ་རིང་དྲག་པོའི་ལས་ལ་བསྐུལ༔ འབོད་དོ་བྱ་ཁྱུང་སྙན་མ་བསྲ༔ གཡབ་བོ་བྱ་ཁྱུང་སྤྱན་མ་བརྟུལ༔ བརྟེན་ནོ་བྱ་ཁྱུང་རྒྱང་མ་རིང་༔ བསྐུལ་ལོ་བྱ་ཁྱུང་བང་མ་བུལ༔ རྦད་དོ་བྱ་ཁྱུང་མཐུ་མ་ཆུང་༔ ཧཱུྃ་ཁྲོཾ་བྷྱོ༔ གནམ་ལྕགས་རྭ་གཉིས་གདེངས་པའི་ཚེ༔ ཁམས་གསུམ་ཀུན་ཀྱང་ཉིལ་ལི་ལི༔ རྡོ་རྗེའི་མཆུ་ཡི་རྐན་བརྡབས་ཚེ༔ སྟོང་གསུམ་ཀུན་ཀྱང་ཁྲག་མཚོར་འཁྱིལ༔ སྤྱན་ནས་ཁྲག་གི་རྦ་ཀློང་འཕྱོ༔ སྲིད་གསུམ་ཀུན་ཀྱང་འབོག་ཅིང་བརྒྱལ༔ ཀྲང་ཀྲང་ཀྲིང་ཀྲིང་སྒྲ་སྒྲོགས་པས༔ ཀླུ་དང་ས་བདག་སྙིང་རྩ་འདྲེན༔ ལྕགས་ཀྱི་སྡེར་མོ་བགྲད་པ་ཡིས༔ ཚངས་པ་ལྷ་ཡི་ཡུལ་ས་འཁྱོམ༔ སྤུ་གྲིའི་གཤོག་པ་བརྡབས་པ་ཡིས༔ གཟའ་ཀླུ་རྒྱལ་བསེན་གཞོབ་ཏུ་བསྲེག༔ བྱ་ཁྱུང་ལུས་ཀྱི་སྤུ་སྤྲུགས་པས༔ དྲག་མེ་རྡོ་རྗེའི་ཚ་ཚ་འཁྲུག༔ ཐུགས་དམ་བསྐུལ་ལོ་འཕྲིན་ལས་མཛོད༔ སྤྲུལ་པའི་ཁྱུང་ཆེན་དུས་ལ་བབས༔ ཀླུ་དང་ས་བདག་རྡུལ་དུ་རློག༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ས་མ་ཡཱ༔ རྒྱ༔ འདི་ལྟར་བསྐུལ་ཞིང་རྦད་པ་ཡིས༔ གཟའ་ཀླུ་ས་བདག་བཟློག་ཅིང་བསྲེག༔ གོང་དུ་བྱ་ཁྱུང་བསྙེན་སྒྲུབ་བསྐྱལ༔ དེ་ནས་ནམ་དགོས་ལས་ལ་སྦྱར༔ འཕྲིན་ལས་མ་ལུས་ཀུན་འགྲུབ་འགྱུར༔ ཅེས་སོ་ཡིད་ཀྱི་བརྣག་པ་མཛོད༔ ཤིན་ཏུ་གསང་ལ་ཚགས་དམ་གྱིས༔ འཆལ་ན་གཏེར་སྲུང་འཁུ་བཟློག་འོང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སཱུརྱ་ཀིརྟིས་ཤངས་ཟབ་བུ་ལུང་གི་བར་སྒོ་ནས་ཤིང་ཡོས་ལ་གདན་དྲངས་ཤིང་། ལྕགས་བྱ་ལ་ཤོག་སེར་ལས་ཞལ་བཤུས་པའོ།། །།མངྒཱ་ལཾ། །


previousབྱ་ཁྱུང་བསྟོད་བསྐུལ་དྲེགས་པ་སྙིང་འབྱིན།next